Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདུན་ཕྲག་འདིའི་ངའི་འཕྲིན།

Posted on 2010-12-202010-12-20 By ཁ་བརྡ་ 4 Comments on བདུན་ཕྲག་འདིའི་ངའི་འཕྲིན།

tsundueབསྟན་འཛིན་བརྩོན་འགྲུས། ལུང་རིགས་རྒྱལ་གྱིས་བསྒྱུར།

བརྩེ་བའི་ཝན་ཅ་པོའོ་ལགས། ཁྱེད་རྒྱ་གར་དུ་ཕེབས་པར་ངས་དགའ་བསུ་ཞུ། ང་རྒྱལ་ཁབ་འདིའི་མི་སེར་ཞིག་མིན་ནའང་། ང་བཙན་བྱོལ་འདིར་སྐྱེས་ཤིང་འཚར་ལོངས་བྱུང་བ་ཞིག་ཡིན། རྒྱ་གར་ནི་ངས་ཤེས་པའི་ཁྱིམ་གཞིས་དེ་གཅིག་པུ་ཡིན། ང་ནི་བཙན་བྱོལ་གྱི་མི་རབས་གཉིས་པ་སྟེ། ༡༩༥༩ ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་རྗེས་སུ་འབྲངས་ཏེ་རྒྱ་ནག་གི་དྲག་པོའི་བཙན་འཛུལ་འོག་ནས་བྲོས་བྱོལ་དུ་ཡོང་མཁན་བོད་པ་བཙན་བྱོལ་བ་དེ་དག་གི་བུ་ཕྲུག་གི་གྲས་ཡིན།

སྐུ་ཉིད་ཐེངས་སྔོན་མ་སྟེ། ༢༠༠༥ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༡༠ ཉིན་རྒྱ་གར་དུ་ཕེབས་ཤིང་། ཉིད་ཀྱིས་བྷང་གྷ་ལོར་ཡོད་པའི་རྒྱ་གར་ཚན་རིག་བསྟི་གནས་ཁང་གི་ཐོག་བརྩེགས་འོག་མའི་ནང་དུ་རྒྱ་གར་གྱི་ཚན་རིག་པ་སྐོར་ཞིག་ལ་གཏམ་བཤད་གནང་ནས་མ་ཁོམ་པར་ཡོད་དུས་དེར། གློ་བུར་དུ་གསར་འགོད་པ་དག་སྒོའི་ཕྱི་ལོག་ལ་རྒྱུག་ཕྱིན་ཏེ་ཁྱེད་རང་ཚོགས་ཁང་ནང་ནས་གཡུག་བཞག་པ་རེད། སྐབས་དེར་མི་ཞིག་ཁང་བརྩེགས་དེའི་སྟེང་དུ་འཛེགས་ཏེ་བོད་རང་བཙན་གྱི་འཕྲེད་དར་ཅིག་ཕྱར་ཞིང་སྐད་འབོད་བྱེད་ཀྱིན་ཡོད། དེ་ནི་ང་ཡིན།

དེ་རིང་ངས་ཡོངས་ཁྱབ་ཀྱི་ཡི་གེ་འདི་ཁྱེད་ལ་འབྲི་གིན་ཡོད།

ལོ་ངོ་བཅུ་ཕྲག་ཕྱེད་ཀ་ཞིག་གི་སྔོན་ནས་བཟུང་ངས་རྒྱ་ནག་ཏུ་རང་དབང་ལ་དགའ་བའི་དབུ་ཁྲིད་སྐོར་ཞིག་ཡོད་པའི་གྲས་ཀྱི་གཅིག་ནི་ཁྱེད་རང་ཡིན་པ་ཤེས་ཡོད། ཉེ་ལམ་ཁྱེད་ཀྱིས་རང་དབང་དང་དམངས་གཙོའི་ཆེད་དུ་བཅོས་སྒྱུར་བྱེད་དགོས་པའི་འབོད་སྐུལ་ཞུས་པའི་བྲག་ཆ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་ཁྱབ་འདུག ཁྱེད་ལ་ད་སྔ་ནས་རང་གི་རྒྱལ་ཁབ་ནང་དུ་ཁྱེད་ཀྱི་རྗེས་སུ་སྙེག་མཁན་ཕུགས་བསམ་དང་ཤེས་ཡོན་ལྡན་པའི་རྗེས་འཇུག་པ་ཡང་འདུག

ངས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་དོན་དུ་ཞུམ་པ་མེད་པ་དང་སྙིང་སྟོབས་ཆེན་པོའི་སྒོ་ནས་ཕྱག་ལས་གནང་མཁན་རྩོམ་པ་པོ་དང་སྙན་ངག་པ། གློག་བརྙན་བཟོ་མཁན། ལས་འགུལ་བ་བཅས་ཀྱི་དཔའ་མཛངས་ཀྱི་འཐབ་རྩོད་ལ་ཡི་རངས་བྱེད་བཞིན་ཡོད། ཁོང་ཚོའི་མང་པོ་ཞིག་ནི་༼ངོ་ལོག་པ་༽དང་༼རྒྱལ་ཁབ་ཀྱི་གསང་བ་བཙོང་མཁན་༽ཡིན་པའི་ཉེས་མིང་འོག་ནས་འཛིན་བཟུང་བྱས་པ་དང་ཡང་ནས་ཡང་དུ་སྡིག་ར་སྐུལ་གྱིན་ཡོད། རྒྱ་ནག་གི་ཐོག་དང་པོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལོའུ་ཞོ་པོ་ནི་འདིའི་ཐད་ནས་རྒྱུ་སྐར་ལྟ་བུའི་དཔེ་མཚོན་ཡག་ཤོས་དེ་རེད། ཁོང་ནི་ཞི་བདེའི་དཔའ་བོ་ཞིག་རེད། ཁོང་ནི་འཛམ་གླིང་གསར་པའི་ཕོ་རྒོད་ཅིག་རེད།

སྐུ་ཞབས་ལོའུ་ཡིས་ ༡༩༨༩ ལོར་ཐོག་དང་པོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་ངོ་རྒོལ་སྐད་འབོད་བྱེད་སྐབས། ང་ནི་སློབ་ཕྲུག་ཆུང་ཆུང་ཞིག་ཡིན། ང་རང་ནི་རྒྱ་ནག་གི་སློབ་ཕྲུག་དང་དགེ་རྒན། ཤེས་ཡོན་པ། ངལ་རྩོལ་བ་བཅས་སོ་སོའི་མི་ཚེ་བློས་བཏང་སྟེ་རང་དབང་གི་འཇིག་རྟེན་ན་ཁག་ཐེག་ཏུ་ཡོད་པའི་སྨྲ་བརྗོད་རང་དབང་གི་ཆེད་དུ་འཇིག་རྟེན་ཀུན་ཁྱབ་ཀྱི་ཐོབ་ཐང་འཐོབ་པར་བཅོས་སྒྱུར་བྱ་དགོས་པའི་སྐད་འབོད་བྱེད་མཁན་དེ་དག་ལ་ཡིད་སེམས་ཤོར་ནས་འཚར་ལོངས་བྱུང་། ཁོང་ཚོས་རང་རང་གི་ཚེ་སྲོག་འབུལ་རྒྱུ་བདམས་པ་རེད། ཡིན་ཡང་ཁོང་ཚོ་ནི་སྤྱི་ཚོགས་ཀྱི་བབ་བསྟུན་དང་ཡ་མེད་ལས་འབྱུང་བའི་སྡུག་བསྔལ་དེ་ལ་ནམ་ཡང་ཞེད་མྱོང་མེད་པ་རེད།

དེང་དུས་ཀྱི་རྒྱ་ནག་གི་བྱིས་པ་འདི་དག་ནི་མ་འོངས་པའི་༼མི་དམངས་སྤྱི་མཐུན་༽དེ་ཡི་སྲུང་སྐྱོབ་པ་ངོ་མ་དག་རེད། ཁྱེད་ཚོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་ལ་མོས་བཞིན་སྤྱོད་བཞིན་དུ། ཁོང་ཚོས་ཞི་བའི་སྤྱི་ཚོགས་ཀྱི་ཀུན་ཁྱབ་རིང་བཞིན་གྱི་ཚད་གཞི་ཞིག་ལ་བསླེབས་རྒྱུའི་ལས་ཀ་མཚམས་འཇོག་བྱེད་མྱོང་མེད། སེམས་ཤུགས་ཆེ་བའི་གཞོན་སྐྱེས་འདི་དག་གིས་འཛམ་གླིང་གི་གཞོན་སྐྱེས་མི་རབས་གསར་པ་སྐོར་ཞིག་ལ་ཡང་གོ་རྟོགས་དང་སྐུལ་མ་ཆེན་པོ་བྱས་ཡོད། དེ་མ་གཏོགས་འདི་དག་གིས་རང་དབང་དང་དམངས་གཙོ་ནི་ཡོད་ཤག་དང་ཡིན་ཤག་ཅིག་ལ་མཐོང་གི་ཡོད།

འཛམ་གླིང་གིས་ཀྱང་པེ་ཅིན་གྱི་ཁྲིམས་ལུགས་སྒྲོམ་གཞི་དང་རྩ་ཁྲིམས་ཀྱི་འབྲུ་དོན་ལ་མི་འགལ་བའི་འབྱོར་ཕྱུག་ལྡན་པའི་རྒྱ་ནག་གསར་པ་ཞིག་དང་མཉམ་དུ་ཚོང་ལས་ལྷོད་པོ་ཞིག་གཉེར་ཐུབ་གི་རེད། ད་ལྟའི་ཆར། རང་དབང་གི་འཛམ་གླིང་འདི་ཡང་མིན་ན་ཁྱེད་ཚོའི་དམག་ཤུགས་ཀྱི་སྡིགས་སྐུལ་འོག་ཏུ་ཞེད་ནས་འདུག་དགོས་པ་རེད། དེ་མིན་ན་ནུབ་ཕྱོགས་ཀྱི་ཁེ་ལས་བཟོ་གྲྭ་དག་ལ་གཡོག་ལས་ཁེ་བོ་བྱས་ནས་བཙོང་སྟེ་ཐོབ་པའི་ཁྱེད་ཚོའི་དཔལ་འབྱོར་གྱི་ཁེ་ཕན་ལ་བསྟུན་དགོས་པ་རེད། ད་དུང་ལྷོ་ཕྱོགས་ཀྱི་སོག་པོ་དང་ཤར་ཏུར་ཀི་སི་ཐན། བོད་བཅས་བཙན་འཛུལ་བྱས་པའི་རྒྱལ་ཁབ་དག་གི་རང་བྱུང་ཐོན་ཁུངས་བཤུ་བཞོག་བྱས་པ་ལས་བྱུང་བའི་སྟོབས་འབྱོར་དེ་ཚོ་མ་གླེང་། བོད་ནི་རྒྱ་ནག་གི་དཀའ་རྙོག་གི་གྲུབ་ཆ་ཆེ་ཤོས་ཤིག་ཡིན།

ཁྱེད་ཀྱི་༼འབྲོག་པ་གཞིས་སྤོར་གྱིི་ལས་གཞི་༽དེའི་ནང་དུ། བོད་རིགས་འབྲོག་པ་སྟོང་ཕྲག་མང་པོས་སོ་སོའི་སྒོ་ཕྱུགས་རྟ་ནོར་ལུག་གསུམ་ཕལ་ཆེ་བ་བཙན་དབང་གི་འོག་ནས་བཙོང་དགོས་འཁེལ་ཡོད་ལ། ཁོང་ཚོ་ནི་ཙག་སྒྲའི་སྒམ་ཆུང་བསྟར་ལ་སྒྲིག་པ་ལྟ་བུའི་ཁང་ཤར་དག་གི་ནང་དུ་སྤོར་བཅུག་ཡོད་ཅིང་། དེ་ནི་དུས་རབས་གཅིག་གམ་དེའི་གོང་དུ་ཨ་རིའི་གདོད་མའི་མི་རིགས་རྣམས་དམིགས་བསལ་ས་ཁུལ་དག་ལ་སྤོར་བཅུག་པ་དང་གཅིག་མཚུངས་རེད། ལོ་རྒྱུས་ཐོག་རང་དབང་གིས་འཚོ་ཞིང་། རིག་གཞུང་ཕྱུག་པོ་དང་རྒྱུན་གནས་ཐུབ་པའི་འཚོ་བའི་ལམ་ལུགས་ཤིག་སྤོབས་པ་དང་བཅས་བརྒྱུད་དེ་ཡོང་བའི་བོད་རིགས་འབྲོག་པ་རྣམས་ཀྱིས་དེ་རིང་ཉམ་ཆུང་ངང་རང་གི་སྲོལ་རྒྱུན་གྱི་རྩྭ་ཐང་ཡངས་པོ་དེ་རུ་གཏེར་ཁ་སྔོག་པ་དང་། གནམ་གྲུ་ཐང་དང་། གཞུང་ལམ། ལྕགས་ལམ་སོགས་བཟོ་སྐྲུན་བྱེད་བཞིན་པར་ལྟ་བཞིན་དུ་བསྡད་ཡོད། འབྲོག་པའི་ཕོ་རྒོད་ཚོས་ལམ་འགྲམ་གྱི་རྒྱ་མིའི་ཟ་ཁང་ནང་དུ་སྡེར་མ་བཀྲུས་ཏེ་ཁ་གསོ་ཐབས་བྱེད་ཀྱིན་ཡོད་ལ། འབྲོག་པའི་སྨན་ཤར་བུ་མོ་ཚོ་ན་ཚོད་མ་སྨིན་ཙམ་ནས་སྨད་འཚོང་ཁང་དག་ཏུ་འགྲོ་གིན་ཡོད།

ད་ལོར་ཡུལ་ཤུལ་གྱི་སྐྱེ་དགུ་མདོར་ས་ཡོམ་བརྒྱབ་དུས། ཁྱེད་ནི་རྒྱ་ནག་གི་མགོ་ཁྲིད་དག་གི་ཁྲོད་ནས་བོད་རིགས་མང་ཚོགས་ཀྱི་དཀྱིལ་དུ་ཐོན་མཁན་ཐོག་མ་དེ་རེད། ཁྱེད་རང་གིས་དངོས་སུ་མཐོང་བ་ལྟར། ཡུལ་ཤུལ་ནི་ཨེ་ཤ་ཡའི་གཙང་བོ་གལ་ཆེན་སྐོར་ཞིག་གི་འབབ་ཡུལ་རེད། བོད་ནང་གི་གཙང་བོ་དག་རྒྱས་ཏེ་སེང་གེ་ཁ་འབབ་དང་། གླང་ཆེན་ཁ་འབབ། རྨ་བྱ་ཁ་འབབ། ཡར་ཀླུང་གཙང་བོ། འབྲི་ཆུ། རྨ་ཆུ་བཅས་ལ་འདྲེས་ཏེ། རྒྱ་ནག་དང་ལྷོ་ཨེ་ཤ་ཡའི་ནང་གི་མི་འབོར་དུང་ཕྱུར་གཅིག་དང་ཕྱེད་ཀ་ལྷག་གི་འཚོ་བར་འབྲེལ་ཡོད། ཡིན་ཡང་། གཙང་བ་དེ་དག་ནི་སོ་སོའི་འབབ་ཡུལ་གྱི་ས་ཚིགས་མང་པོ་ནས་ཆུ་མཛོད་སྐྱིལ་ཡོད་ལ། ལྷག་པར་དུ་བོད་ས་ཁུལ་བརྒྱུད་དེ་རྒྱ་གར་དུ་འབབ་ཀྱིན་པའི་ཡར་ཀླུང་གཙང་བོ་ཡང་བཀག་སྐྱིལ་གྱིས་ཆུ་མཛོད་བཟོས་ཡོད། གཙང་བོ་འདི་དག་གི་བརྒྱུད་དུ་བྱེ་ཕུང་སྤུངས་པ་དེས་ཁོ་ཚོའི་འབབ་ཕྱོགས་ལ་འགྱུར་བ་ཐེབས་ཀྱིན་ཡོད། བོད་ཀྱི་གཙང་བོ་འདི་དག་གིས་སྔར་ནས་སྡུག་བསྔལ་ཚད་མེད་སྤྲད་མྱོང་བ་ལྟར། ཆུ་ལོག་གི་གོད་ཆག་གིས་ལྷོ་ཨེ་ཤ་ཡ་དང་དེའི་མི་སེར་རྣམས་ལ་ཚད་མེད་པའི་ཤུགས་རྐྱེན་སྤྲོད་བཞིན་པ་དེ་པེ་ཅིན་གྱིས་དྲན་གི་མེད་པ་ཡིན་ནམ།

༢༠༠༨ ལོའི་བོད་ནང་གི་ཞི་བའི་གྱེན་ལངས་དེ་ནི་མི་དམངས་བཅིངས་འགྲོལ་དམག་གིས་ཡ་ང་མེད་པའི་སྒོ་ནས་དྲག་གནོན་བྱས་པ་རེད། དེང་སྐབས་བོད་ནི་རྟག་པར་འཇིགས་སྣང་དང་དོགས་ཟོན་གྱི་འོག་ཏུ་འཚོ་དགོས་པའི་དམག་སྒར་གྱིས་བཟུང་བའི་ས་ཁུལ་ཞིག་ཏུ་གྱུར་ཡོད། བོད་མི་དང་ཡུ་གུར་བ་ཚོར་སྲོག་ཆད་ག་ཚོད་བཏང་བར་མ་ལྟོས་པར། རྒྱ་ནག་ནི་དེང་སྐབས་འཇིགས་སྐུལ་རིང་ལུགས་པ་མེད་སའི་རྒྱལ་ཁབ་ཅིག་ཡིན།

ཁྱེད་དང་ཁྱེད་ཀྱི་ཚོང་དོན་སྐུ་ཚབ་རྣམས་རྒྱ་གར་ལ་གཞུང་འབྲེལ་གཟིགས་སྐོར་ལ་ཕེབས་པ་ཡིན་ནའང་། ང་ཚོ་ཕྱི་ལོག་གི་ལམ་འགྲམ་དུ་ཐོན་ཏེ་ཞི་བ་དང་དྲང་བདེན་གྱི་སྐད་འབོད་རྔམ་སྟོན་བྱེད་ཀྱི་ཡོད། ཡིན་ཡང་། སུ་ཞིག་གིས་གནམ་གྲུ་བཙན་འཁྲིད་འདྲ་བྱས་སོང་ངམ། སུ་ཞིག་གིས་འཛམ་གླིང་གི་དབུ་ཁྲིད་ཅིག་དམར་གསོད་བྱེད་པའི་ཆེད་དུ་རང་སྲོག་བློས་བཏང་གིས་འགད་རྫས་གཏོར་སོང་ངམ། ཡོད་མ་རེད།

ང་ཚོའི་ལས་འགུལ་དག་ནི་ཀུན་སྤྱོད་དང་མཐུན་ཞིང་དྲག་པོའི་ངོ་བོར་འགྲོ་གི་མེད། དེའི་རྒྱུ་མཚན་ནི་ང་ཚོས་མུ་མཐུད་ནས་འཚེ་མེད་ཞི་བ་དང་དེ་རྗེས་འཛིན་གནང་མཁན་ང་ཚོའི་དབུ་ཁྲིད་༧གོང་ས་མཆོག་ལ་ཡིད་ཆེས་བརླག་མེད་པའི་དབང་གིས་ཡིན། ཡིན་ཡང་། ཁོང་གིས་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ནས་ཚད་མཐོའི་རང་སྐྱོང་༽གི་དགོས་འདུན་བཏོན་པ་དེ་པེ་ཅིན་གྱིས་རྦད་དེ་ངོས་ལེན་བྱེད་ཀྱི་མེད། ད་ལྟ་ཁྱེད་རང་རྒྱ་གར་དུ་ཉིན་གསུམ་རིང་གི་གཟིགས་སྐོར་ལ་ཕེབས་པའི་སྐབས་དང་བསྟུན་ཏེ། ཅིའི་ཕྱིར་ཁྱེད་རང་ཁོང་དང་མཉམ་དུ་མཇལ་འཛོམས་ཀྱིས་བཀའ་མོལ་མི་གནང་བ་ཡིན་ནམ།

༡༩༦༠ རེ་གྲངས་ཀྱི་ནང་དུ་བོད་པའི་མི་རབས་རྒན་པ་དག་གིས་བོད་ཀྱི་མ་འོངས་པའི་ཐད་ལ་སེམས་ཁྲལ་གནང་བའི་དུས་སྐབས་ཤིག་བྱུང་བ་རེད། དེ་རིང་བོད་པའི་འཐབ་རྩོད་དེ་བོད་ཕྱི་ནང་གི་གཞོན་སྐྱེས་དག་གིས་སྣེ་འཁྲིད་ཀྱིན་ཡོད། ང་ཚོས་བཙན་བྱོལ་དུ་རང་གི་སྲིད་བློན་དང་གྲོས་ཚོགས་འཐུས་མི་ ༤༤ ལོ་རྗེས་མར་འོས་འདེམ་བྱེད་ཀྱིན་ཡོད། རྒྱལ་སྤྱིའི་འབྲེལ་གཏུགས་བརྒྱུད་དེ་ཤེས་ཡོན་དང་ལག་རྩལ། དཔལ་འབྱོར་བཅས་ཚད་མཐོན་པོར་སླེབ་མཁན་བོད་རིགས་གཞོན་སྐྱེས་རྣམས་ནི་སོ་སོའི་མི་རིགས་ཀྱི་འདུ་ཤེས་སྔར་ལས་ཀྱང་བརྟན་པོའི་སྒོ་ནས་འཚར་བཞིན་ཡོད། དོན་དངོས་ཐོག་བཤད་ན་ཡང་། ང་ཚོ་ནི་རྒྱལ་ཁབ་གང་གི་མི་སེར་ཡང་མིན་ལ། ངེས་གཏན་མེད་པར་འཚོ་བཞིན་ཡོད། ང་ཚོར་མཚོན་ན་འཐབ་རྩོད་ནི་ང་ཚོའི་ཕ་མ་དང་སྤོ་སྨོ་དག་གི་རིང་ལས་ཀྱང་གལ་ཆེན་ཆགས་བསྡད་ཡོད། དེར་བརྟེན། གཞོན་སྐྱེས་དག་གི་ཁྲོད་དུ་རང་བཙན་གྱི་དགོས་འདུན་ནི་ཇེ་ཆེར་འགྲོ་གིན་ཡོད། ཉེ་ཆར་བོད་ནང་གི་ཤེས་ཡོན་སྲིད་བྱུས་བརྗེ་བོ་བརྒྱབ་དུས་བོད་ཡིག་གི་སློབ་དེབ་ཀྱི་ཚབ་ཏུ་རྒྱ་ཡིག་བཞག་སོང་། འདིས་ང་ཚོར་སྔར་ལས་ཀྱང་ལྷག་པར། རང་བཙན་ཁོ་ནས་ད་གཟོད་ང་ཚོའི་མི་རིགས་དང་རྒྱལ་ཁབ་སྲུང་སྐྱོབ་བྱེད་ཐུབ་པའི་བསམ་བློ་གཅིག་གྱུར་བཟོས། མི་ལོ་ ༦༠ རིང་གི་རྒྱ་དཀར་ནག་གི་འབྲེལ་བ་ནི་རྒྱ་ནག་གིས་བོད་བཙན་བཟུང་བྱས་ཏེ་མི་ལོ་ ༦༠ ཕྱིན་པའི་གནས་བབ་དེ་རེད།

སྐུ་ཞབས་སྲིད་བློན་མཆོག སྐུ་ཉིད་ནི་ ༢༠༡༢ ལོར་བགྲེས་ཡོལ་ལ་ཕེབས་གིན་ཡོད་པ་རེད། ཁྱེད་ཚོ་རྒྱ་མི་ལ་བཤད་རྒྱུན་ཞིག་ཡོད་པ་སྟེ། “ren zhi jian si qi yan ye shan ” ༼འཆི་ཁའི་མི་ཡིས་སྐད་ཆ་དྲང་མོར་བཤད་གི་རེད།༽ ཟེར་སྲོལ་ཡོད་པ་རེད། ད་ནི་རྒྱ་ནག་མི་དམངས་ཀྱི་མངོན་འདོད་ངོ་མ་དེ་བཤད་པའི་དུས་རེད། ད་ལྟའི་ཆར་ཁྱེད་ལས་ལྷག་ཅིག་སུ་གཅིག་གིས་དེ་ལྟར་སྒྲུབ་ཐུབ་གི་མ་རེད། སྐུ་ཞབས་སྲིད་བློན་ལགས།

བསྟན་འཛིན་བརྩོན་འགྲུས་ཀྱིས། ༢༠༡༠ ལོའི་ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན། ངྷ་རམ་ས་ལ་ནས།

བསྒྱུར་མཁན་གྱི་མཆན། འདིའི་ནང་དུ་འགྱུར་མི་དག་པ་དང་དོགས་པ་ཡོད་ཚེ། ཁོང་གི་མ་རྩོམ་ལ་གཟིགས་རོགས། མ་རྩོམ་ནི་ ཧིན་ཌུ་སི་ཐན་དུས་བབ་ ནང་བཀོད་འདུག

འགྱུར་རྩོམ།

Post navigation

Previous Post: རྒྱལ་དར་མི་དགོས་ན། སྐྱབས་བཅོལ་ཡང་མིན་ཟེར་ན་འགྲིག་གི་རེད།
Next Post: བོད་ལ་ལོག་རྒྱུའི་གོ་སྐབས་ཤིག་ཤར་ན། ཡིན་དང་ཡིན་ང་བོད་ལ་ལོག་རྒྱུ་ཡིན།

Comments (4) on “བདུན་ཕྲག་འདིའི་ངའི་འཕྲིན།”

  1. ཆོས་འཕེལ། says:
    2010-12-20 at 2:43 pm

    གཤམ་གྱི་མཆན་བུ་འདི་ནི་༼བོད་ཀྱི་དུས་བབ་༽དྲ་ཚིགས་ནས་བཤུས་པ་ཡིན།

    འདྲེ་རིག་ལྡན།
    ༢༠༡༠/༡༢/༢༠ ཉིན་འདོན་སྤེལ་བྱས།

    སྲིད་བློན་ཝིན་ཅ་པའོ་ལགས། བསྟན་འཛིན་བརྩོན་འགྲུས་ཁྱོད་ཚོ་དམར་པོ་གཞུང་གི་འོག་ནས་འཚར་ལོངས་བྱུང་བ་མིན་ཡང་། ཁོས་བོད་ཡིག་གཏན་ནས་མི་ཤེས། འདི་ཡང་ཁྱོད་ཚོའི་ནོར་འཁྲུལ་རེད།

    གོར་མོ་ནས་ལྷ་སའི་བར་གྱི་མེ་འཁོར་ལྕགས་ལམ་བཟོ་དུས། བཙན་བྱོལ་བོད་གཞུང་གིས་”བོད་ནང་གི་ལྕགས་ལམ་དང་པོ་”ཞེས་འཛམ་གླིང་ཡོངས་སུ་ངོ་རྒོལ་སྐད་འབོད་བྱས་ནས། ད་ལྟའི་བོད་རང་སྐྱོང་ལྗོངས་མ་ཡིན་པའི་བོད་ཀྱི་ས་ཁུལ་ཚང་མ་རྒྱ་ནག་ལ་ཕུལ་སོང་། འདི་ཡང་ཁྱོད་ཚོའི་ནོར་འཁྲུལ་ཡིན།

    དེང་སང་༡༩༦༠ ནང་ནས་བཟུང་མེ་འཁོར་ལྕགས་ལམ་ཡོད་པའི་མཚོ་སྔོན་ཞིང་ཆེན་ནང་དུ། ཤེས་ཡོན་སྲིད་ཇུས་གསར་པ་ངོ་སྤྲོད་བྱེད་རྒྱུ་བསྒྲགས་པ་ན། བཙན་བྱོལ་ནང་ནས་”མཚོ་སྔོན་ཞིང་ཆེན་”སླར་ཡང་བོད་དུ་གྱུར་སོང་། འདི་ཡང་ཁྱོད་ཚོའི་ནོར་འཁྲུལ་རེད།

    མཚོ་སྔོན་ཞིང་ཆེན་ཕུད་པའི་བོད་ཀྱི་ས་ཁུལ་(བོད་རང་སྐྱོང་ལྗོངས་ཚུད་པའི་བོད་ཀྱི་ས་གནས་ཁག་) གཞན་དག་ཏུ་བོད་ཀྱི་སྐད་ཡིག་མ་གཏོགས་སློབ་ཚན་གཞན་དག་ཡོད་ཚད་རྒྱ་ཡིག་ཐོག་ཁྲིད་ནས་ད་ལྟའི་བར་དུ་མི་ལོ ༢༠ (པན་ཆེན་སྐུ་ཕྲེང་བཅུ་པ་དགོངས་པ་རྫོགས་པ་ནས་)ཙམ་འགོར་བཞིན་ཡོད། ས་ཁུལ་ཁག་ཅིག་ཏུ་བོད་ཡིག་གཏན་ནས་ཁྲིད་མྱོང་མེད། བཙན་བྱོལ་བོད་གཞུང་གིས་ཀྱང་མི་ལོ་༥༠ རིང་ལ་སྲིད་ཇུས་འདི་ལག་བསྟར་བྱས་དང་བྱེད་བཞིན་ཡོད། འདི་ཡང་ཁྱོད་ཚོའི་ནོར་འཁྲུལ་རེད།

    ང་ཚོའི་ནོར་འཁྲུལ་ཚང་མ་ཁྱོད་ཚོའི་ནོར་འཁྲུལ་ཡིན།

  2. ཨོ་ལོ། says:
    2010-12-20 at 10:51 pm

    བསྟན་འཛིན་བརྩོན་འགྲུབ་ལགས་ངས་དུས་རྒྱུན་དུ་ཁྱོད་ལ་ཡིད་སྨོན་བྱེད་ཀྱི་ཡོད། ཁྱེད་ནི་དེང་རབས་ཀྱི་སློབ་སྦྱོང་ཡོད་པར་མ་ཟད་རང་མི་རིགས་ཀྱི་ལ་རྒྱ་སྙིང་ལ་བཅངས་ཤིང་ཇི་སྲིད་རང་དབང་གི་བདེན་པའི་ཉི་མ་མ་ཤར་བར་དེ་སྲིད་དུ་སེམས་ཀྱི་དམ་བཅའ་དམར་པོ་མཚོན་ཕྱིར་རས་དམར་པོ་དེང་ཡང་ཁྱོད་ཀྱི་དབུ་ཐོད་དུ་གནས་ངེས། བོད་རང་བཙན་ནི་བོད་པ་རྒན་གཞོན་དང་། སྐྱེ་ཕོ་མོ། རིགས་མཐོ་དམན་དབྱེར་མེད་ཚང་མར་དགོས་པ་ཞིག་ཡིན་ཡང་། རང་བཙན་རྩོད་རྒྱུའི་འགན་ནི་ཁྱོད་གཅིག་པུའི་སྟེང་དུ་འཁྲི་པ་ཡིན།

  3. ཀརྡོ་རབ་འབྱམས་པ་ says:
    2010-12-21 at 3:37 am

    ཨོ་ལོ་ལགས། བོད་རིགས་ནང་ལ་རིགས་མཐོ་དམན་ཡོད་སྟངས་དེ་གསལ་བཤད་ཅིག་གནོངས་དང་།

  4. ཀརྡོ་རབ་འབྱམས་པ་ says:
    2010-12-21 at 3:48 am

    འཆི་ཁའི་མི་ཡིས་སྐད་ཆ་དྲང་མོ་ཤོད་བགྱིད་ཡོད་པ་བདེན་ན་ཡང་། ཧུ་དང་ཝེན་ཅའོ་གཉིས་ནི་ང་ཚོའི་རེ་བར་ཤི་ཚར་བའི་མི་མ་རེད་དམ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme