Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འོ་ལམ་དགུ་ཚིགས་ཀྱི་བཀོད་དབྱིབས།

Posted on 2010-12-252012-04-12 By རྔ་བ་རྒྱལ་ཁམས་པ 14 Comments on འོ་ལམ་དགུ་ཚིགས་ཀྱི་བཀོད་དབྱིབས།

རྔ་བ་རྒྱལ་ཁམས་པ།
milky_way_arms2

འོ་ལམ་དགུ་ཚིགས་ནི་དགུ་ཚིགས་རིགས་བཞིའི་ནང་ཚན། སྐོར་དཀྲིས་དགུ་ཚིགས་ཀྱི་རིགས་སུ་གཏོགས་ཤིང་། སྐོར་དཀྲིས་དགུ་ཚིགས་ཀྱི་རིགས་ནི། དབྱིབས་འོད་སྡེར་དང་འདྲ་བ། དབུས་ཀྱི་ཆ་ཤིན་ཏུ་སྟུག་པོ་དཔུང་འདབ་དག་ཕྱི་ཕྱོགས་སུ་གཅུས་འཁྱིར་བྱེད་བཞིན་ཡོད། གལ་སྲིད་ང་ཚོ་འོ་ལམ་དགུ་ཚིགས་ཀྱི་ཐོག་ལངས་ནས་མར་བལྟ་རྒྱུ་ཡིན་ན། དབྱིབས་གོར་མཐའ་ཡངས་ཀྱི་སོག་ཞྭ་གཉིས་ཁ་སྦྱར་ཞིག་གི་རྣམ་པར་སྣང་སྲིད། འོ་ལམ་དགུ་ཚིགས་ཀྱི་ཆེས་རྙིང་ཤོས་ཀྱི་སྐར་མ་དག་ནི། དགུ་ཚིགས་དེའི་དབུས་ན་ཆགས་ཤིང་སྐར་མ་ལོ་གཞོན་དང་། གསར་སྐྱེས་རིགས་དགུ་ཚིགས་ཀྱི་དབུས་ནས་བར་ཐག་ཇེ་རིང་ཇེ་རིང་དུ་འགྲོ་བཞིན་པའི་དཔུང་འདབ་དག་གི་ཐོག་ཆགས་འཇིག་བྱེད་བཞིན་ཡོད། འོ་ལམ་དགུ་ཚིགས་དེ་དགུ་ཚིགས་གཞན་ལ་ལྟོས་ན་དེ་ཙམ་རྒྱ་ཆེ་གཏིང་ཟབ་ཅིག་མིན་རུང་། ང་ཚོས་སའི་གོ་ལ་ནས་བརྩིས་པ་ཡིན་ན། འོད་ཀྱིས་ཆ་སྙོམས་ལོ་རེའི་ནང་། མ་ལེ་ཁྲག་ཁྲིག་ཆེན་པོ ༥.༨༨བར་རྒྱུ་འགྲུལ་བྱེད་ཅིང་། དེ་ནི་མ་ལེ་ས་ཡ་ས་ཡ༥.༨༨དང་། སྟོང་སྨི་ཁྲག་ཁྲིག་ཆེན་པོ༩. ༤༦ ་བར་རྒྱུ་འགྲུལ་བྱེད་བཞིན་ཡོད། དེར་བརྟེན། གལ་སྲིད་ང་ཚོ་འོད་ཀྱི་རྒྱུ་ཤུགས་དང་མཐུན་པའི་འགྲུལ་བཞུད་ཅིག་བྱེད་ཐུབ་པའི་དབང་དུ་བཏང་རུང་། འོ་ལམ་དགུ་ཚིགས་ཀྱི་ཕྱོགས་གཅིག་ནས་དེའི་ཕྱོགས་གཞན་དུ་འགྲོ་བ་ལ། མ་མཐའ་ཡང་འོད་ལོ༡༠༠༠༠༠དགོས་ངེས་ཡིན་པར་བཤད། དེ་བཞིན་འོ་ལམ་དེའི་སྟེང་ནས་འོག་གམ། ཡང་ན། འོག་ནས་སྟེང་བར་འོད་ལོ༢༠༠༠ལྷག་གི་འཐུག་རྔམས་ཡོད། ང་ཚོའི་འོ་ལམ་དགུ་ཚིགས་འདི་ཉིད་ནི། རྣམ་སྲས་ཀྱི་བང་མཛོད་ལྟར་ཆེས་ཤིན་ཏུ་རྩ་ཆེའི་དངོས་རྫས་རིགས་ཀྱིས་གཏམས་ཤིང་། དགུ་ཚིགས་དེའི་བར་གསེང་དག་ན་དགུ་ཚིགས་ཆུང་ངུ་མང་བོས་སྐོར་བ་རྒྱག་བཞིན་ཡོད། ཚན་རིག་པས་ཚོད་དཔགས་གནང་བ་ལྟར་ན། འོ་ལམ་དགུ་ཚིགས་ནང་གཟའ་སྐར་དུང་ཕྱུར་༢༠༠ནས་༥༠༠བར་ཡོད་པར་འགྲེལ་བརྗོད་བྱས་ཤིང་། དགུ་ཚིགས་ཤིན་ཏུ་རྒྱ་ཆེན་རིགས་ནི་འོ་ལམ་དགུ་ཚིགས་ལས་ལྡབ་བརྒྱས་ཆེ་བ་ཡོད་སྲིད་པར་ཆ་འཇོག་གནང་བཞིན་པ་རེད།
ང་ཚོའི་ཉི་ཁྱིམ་དེ་ཇི་ལྟར་ཆགས་པ་ཞིག་ཡིན་ནམ།

imagesca7s9pq31
ང་ཚོ་འཚོ་ཞིང་གནས་པའི་ཉི་ཁྱིམ་དེ་ཇི་ལྟར་ཆགས་པ་ཞིག་ཡིན་ནམ། ཚན་རིག་པས་འགྲེལ་བརྗོད་བྱས་པ་ལྟར་ན། ཧ་ལམ་མི་ལོ་དུང་ཕྱུར་ལྔའི་ཡར་སྔོན་དུ། ཉི་ཁྱིམ་འདི་བཞིན་འོ་ལམ་དགུ་ཚིགས་འདིའི་ངོགས་ན། རང་འཁོར་རྒྱག་བཞིན་པའི་རྡུལ་དང་། སྤྲིན་པ། དུག་རླངས་སོགས་མཉམ་འདུས་ཀྱི་གོང་བུ་ཆེན་པོ་ཞིག་རེད། ཉི་ཁྱིམ་དེ་བཞིན་ལོ་བར་མང་བོའི་རིང་འོ་ལམ་དགུ་ཚིགས་ཀྱི་ངོགས་སུ་འཁོར་མཐར། རང་གི་འཐེན་ཤུགས་ལ་བརྟེན་ནས་ཐོག་ལྡིབ་པའམ། འགའ་རེས་འགས་འཐོར་བྱས་པའི་སྐར་ཆེན་ཞིག་གིས་རྐྱེན་བྱས་པ་ཡིན་ཞེས་ཀྱང་བཤད། གང་ལྟར་བསགས་ཕུང་ཆ་ཚང་རང་གི་དབུས་ནས་ཐོག་ལྡིབ་སྟེ། འཁོར་ཚད་སྔར་ལས་ལྡབ་འགྱུར་གྱིས་ཤུགས་ཆེ་རུ་སོང་སྟབས། འོད་ལྡེར་ལྟ་བུའི་བཟོ་བཀོད་ཀྱི་རྣམ་པ་ཞིག་རིམ་གྱིས་དོད། དེའང་རང་གི་ལྗིད་ཤུགས་ལས་ཡང་ཡང་ཐོག་ལྡིབ་ཅིང་། དུག་རླངས་དང་། རྫས་རིགས། སྤྲིན་པ་སོགས་སྔར་ལྷག་རང་གི་ཕྱོགས་སུ་འཐེན། འོད་ལྡེར་ལྟ་བུའི་ཕུང་བོ་དེའི་དབུས་ཀྱི་འཐེན་ཤུགས་ཧ་ཅང་སྟོབས་ཆེན་པོར་སོང་བས། རྡུལ་ཕྲན་རྣམས་མཉམ་དུ་ཡང་ཡང་བརྡུངས་ཏེ་གཅུན་པའི་སྟོབས་ལས། རྡུལ་སྙིང་དང། རྡུལ་ཕྲན་བཞུ་བཏུལ་གྱི་སྙིང་བོ་ཚུལ་ལྡོག་བྱས་པ་མེ་རུ་འབར་བས། ཉི་མ་ཞེས་འོད་སྣང་ལྡན་པའི་སྐར་ཆེན་ཞིག་བྱུང་བ་རེད། དེ་བཞིན་འོ་མ་དཀྲུགས་པས་མར་ལོ་ཆགས་པ་ལྟར། འོད་ལྡེར་ལྟ་བུའི་ཕུང་བོ་དེ་རྒྱུན་རིང་འཁོར་བའི་ཁོར་ཡུག་ཁྲོད། རྡུལ་འདུས་ཀྱི་ཕུང་བོ་ཆེ་ཆུང་རིམ་པར་ཆགས་པས། གཟའ་ཆེན་ལྷག་པ་སོགས་ཉི་ཁྱིམ་གྱི་གཟའ་སྐར་རྣམས་རིམ་གྱིས་གྲུབ། གནམ་རིག་གི་ཤོད་ཚུལ་འདི་ལྟར་ན། ཉི་ཁྱིམ་ན་རང་དགར་འཁྱམས་བཞིན་པའི་རྒྱུ་སྐར་ཕྲ་མོ་དང་སྐར་ཕྲན་གྱི་རིགས་དང་། གཟའ་སྐར་དུ་བ་མཇུག་རིང་སོགས་ནི། ཉི་ཁྱིམ་གྲུབ་རྗེས་ལས་བྱུང་བའི་དྲ་རས་ལྟ་བུའི་རྒྱུ་རྫས་ལྷག་ལུས་རིགས་ཡིན་པར་འདོད་དོ།།
ང་ཚོའི་འོ་ལམ་དགུ་ཚིགས་ལ་ཁྱིམ་མཚེས་གང་དག་ཡོད་དམ།
012-supercls2

ང་ཚོའི་འོ་ལམ་དགུ་ཚིགས་ནི་ས་གནས་དགུ་ཚོགས་ཀྱི་ཆ་ཤས་ཤིག་ཡིན་ལ། དགུ་ཚོགས་དེ་ལ་དགུ་ཚིགས་སུམ་ཅུ་ཡོད་ཅིང་། དེ་དག་ལས་Andromedaཞེས་པ་དང་། M33ཞེས་འབོད་པ་གཉིས་ཀྱི་བཀོད་པ་འོ་ལམ་དགུ་ཚིགས་དང་ཆ་འདྲ་ལ། བོང་ཚད་ནི་དེ་ལས་ཅུང་ཆེ་བ་ཞིག་ཡིན་པར་སྙམ། དེ་བཞིན་ས་གནས་དགུ་ཚོགས་ཀྱི་ནང་Large Magellanic Cloudདང་། Small Magellanic Cloudཞེས་འབོད་པའི་སྙན་གྲགས་ཅན་གྱི་དགུ་ཚིགས་དག་ཡོད་ལ། དེ་དག་ནི་ས་གཞི་ནས་བལྟས་ན་མཐོང་ཐུབ་པའི་དགུ་ཚིགས་ཁག་རེད། ས་གནས་དགུ་ཚོགས་ཀྱི་ཕ་རོལ་ན། ས་གནས་དགུ་ཚོགས་དང་རྒྱང་ཐག་ཉེ་ཤོས་ཀྱི་དགུ་ཚོགས་ཆེན་པོVirgo Clusterཞེས་འབོད་པའི་དགུ་ཚོགས་ཡོད་པར་བཤད་ལ། ས་གནས་དགུ་ཚོགས་དང་དགུ་ཚོགས་ཆེན་པོ་གཉིས་ཀའང་། Superclusterཞེས་པའི་དགུ་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པར་གྲགས། ཚན་རིག་པས་བཤད་པ་ལྟར་ན། Superclustersརྣམས་ལྕགས་ཐག་སྤྲེལ་བ་ལྟར། མུ་འབྲེལ་དུ་ཆགས་པའི་བར་ན་དགུ་ཚིགས་སོགས་མེད་པར། བར་སྣང་སྟོང་ཁམས་ཆེན་པོ་རེས་བཅད་ཡོད་པར་བཤད། དགུ་ཚིགས་ཇི་ལྟར་འགྲུབ་སྟངས་སྐོར་ཚན་རིག་ནང་འདོད་ཚུལ་མ་འདྲ་བ་གཉིས་ཡོད། འདོད་ཚུལ་གཅིག་ནི། ཐོག་མར་ཟླུམ་པོ་ཕྱོགས་བསྡེབས་ཞེས་སྐར་ཚོགས་སྟོང་ཚོ་ཁ་ཤས་ནས། ས་ཡ་ཁ་ཤས་བར་ཆགས། ཨ་མ་དེ་ལ་གཞི་བྱས་ནས་སྟོང་ཁམས་ཀྱི་སྐར་ཚོགས་ཆུང་ངུ་རྣམས་རིམ་པར་ཕྱོགས་གཅིག་ཏུ་འདུས་པས། དགུ་ཚིགས་དང་དགུ་ཚིགས་ཕྱོགས་འདུས་ཀྱི་དགུ་ཚོགས་ཆེན་པོ་དག་བྱུང་བར་འདོད་པ་དང་། འདོད་པ་གཞན་པ་དེ་ནི། དགུ་ཚིགས་ཀྱི་བཀོད་པ་ཆེན་པོ་རྣམས་ཐོག་མར་ཆགས། དེ་ནས་སྐར་ཚོགས་ཆུང་ངུའི་རིགས་རིམ་པར་ཆགས་པ་ཞིག་ཡིན་པར་འདོད། འོན་ཏེ་འདོད་ཚུལ་དེ་གཉིས་ཀས། འཇིག་རྟེན་གྱི་ཁམས་ཆགས་ནས་རིང་བོར་མ་འགོར་བར། རྡུལ་ཕྲན་མང་བོ་གང་དུ་འདུས་པའི་ཕྱོགས། བོང་ཚད་དང་ལྗིད་ཇེ་ཆེར་ཕྱིན་པས། འཐེན་ཤུགས་ཀྱང་ཆེ་རུ་སོང་སྟེ། ཕྱོགས་མཐའི་རྡུལ་དང་། རླངས་སྤྲིན་སོགས་རང་ཕྱོགས་སུ་ངང་གིས་འཐེན་པས། ལྗིད་ཆེ་ནས་ཆེ་རུ་ཕྱིན་ཏེ་མཐར་ཤུགས་ཆེན་པོས་བསྐོར་སྟོབས་ཀྱིས་སྐར་ཚོགས་དང་། དགུ་ཚིགས་སོགས་གྲུབ་པར་འདོད་པ་ནི་གཅིག་པ་ཡིན་པར་མངོན་ནོ།། མུ་འགོད།

ཚན་རིག

Post navigation

Previous Post: རྡ་ས་མདོ་སྨད་ས་རྒྱུན་ནས་དབུས་རྒྱུན་ལ་ཞུ་ཡིག་ཟེར་བ་བཀླགས་པ།
Next Post: བགྲེས་ཡོལ་ནི་འགྲིག་རྟགས་ཅིག་རེད་འདོད།

Comments (14) on “འོ་ལམ་དགུ་ཚིགས་ཀྱི་བཀོད་དབྱིབས།”

  1. ཀླུ་སྨྱོན། says:
    2010-12-25 at 11:48 pm

    བཀའ་དྲིན་ཆེ། བདེ་སྨོན་ལས། གྲངས་མེད་འཇིག་རྟེན་འདས་པའི་ཕ་རོལ་ན། །ཞེས་གསུངས་ཡོད་པས། ནང་པ་ཚང་ཡང་རྗེས་ལུས་མ་ཐེབས་པར་ཡོད་འདུག་ག

  2. གཅན་བཟོད་རྒྱམ། says:
    2010-12-26 at 12:02 am

    ཁ་བརྡས་མཆན་བུ་ཞིབ་བཤེར་བྱེད་མགོ་བཙུགས་ཟིན་པ་འདྲ། འདི་ངས་ད་ནངས་ཞོགས་པར་ཁ་བརྡར་བཏབ་པའི་མཆན་བུ་དྲུག་པ་དེ་ཡིན།

  3. དཀོན་མཆོག says:
    2010-12-26 at 8:17 am

    མཛེས་པོ་དེ་འདྲ་དཀོན་མཆོག་གིས་བཟོས་པ་ཡིན་སྲིད།

  4. ཀརྡོ་རབ་འབྱམས་པ་ says:
    2010-12-26 at 3:07 pm

    བོད་མིའི་རང་སྐད་དུ་ཚན་རིག་བསྒྱུར་རྩལ་མཐར་ཐོན་ཡོང་བའི་རེ་བ་འདུག ཐུགས་རྗེ་ཆེ།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2010-12-27 at 11:44 pm

    མཚམ་མོར་གནམ་དུ་སྐྱ་ཆེམ་ཆེམ་ཞེས་གསལ་བ་དེ་ལ་ནུབ་ཕྱོགས་པ་དག་གིས་འོ་མའི་རྒྱ་ལམ་དང་། རྒྱ་གར་བྱང་ཕྱོགས་པས་དེ་ལ་གནམ་གྱི་གངག་ཞེས་འབོད། དེ་ཉིད་ལ་བོད་སྐད་དུ། འདིར་དགུ་ཚིགས་ཞེས་འབོད་པ་ཡིན་ནམ་སྙམ། དགུ་ཚིགས་སྐོར་ལ་རྟོག་དཔྱོད་ནི་བདག་གི་བློ་ཡུལ་ལས་འདས། འོན་ཀྱང་ང་ཆུང་ངུའི་སྐབས་སུ་གནམ་གྱི་སྒལ་ཚིགས་ཞེས་ཐོས་ཤིང་། མིའི་གཟུགས་པོའི་རྒྱབ་ཀྱི་སྒང་ལ་སྒལ་ཚིགས་ཡོད་པ་ལྟར་ནམ་མཁའ་ལ་ཡང་སྒལ་ཚིགས་ཡོད་ཅེས་འདྲ་བ་རྒྱུ་མཚན་དུ་བྱས་ནས་སྔོན་བོད་ཀྱི་མེས་པོ་དག་གིས་མིང་བཏགས་པར་བསམས། གཞན་ཡང་། ང་ཆུང་དུས་ཀྱི་མཐོང་སྣང་ལ་ཕྱི་དྲོ་དགོངས་མོར་སྒལ་ཚིགས་དེ་བྱང་ནས་ལྷོར་རྒྱུག་པ་དང་། གནམ་ལངས་ཙམ་དུ། དེ་ཉིད་ཤར་ནས་ནུབ་ཏུ་རྒྱུག་པ་ལྟ་བུ་ཞིག་ཏུ་མཐོང་། དེ་འདྲ་ཇི་ལྟར་འབྱུང་བ་དང་། གནམ་གྱི་དགུ་ཚིགས་དང་གནམ་གྱི་སྒལ་ཚིགས་ཞེས་པ་གང་འོས་ཤིང་འཚམས་པ་ཡིན་ཞེས་ དྲི་བ་འདི་ད་རང་ཉིན་དགུང་ཙམ་ལ་དྲིས་ཡོད་ཀྱང་། ལན་མ་བྱུང་བར་མེད་པར་ཕྱིན་འདུག སླར་ཡང་དྲིས་པ་ལགས་སོ། །

  6. BONPO says:
    2010-12-28 at 12:16 am

    དགུ་གཟི་གནམ་གྱི་སྐེད་རགས་ཡིན། གནམ་སྐེད་རགས་མེད་ན་སྦོ་ལུག་ཡིན། ཞེས་པའི་གཏམ་དཔེ་ཞིག་ཡོད་པའི་སྐོར་མཆན་དང་པོར་་བྲིས་ཡོད་པས། ང་ཡི་སེམས་ནང་་་གུ་གཟི་་་ཞེས་སུ་བརྗོད་འདོད་པ་ཡོད། དེ་ནི་ང་ལ་སྟོད་མངའ་རིས་ནས་ཡིན་པའི་འབྲོག་པ་བགྲེས་སོང་གཉེན་ཚན་ཡིན་པ་ཞིག་ཡོད། ཁོང་གིས་ང་རང་ཆུང་དུས་ཉལ་ཁར་སྒོ་ལ་ཁྲིད་ཞོར་གནམ་སྐར་ལ་བཤད་པ་མང་པོ་བརྒྱབ་མྱོང་བས། ཁོང་གི་ཞལ་ནས་་་གུ་གཟི་་གནམ་གྱི་སྐེད་རགས་ཡིན། གནམ་སྐེད་རགས་མེད་ན་སྦོ་ལུག་ཡིན། ཞེས་བརྗོད་པའི་ཚིག་དེ་དེང་སང་ཡང་ང་ཡི་སེམས་ལ་བསྡད་འདུག། བོད་ཡུལ་གྱི་འབྲོག་པ་ཚོས་གནམ་མཁའི་སྐར་མ་ལ་བརྟག་པ་བྱེད་རྒྱུའི་སྔ་རབས་ཀྱི་བཤད་སྲོལ་འདི། རྒྱ་དཀར་ནག་ནས་བྱུང་བ་གཅིག་ད་ཨ་ཡིན་ན་བསམ་པ་འདུག། གང་ཡིན་ཟེར་ན་དེང་སང་གི་དུས་སུ་ཡང་འབྲོག་པ་ཚོ་རྒྱ་དཀར་ནག་ལ་འབྲེལ་བ་དེ་ཙམ་མེད་པར་བསྡོད་ཐུབ་ཀྱི་ཡོད། དེས་ན་འབྲོག་པའི་གནམ་སྐར་ལྟ་སྟངས་སྐོར་ལ་ང་ཚོ་གཞོན་སྐྱེས་ཚོས་སློབ་སྦྱོང་གནང་དགོས་ས་རེད།། དེ་ནི་ང་ཚོའི་སྐར་རྩིས་ཀྱི་བྱུང་ཁུངས་ཡིན་ཟེར་ནའང་མི་འགྲིག་པ་ཨ་ཡོད་ན། ཡུལ་ལུགས་ལ་ཁུངས་གཏུག་རྒྱུ་དེ་ནི་ཤིན་དུ་གལ་ཆེན་པོ་རེད། གུ་གཟི་་་ཞེས་སུ་བརྗོད་ན་གནའ་རབས་དང་མཐུན་པར་གོ་རྒྱུ་ཆེ་བར་སེམས། གུ་ཞེས་པ་ནི་གི་གུ་ལྟ་བུ་ཐོག་ནས་མར་གུག་པ་གཅིག་ལ་གོ་བ་དང། གཟི་་་ཞེས་པ་ནི་གཟི་ཡི་དཀར་མདོག་ལྟ་བུ་ཁྲ་ཆོབ་ཆོབ་བམ་སྐྱ་ཤར་ཤར་གཅིག་ཡོད་པས་ན་གནའ་བོའི་མི་རྣམས་ཀྱིས་་་གུ་གཟི་་་ལབ་སྲོལ་བྱུང་བ་ཡིན་ནམ་སྙམ། འོན་ཀྱང་བློ་ལྡན་རྣམས་ཀྱིས་དཔྱད་པར་འཚལ།། གུ་གཟི་་་དགུ་གཟི་་་དགུ་ཚིགས་་་སྒལ་ཚིགས་་་གནམ་གྱི་སྐེད་རགས་ཡིན། གནམ་སྐེད་རགས་མེད་ན་སྦོ་ལུག་ཡིན། ཟེར་ས་དེ་་་་་གོང་དུ་བཀོད་པའི་བསྙན་པར་གཉིས་ནང་གསལ་བ་དེ་ལྡ་བུ་ཞིག་ལ་བརྗོད་ཀྱི་མེད། མཐོ་གནམ་མཁའི་དབྱིངས་རུམ་ནས་གཡས་མཐའ་དང་གཡོན་མཐའ་བར་སྐྱ་ཤར་རེ་ཁྲ་ན་རེ་ཟུག་པ་ཞིག་ཡོད། དེ་ལ་སྐེད་རགས་དཔེ་རུ་བཟུང་སྟེ། ནམ་མཁའ་སྡོམ་བྱེད་ཡིན་པའི་གནའ་གཏམ་བྱུང།
    མཆན་འདི་ཁ་སྔོན་བྲིས་ཚར་བས་འདིར་ཡང་སྐྱར་བྲིས་པ་ཡིན།

  7. རྔ་བ་རྒྱལ་ཁམས་པ། says:
    2010-12-28 at 2:38 am

    སྐུ་ཞབས་ལ་དྭགས་བློ་བཟང་འཇམ་དབྱངས་མཆོག་དང་། Bonpoགཉིས་ཕེབས་ནས་དགོངས་འཆར་གསུངས་པར་ཐུགས་རྗེ་ཆེ་ཞུ་ལགས། ངས་དབྱིན་ཇིའི་སྐད་ཀྱི་galaxyཞེས་པ་རང་རེའི་བོད་དབྱིན་ཤར་སྦྱར་གྱི་ཚིག་མཛོད་འགའ་རེར་དེ་ལྟར་བྲིས་པ་རང་སོར་བཞག་པ་ཞིག་ཡིན། འདིར་དགུ་ཚིགས་ཞེས་འབོད་རུང་མི་རུང་གི་སྐོར་ལ་རྩད་གཅོད་བྱེད་བཞིན་ཡོད། སྒལ་ཚིགས་གནམ་གྱི་སྐ་རགས་ཞེས་པ་དང་། དགུ་ཚིགས་གནམ་ཀྱི་སྐ་རགས། དེ་བཞིན་དགུ་ཚིགས་ལ་འབྲུག་མོའི་ཐལ་ལམ་ཞེས་རང་རེའི་སྲོལ་རྒྱུན་དུ་འབོད་སྲོལ་ཡོད་པ་དེ་དག་ནི། ངེས་པར་དུ་མཉམ་འཇོག་བྱེད་དགོས་པའི་གནད་དོན་ཞིག་རེད། ཁྱེད་རྣམ་པས་གཟིགས་པའི་མཁའ་དབྱིངས་ཀྱི་སྒལ་ཚིགས་དེ་དགོམ་མོ་དང་། ནམ་ལངས་ཚེ་ཕྱོགས་གཞན་ནས་གཞན་དུ་འཕོ་བཞིན་དེ་ངོ་མཚར་ཆེན་མོ་ཞིག་ཡིན་སྣང་ཤར། ཚན་རིག་གི་འགྲེལ་བརྗོད་ལྟར་ན། ཆུང་ས་ང་ཚོའི་ས་གཞི་ནས་ཆེ་ས་ཉི་ཁྱིམ་དང་། དགུ་ཚིགས། ས་གནས་དགུ་ཚོགས། དགུ་ཚོགས་ཆེན་པོ་སོགས། བར་སྣང་ན་རྟེན་པའི་ཆོས་མཐའ་དག་རང་ཉིད་གང་ལ་བརྟེན་ཡུལ་གྱི་བར་སྣང་སྟོང་དབྱིངས་དང་བཅས་པ། རང་འཁོར་རྒྱག་བཞིན་ཕྱི་ཕྱོགས་སུ་རྒྱ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་པར་འདོད་པའི་དངོས་དོན་གྱི་ཆ་རེ་ང་ཚོས་མིག་རྐྱང་གིས་མཐོང་བ་ཞིག་ཨེ་ཡིན་སྙམ་མོ།། ཁྱེད་རྣམ་པར་འདི་སྐོར་བོད་ཀྱི་སྐར་རྩིས་ལྟར་གྱི་གསུང་ཚུལ་མ་འདྲ་བ་དེ་འདྲ་ཡོད་ན། ཅིག་གསུང་རོགས་ཞུ་བ་ལགས། ང་སྐར་རྩིས་ལ་ཉམས་མྱོང་ཡག་པོ་ཞིག་མེད། དེ་རེབ་དེ་ཙམ་བྱེད། རྗེས་སོར་མཇལ་ཡོང་། ཐུགས་རྗེ་ཆེ།

  8. ཀརྡོ་རབ་འབྱམས་པ་ says:
    2010-12-28 at 5:14 am

    ད་ལྟའི་བར་འོ་ལམ་དགུ་ཚིགས་འདི་ཉིད་བསྒྱུར་མཆོག་ཏུ་གྱུར་པ་སྣང་། གཞན་ཟེར་ལུགས་རྣམས་མིང་གི་སྣང་གྲངས་སུ་བཞག་ནས། ད་སྙད་དམ་མིང་འདོགས་ཚུལ་མ་རྩོད་པར་ད་དུང་གང་མང་མང་བསྒྱུར་ཐུབ་ན། ༸གོང་ས་མཆོག་དགྱེས་པའི་མཆོད་སྤྲིན་དུའང་འགྱུར་སྲིད་པའི་ད་དུང་གང་མང་བསྒྱུར་བར་རེམས་ཤིག

  9. ཀརྡོ་རབ་འབྱམས་པ་ says:
    2010-12-28 at 6:57 am

    གྷིརིག་གི་ galaxias ག་ལག་ཟི་འི་ཨྰས་ལས་ད་ལྟའི་ཚིག་galaxy ག་ལག་ཟི་འདི་བྱུང་བ་དང་། ཨིན་ཇིའི་སྙན་དངགས་པ་ Chaucer ཅོའུ་སར་གྱིས། Milky Way མིལ་ཀི་ཝེ་ཞེས་བེད་སྤྱད་པ་དང་། གྷིརིག་རང་སྐད་དུ་ཀིག་ལོས་ ག་ལ་ཏི་ཀོས་ཞེས་པའི་ཚིག་གི་གོ་དོན་ལ་ milky circle སྟེ། འོ་ལམ་འཁོར་ལོའམ་མུ་འཁྱུད་ལ་གོ་ཞེས་བྲིས་འདུག

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2010-12-28 at 11:54 am

    ཚན་རིག་བློ་གྲོས་ཀྱི་འཇུག་པ་སྤེལ་བ་པོ། མཁྱེན་ཡངས་རྔ་པ་རྒྱལ་ཁམས་པ་མཆོག་ལ་ཞུ་བ། ལན་ལེགས་པར་བྲིས་པར་བཀའ་དྲིན་ཆེ། ཆུང་དུས་སུ་དྲི་བ་སྣ་ཚོགས་སེམས་ལ་འཆར་བ་བཞིན་དུ་ལོ་རྒས་སྐབས་དེ་ལྟར་འཆར་བ་མི་འདུག་ལ་དྲི་འདོད་ཀྱང་ཇེ་ཇེར་ཆུང་དུ་འགྲོ་བར་སྣང་། དཔེར་ན། ང་ཆུང་དུས་ལོ་བཞི་ལྔ་ཙམ་ཡིན་ནམ། དགུན་ཉི་མ་ནུབ་རིར་མ་ནུབ་གོང་བདག་གི་མ་དང་ལོ་མཉམ་མཁྱིམ་ཚེས་ཀྱི་སྐྱེས་མ་ཞིག་དང་མཉམ་དུ་ཉི་མར་དྲོ་ནས་བསྡད་སྐབས་སུ་ངས་སྐྱེས་མ་དེ་ལ་དགོངས་མོ་ཕྱི་དྲོར་ཉི་མ་དེ་ནུབ་རིར་འགྲོ སྔ་མོ་ཤར་ངོས་ཀྱི་རི་ནས་འོང་བ་འདུག མཚན་མོར་གར་འགྲོ་ཞེས་དྲི་བ་བཀོད་འདུག དེ་དུས་སྐྱེས་མ། ཨ་མ་དེས་ཅང་སྨྲ་ཤེས་པ་མ་བྱུང་། ཅི་དྲི་བ་ཡིན་ནམ་ཞེས་ཡ་མཚན་པར་བཟུང་། ཡིད་ལ་བཞག་སྟེ། རང་གི་ཁྱོ་ག་སྔོན་རི་རྫོང་དགོན་པར་ཞུགས་ཤིང་རི་རྫོང་སྲས་རིན་པོ་ཆེ་སྐུ་གོང་མ་ཁམས་ལ་ཕེབས་ནས་བོད་སྐད་ལེགས་པར་སྦྱངས་པ་སླར་ལ་དྭགས་སུ་བོད་ཀྱི་སྐད་ཡིག་ལེགས་པར་སྤེལ་བ་པོ་ནས་སྦྱངས་པ། ངའི་གྲོང་ཡུལ་ན་དེ་དུས་བོད་ཡིག་ལེགས་ཤོས་ཡིན་པ་ལ་ཕྲུ་གུ་ཆུང་ངུ་དེའི་དྲི་བ་འདི་འདྲ་འདུག་ཅེས་སྨྲས་པ་ན། ཁྱོ་ག་དེས་ལན་དུ། ཉི་མས་རི་རྒྱལ་པོ་རི་རབ་ལ་བསྐོར་བ་རྒྱབ་ཚུལ་དང་གླིང་བཞི་གླིང་ཕྲན་བཅས་བཤད་པ་དེ། རང་གི་སེམས་ལ་བཅངས་ཏེ། ཁོང་གིས་བདག་གི་མ་ལ་ལོ་རྒྱུས་དང་བཅས་པ་བཤད་པ་དེ། ལོ་བསྐོར་གཅིག་གི་རྗེས་ལ་བདག་གིས་དྲི་བ་བཀོད་པའི་སྐྱེས་མ་དེ་སྐུ་གཤེགས་ཏེ་མེད་ཀྱང་། ཁོང་གིས་བདག་གི་མ་ལ་བཤད་པ་དེ་དག་སླར་དྲིན་ཅན་མ་ལས་བདག་གིས་ཐོས་པ་དྲན། འདི་ལྟར་ཞུ་བའི་སྙིང་དོན་ནི་དྲི་བ་བྱེད་པ་རང་གཞན་གྱི་ཤེས་རིག་འཕེལ་བ་ལ་ཕན་ནོ་ཞེས་སེམས་སོ། །

  11. ལ་སྟོད་བུ། says:
    2010-12-28 at 12:20 pm

    རྔ་བ་རྒྱལ་ཁམས་པ་ལགས།
    དགུ་ཚིགས་ཞེས་བརྗོད་པ་ནི་དོན་དང་མཐུན་པར་མ་ཟད་འགྲེལ་བཤད་བྱེད་པར་ཡང་གོ་སླ་བ་ཞིག་ཡོང་གི་འདུག
    དགུ་ཚིགས་ཞེས་པ་ནི་སྤྱིར་དགུ་ཞེས་པ་ནི་མང་བའི་སྒྲ་ལ་འཇུག་པ་ནི། དཔེར་ན། མི་བྱེད་དགུ་བྱེད། མི་ཡོང་དགུ་ཡོང། མི་སྨྲ་དགུ་སྨྲ། མི་བྱུང་དགུ་བྱུང། ཞེས་པ་ལྟ་བུ་རེད། དེས་ན་འདིར་ཡང་དགུ་ཚིགས་ཞེས་པའི་སྐབས་ཀྱི་དགུ་ཞེས་པ་ནི་མང་བའི་སྒྲ་ལ་འཇུག་པ་ནི་ད་ལྟ་ས་གཞི་ནས་ང་ཚོས་མཐོང་པའི་གནམ་གྱི་དཀྱིལ་དུ་ཁྲ་ཤར་རེ་བ་དེ་ནི་སྐར་ཕྲན་བྱེ་བ་མང་པོར་ཚོགས་པའི་སྐར་མ་ཚོགས་པ་ཞིག་ཡིན་པས་དོན་དུ་སྐར་མ་མང་པོ་ཚོགས་པའི་ཕུང་པོ་ཞིག་ཡིན་པ་ནི་མཛོད་དང་ཚན་རིག་པ་གཉིས་ཀར་མཐུན་པ་ཞིག་རེད། ཚིགས་ཞེས་པ་ནི། དཔེར་ན། ང་ཚོས་ས་ཚིགས། ལ་ཚིགས། ཞེས་ཕན་ཚུན་དབྱེ་བ་སོ་སོར་ཕྱེས་པའི་དོན་ཞིག་ཡིན།
    དེ་ཡང་མི་ཡི་ལུས་ལྟ་བུར་ཆ་བཞག་ན་ཁོག་སྟོད་ཁོག་སྨད་ཅེས་ས་མཚམས་གཉིས་སུ་ཕྱེ་བ་བཞིན་གནམ་ཡང་གཡས་ཕྱོགས་གཡོན་ཕྱོགས་སུ་ཕྱེས་པའི་དོན་ཡིན་པར་སེམས། དཔེར་ན། ད་ལྟ་ང་ཚོ་ཤར་ཕྱོགས་པས་མཚན་མོར་མཐོང་པའི་ནམ་མཁའི་སྐར་མ་གནས་ཕྱོགས་དང་མེག་སི་ཁོ་་་mexico་་་་ལས་སོགས་རྒྱལ་ཁབ་འགའ་ཞིག་ཏུ་ད་ལྟའི་ང་ཚོས་ནམ་མཁའི་སྐར་མ་མཐོང་སྟངས་སམ་གནས་ཕྱོགས་མགོ་གཞུག་སློག་པའི་སྣང་ཚུལ་ཞིག་ཡོད་འདུག
    དེས་ན་འགྲེལ་ཚུལ་འདི་ལྟར་བྱེད་ན་གོ་སླ་ལ་འགྲེལ་ཆགས་པ་ཞིག་ཏུ་མཐོང། ཁ་སྐད་དུ་སྲུ་མོ་འབྲུག་མོའི་ཐགས་ཞེས་སྣམ་བུའི་ཐགས་རེད་ཅེས་ཀྱང་ཤོད་སྲོལ་འདུག

  12. རྔ་བ་རྒྱལ་ཁམས་པ། says:
    2010-12-28 at 3:58 pm

    ལ་སྟོད་བུ། ཁྱེད་ཀྱི་དགོངས་འཆར་ངས་སེམས་ན་བཟུང་ཡོད། ཡག་པོ་འདུག ད་དུང་དགུ་ཚིགས་ཞེས་པའི་སྐོར་བོད་ཀྱི་སྐར་རྩིས་ཀྱི་ནང་ཡོད་མེད་དང་། ཡོད་ན་དེ་ལ་འགྲེལ་བཤད་ཅི་ལྟར་བྱས་ཡོད་མེད་སྐོར་རྩད་གཅོད་འདྲ་གནང་ཐུབ་ན་ཕན་ཐོགས་ཡོང་ངེས་རེད་ལགས། ལ་དྭགས་བློ་བཟང་འཇམ་དཔལ་མཆོག་གིས་ལོ་རྒྱུས་སྙིང་རྗེ་བོ་ཞིག་གསུངས་འདུག ང་ཚོས་བོད་རང་གི་སྲོལ་རྒྱུན་ལྟར་གྱི་འཇིག་རྟེན་ཆགས་ཚུལ་དང་། ནང་ཆོས་ཀྱི་འཇིག་རྟེན་ཆགས་ཚུལ་སོགས། དངོས་ཁམས་ཚན་རིག་དང་ལྟོ་སྦྱར་ནས་འགྲེལ་བཤད་རྒྱག་ཐུབ་མིན་བལྟ་དགོས་པ་རེད། ངས་བསམས་པར། ནང་བའི་ཆོས་ལུགས་ཀྱིས་ཚན་རིག་དང་མཐུན་པའི་འཇིག་ཆགས་བཀོག་ཆ་ཚང་ཞིག་གནའ་ཆེས་སྔ་མོ་ཞིག་ནས་གསུངས་ཚར་འདུག་བསམ་གི་ཡོད། འདིའི་བསམ་བློ་ཡང་ཡང་གཏོང་ཁུལ་ཡིན། ད་གོང་གཉིད་རྒྱག་རན་སོང་།

  13. རྔ་བ་རྒྱལ་ཁམས་པ། says:
    2010-12-28 at 4:05 pm

    འཇིག་རྟེན་ཆགས་བཀོད། ཞེས་པར་བཅོས། འདིའི་ཐད་ཞེས་པར་བཅོས།

  14. ལེགས་བཤད། says:
    2011-04-12 at 8:12 am

    རྔ་པ་རྒྱལ་ཁམས་པ་ལགས། ནུབ་ཕྱོགས་ཚན་རིག་གི་ལྟ་ཚུལ་ལ་གཞི་བཅོལ་བའི་འཇིག་རྟེན་ཁམས་དང་དགུ་ཚིགས་ཀྱི་སྐོར་ཡག་པོ་བྲིས་འདུག མུ་མཐུད་དུ་འགོད་རོགས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme