Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྒོ་འབྱེད་པ་དང་རྒྱལ་ཞེན་པ། བྷ་བྷུ་མཐར་ཕྱིན་ལགས་སུ་བཅར་འདྲི།

Posted on 2010-12-202010-12-20 By ཁ་བརྡ་ 7 Comments on སྒོ་འབྱེད་པ་དང་རྒྱལ་ཞེན་པ། བྷ་བྷུ་མཐར་ཕྱིན་ལགས་སུ་བཅར་འདྲི།

123(ཕྱི་ལོ་༡༩༧༥ལོའི་བོད་གནས་བསྐྱར་ཞིབ་སྟེང་བཀོད།)
བཅར་འདྲི་བྱེད་མཁན། ཟླ་བ་ནོར་བུ།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་བསྒྱུར།

དང་པོ།
ཁྱེད་རང་སྒོ་འབྱེད་པ་ཞིག་ལ་མཚོན་ན། “ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་”འདི་ཐོག་མར་འདོན་དུས། དཀའ་ངལ་མང་པོ་འཕྲད་སོང་ངམ།
ལན། རེད། དཀའ་ངལ་མང་པོ་འཕྲད་སོང་། ཡིན་ན་ཡང་། ང་དེ་ཚོར་དགའ་སྣང་ཡོད། ངས་ཐོག་མར་བོད་ཡིག་གི་གསར་འགྱུར་འདོན་དུས། རྗེས་སུ་སོ་སོ་སྒེར་ངོས་ནས་བོད་ཡིག་གི་ཚགས་པར་འདོན་མཁན་བལ་བོའི་གྲོགས་པོ་ཞིག་གིས། “ག་རེ་བྱས་ནས་ཁྱེད་ཀྱིས་དངུལ་འཕྲོ་བརླག་ལ་གཏོང་གི་ཡོད་དམ། འདི་ལ་མ་འོངས་བ་ཡོད་མ་རེད།” ཞེས་སྨྲས་བྱུང་། འོན་ཀྱང་། ཕྱི་ལོ་༡༩༢༥ལོའི་ཟླ་བཅུ་བའི་ནང་། ཐོག་དང་པོར་ངས་ཚགས་པར་གྲངས་ལྔ་བཅུ་ཙམ་དཔར་བཏབ་ནས་ལྷ་སར་ཡོད་པའི་རང་གི་གྲོགས་པོ་ཚོར་བསྐུར་བ་ཡིན། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ལ་ཡང་བསྐུར་བ་ཡིན། ཁོང་ཧ་ཅང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་འདུག ཁོང་གིས་ང་ལ་འཕྲིན་ཡིག་ཞིག་དང་མཉམ་དུ་ཐུགས་རྗེ་ཆེ་མཚོན་པའི་ལེགས་རྟགས་འགའ་བསྐུར་འདུག་པ་མ་ཟད། མུ་མཐུད་ནས་ཚགས་པར་འདོན་དགོས་བའི་སྐུལ་མ་གནང་འདུག

གཉིས་པ།
བོད་ཐོག་སྤེལ་བའི་ཚགས་པར་དེ་དང་འབྲེལ་ནས། ཁྱེད་རང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དང་འབྲེལ་འདྲིས་གཏིང་ཟབ་བྱུང་ཡོད་པ་རེད། དེས་ན། ཁྱེད་རང་གི་ངོས་ནས་ཁོང་ལ་ལྟ་སྟངས་དང་ཁོང་གི་བྱས་རྗེས་གཙོ་བོ་ཅི་ཞིག་རེད་བསམ་གི་འདུག
ལན། ཁོང་ནི་ཧ་ཅང་སྒམ་ཚུགས་ཅན་ཞིག་རེད། ཁྱེད་རང་ཕྱི་རྒྱལ་བ་ཞིག་ཡིན་པའི་དབང་དུ་བཏང་རུང་། ཁོང་གི་གདོང་ལ་ཐད་ཀར་བལྟ་ཐུབ་གི་མ་རེད། དབྱིན་ཇིའི་ལས་བྱེད་ཚོར་ཉམས་མྱོང་འདི་གཅིག་མཚུངས་སུ་བྱུང་ཡོད་པ་རེད། ཁོང་ནི་ཧ་ཅང་གཟི་བརྗིད་ཅན་དང་ངར་མ། སྐྱེས་བ་ནས་བཀའ་གཏོང་མཁན། ད་དུང་བློ་གྲོས་ཅན་ཞིག་ཀྱང་རེད། ཁོང་གི་བྱས་རྗེས་གཙོ་བོ་ནི། བོད་ལ་འགྱུར་བ་ཞིག་ངེས་པར་གཏོང་དགོས་བར་འདོད་པ་དང་བོད་འདི་གཞན་འོག་ལ་ཤོར་རྒྱུའི་ཉེན་ཁ་ཡོད་པ་སོགས་ངོས་འཛིན་གསལ་བོ་ཐུབ་པ་དེ་ཡིན་ཞིང་། ཁོང་གིས་སྐུ་ཚེ་ཧྲིལ་བོར། བོད་འདི་དེང་རབས་ཅན་གྱི་ཕྱོགས་སུ་འཁྲིད་པ་དང་བོད་འདི་རྒྱ་ནག་འོག་ནས་ཐར་སྟེ་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་བྱེད་རྒྱུར་འབད་བརྩོན་གནང་བ་རེད། ཁོང་ལ་རྒྱ་ནག་དང་ཞི་འགྲིག་བྱེད་འདོད་ཡོད་མོད། རྒྱ་ནག་གི་འོག་ཏུ་སྡོད་འདོད་མེད་པ་རེད། ད་ལྟའི་ཏཱ་ལའི་བླ་མ་ཡང་སྐུ་སྔོན་མའི་བཏིངས་བའི་ལམ་ཐིག་འདིའི་སྒང་དུ་སྙེག་འདོད་ཡོད་པ་འདྲ་ཞིག་འདུག

གསུམ།
རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས། ཁྱེད་ཀྱིས་ཚགས་པར་རྩོམ་སྒྲིག་བྱེད་སྟངས་ལ་འགྱུར་བ་བཏང་ཡོད་དམ།
ལན། ངས་འགྱུར་བ་གཏོང་དགོས་བྱུང་བ་རེད། ཨ་རིའི་ཚགས་ཤོག་ཞིག་གིས། ངའི་ལས་ཀ་དེར་ མོའོ་དང་མི་གཅིག་གི་དམག་འཐབ་ཞེས་འགྲེལ་བཤད་བརྒྱབ་འདུག ངའི་རྩོམ་སྒྲིག་དང་རྩོམ་ཡིག་གི་ནང་དུ། ངས་རྟག་པར་བོད་ཀྱི་ལོ་རྒྱུས་གཞིར་བཞག་ཐོག། གཙོ་བོ་བོད་ཀྱི་ཆོས་རྒྱལ་ཚོའི་སྐོར་བཤད་ནས་བོད་རང་བཙན་ཡིན་པ་ཁུངས་སྐྱེལ་ཡོད་པའི་སྐོར་བྲིས། རྒྱ་ནག་གི་བོད་འདི་རྗེས་ལུས་རེད་ཟེར་ནས་བརྗོད་ཀྱི་ཡོད་པ་རེད། ངའི་རྩོམ་དེ་ཚོའི་ནང་དུ། བོད་རྗེས་ལུས་མིན་པ་མ་ཟད་དེ་ལ་དཔལ་ཡོན་ཡར་ཐོན་ཤུགས་ཆེན་བྱུང་བ། དེ་ལ་ཆ་ཚང་འཛོམས་ཡོད་པ་སོགས་བྲིས་བ་རེད། ངས་ལྷ་སའི་སྐུ་དྲག་ཚོ་རྒྱ་ནག་གི་བསླུ་བྲིད་སྐོར་ཉེན་བརྡ་བཏང་བ་ཡིན། འོན་ཀྱང་། ཁོང་ཚོས་ཉན་མ་སོང། རྒྱ་ནག་དམར་ཤོག་ཚོགས་པ་དེ་ཡང་ཧ་ཅང་སྤྱང་པོ་ཡོད་པ་རེད། ཕྱི་ལོ་༡༩༥༠ལོའི་ཡས་མས་སུ། བཀའ་ལོན་སྦུག་ཏུ་ཁོང་ཚོར་ཚོང་དོན་ཚོགས་པ་ཡོད་རེད་ལ། ཁོང་ཚོས་ང་འགུག་ཐབས་ཀྱི་ཐབས་ཤེས་སྣ་ཚོགས་འཐེན་པ་རེད། སྐབས་ཤིག་ལ་བོད་པའི་སྐུ་དྲག་ཞིག་གིས་ལག་ཏུ་ལེགས་སྐྱེས་འགའ་བསྣམས་ནས་ངའི་རྩར་བཏང་འདུག ཁོང་གིས་ང་ལ། “གལ་སྲིད་ངས་ཚགས་པར་གྱི་རྩོམ་ཡིག་ཁག་ཏུ་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་གནས་ཚུལ་སོགས་མ་བཀོད་པར། དེའི་ཚབ་ལ་བོད་ནང་དུ་རྒྱ་ནག་གིས་ཡར་རྒྱས་བཏང་བ་རྣམས་བཀོད་པ་ཡིན་ན། ཁོང་ཚོས་ངའི་ཚགས་པར་འདོན་ཐེངས་རེ་རེ་ནས་གྲངས་ལྔ་བརྒྱ་རེ་མངགས་ཉོ་བྱེད་རྒྱུ་ཡིན་པ་མ་ཟད། ད་དུང་ངའི་ལས་ཀ་ལ་དཔལ་འབྱོར་གྱི་དཀའ་ངལ་མ་འཕྲད་པའི་ཁག་ཐེག་བྱེད་གི་ཡིན”་ལབ་འདུག འོན་ཀྱང་། ངས་ཁས་ལེན་བྱས་མེད།tharchin
བཞི།
ཁྱེད་ཀྱིས་སྐུ་ཚེ་ཧྲིལ་བོར་བོད་ཀྱི་སྐད་ཡིག་དང་འབྲེལ་བ་བྱས་ནས་བསྡད་པ་རེད། སྐུ་ཉིད་ཀྱི་བསམ་པར་བོད་ཡིག་ལ་དེང་རབས་ཀྱི་དགོས་མཁོ་དང་བསྟུན་པའི་བཅོས་བསྒྱུར་ཞིག་གཏོང་དགོས་རེད་འདོད་དམ།
ལན། རེད། ད་ཕན་བཅོས་བསྒྱུར་དེ་འདྲ་བྱས་ཡོད་པ་མ་རེད། ཡིན་ན་ཡང་། ཡང་ནས་ཡང་དུ། ང་འགྱུར་བ་གསར་བའི་རིགས་དང་འབྲེལ་བའི་མིང་ཚིག་དེ་འདྲར་ཐུག་གི་འདུག འོན་ཀྱང་། ངས་བསམ་ན་བོད་ཡིག་ལ་བཅོས་བསྒྱུར་གཏོང་དགོས་མི་འདུག གལ་སྲིད་བརྗོད་པའི་དོན་དག་དེ་སྟོན་ཐུབ་གི་ཡོད་ན་འགྲིག་གི་རེད་། ལོ་ཁ་ཤས་ཀྱི་གོང་དུ། འབྲུག་གི་སྲིད་བློན་འདས་པོ་འཇིགས་མེད་རྡོ་རྗེ་ནས་བོད་ཡིག་གི་བརྡ་སྤྲོད་དང་དག་ཆའི་སྐོར་ལ་བཅོས་བསྒྱུར་ཞིག་གཏོང་རྩིས་བྱས་བ་རེད། ཚང་མ་སྐད་དང་བསྟུན་ནས་འབྲི་སྲོལ་བྱས་བ་རེད། ཁོང་གིས་རྒྱལ་བོའི་མོས་མཐུན་ལ་མ་བསྟུན་པར། འབྲུག་ཡུལ་གྱི་སློབ་གྲ་ཁག་གི་ཀློག་དེབ་ལ་བཅོས་བསྒྱུར་དེ་གཏོང་དགོས་བའི་བཀའ་བཏང་བ་རེད། འཇིགས་མེད་རྡོ་རྗེས་ངས་ཁོང་གི་བྱེད་སྟངས་དེར་བཟོད་སྒོམ་བྱེད་མི་ཐུབ་པ་མ་ཟད་དེབ་རྣམས་དཔར་བསྐྲུན་གྱི་མཐུན་གྲོགས་ཀྱང་མི་སྦྱར་བ་མཁྱེན་གི་ཡོད་རེད། ཀློག་དེབ་གསར་བ་དེ་དག་དཔར་ཁང་ཆུང་ཆུང་ཞིག་ནས་དཔར་བསྐྲུན་བྱས་འདུག ཀློག་དེབ་གསར་བ་དེའི་འདྲ་བཤུས་ཤིག་རྒྱལ་བོ་ལ་སྤྱན་འབུལ་བྱས་བ་རེད། རྒྱལ་བོ་ཧ་ཅང་ཐུགས་ཁྲོས་བ་མ་ཟད་རབ་བྱུང་བ་རྣམས་ཀྱང་ཁོང་ཁྲོ་ལངས་འདུག རྒྱལ་བོས་ཀློག་དེབ་གསར་པ་དེ་ཚོ་རྩ་མེད་བཟོ་བའི་བཀའ་བཏང་འདུག དེ་ལ་བརྟེན་ནས། པར་ཁང་རང་དུ་ཀློག་དེབ་སྟོང་ཕྲག་བཅུ་མེ་བསྲེགས་བཏང་འདུག

ལྔ་བ།
མཐའ་མ་དེར། ངས་ཁྱེད་རང་སྒེར་དང་འབྲེལ་བའི་དྲི་བ་ཞིག་བཏང་ཆོག་གམ། ངའི་མཐོང་སྣང་ལ། བོད་མི་ཞིག་ཡེ་ཤུ་བ་ཆགས་ན་། ཁོང་བོད་པའི་སྤྱི་ཚོགས་ནང་ཁེར་རྐྱང་ལྟ་བུ་ཆགས་འགྲོ་གི་འདུག འོན་ཀྱང་། ཁྱེད་ཀྱིས་བོད་པའི་སྤྱི་ཚོགས་ཁྲོད་དོན་དང་ལྡན་པའི་གནས་བབ་ཞིག་འཛིན་ཐུབ་ཡོད་པ་མ་ཟད་ཁྱེད་རང་ཡེ་ཤུ་བ་ཞིག་ཡིན་པ་དེས་ཁྱེད་དང་བོད་མི་ཚོའི་འབྲེལ་ལམ་ལ་ཡང་ཤུགས་རྐྱེན་ཡོད་ངེས། དེ་ག་འདྲ་རེད་དམ།
ལན། ངའི་མི་ཚེ་ཧྲིལ་བོར། ངས་ཡེ་ཤུ་མ་ཤུ་ཀས་གང་གསུངས་བ་དེ་ཉམས་ལེན་བྱེད་ཐབས་ལ་འབད་པ་ཡིན། ངས་ཆང་མི་འཐུང་། ངས་ཐ་མག་མི་འཐེན། ངས་རྫུན་མི་བཤད། ངས་གཞན་ལ་མགོ་སྐོར་མི་གཏོང་། ངས་རྟག་པར་ཕན་ཐོགས་མཁན་ཞིག་ཡོང་བར་འབད་པ་ཡིན། ངའི་མི་ཚེའི་སྟོད་ཀྱི་བོད་མི་ཚོས་ཕལ་ཆེར་ཡེ་ཤུ་བ་ལབ་ན་ཅི་ཞིག་ཡིན་པ་ཡང་གོ་བ་ལོན་གི་ཡོད་མ་རེད་འདོད། གང་ལྟར། ཁོང་ཚོས་ང་རང་སུ་ཡིན་པ་དེ་ངོས་ལེན་བྱས་བ་རེད། ད་དུང་། ཁོང་ཚོས་ངའི་གཟུགས་པོ་བཀའ་ལོན་སྦུག་ཏུ་ཡོད་ན་ཡང་། ངའི་སེམས་པ་བོད་དང་མཉམ་དུ་ཡོད་པ་མཁྱེན་གི་ཡོད་རེད།

(ཀོ་ལིམ་སྦི་ཡ་གཙུག་ལག་སློབ་ཁང་གིས་ཕྱོགས་བསྡུས་བྱས་བའི་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་གི་པར་ངོས་དག་འདི་རུ་འདུག )

འགྱུར་རྩོམ།

Post navigation

Previous Post: བཙན་བྱོལ་བོད་མིའི་སྐྱིད་སྡུག་དང་ངའི་མི་ཚེ།
Next Post: ང་ཚོ་མྱི་མ་རེད།

Comments (7) on “སྒོ་འབྱེད་པ་དང་རྒྱལ་ཞེན་པ། བྷ་བྷུ་མཐར་ཕྱིན་ལགས་སུ་བཅར་འདྲི།”

  1. ཀླུ་སྨྱོན། says:
    2010-12-20 at 1:29 am

    སྔོན་མར་བལ་ཡུལ་དུ་སྡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཀྱང་གཉན་ཆེན་ཐང་ལྷའི་བརྗོད་བྱ་བརྗེས་ནས་བོད་ནང་གི་ཡར་རྒྱས་ཁག་ལབ་ན་ཚགས་པར་ལྔ་སྟོང་རེ་ཉོ་གི་ཡིན་ལབ་སོང་ལ། སྤྱི་ཁྱབ་རྩོམ་སྒྲིག་པ་ཡིན་པའི་བལ་བོ་ཐ་པ་ལི་འདས་པོ་དེས་ངས་རྒྱལ་བ་རིན་པོ་ཆེའི་བཀའ་དང་རྒྱབ་འགལ་མི་བྱེད་ཟེར་ནས་ཉན་མ་སོང་།

  2. གཅན་བཟོད་རྒྱམ། says:
    2010-12-20 at 1:33 am

    རིག་འབྱུང་བས་འདི་ཡག་པོ་བསྒྱུར་བཀོད་གནང་འདུག
    དེང་གི་སྐུ་དྲག་གམ་ལས་ཀྱི་སྣེ་མོ་བའི་ནང་དུའང་རྒྱས་བསླུ་བྲིད་ཐེབས་ཟིན་ནས་ཕྱིར་བོད་པར་ལག་རྟགས་སྐྱེལ་མཁན་དེ་འདྲ་ཡོད་སྲིད་དམ་སྙམ་ནས་བློ་བདེ་བོ་ཞིག་མི་འདུག་ཡ།
    ཨོ་རེད། ཁ་སྔོན་གྲོགས་པོ་ཞིག་གིས་ང་ལ། ཟླ་བ་ནོར་བུ་ནི་མཁས་པ་དེ་འདྲ་རེད་དེ། ཁོང་གི་རྩོམ་ཡིག་བོད་ཡིག་ནང་དུ་གཅིག་ཀྱང་མེད་པ་འདི་ཡ་མཚན་རེད་ཅེས་སོགས་མང་དུ་གསུང་བྱུང་། ཝ་ར་ན་སིའི་དཔེ་མཛོད་ཁང་དུ་མཁས་དབང་ཟམ་གདོང་དང་ཟླ་བ་ནོར་བུ་སོགས་ཀྱིས་མང་མོས་འོས་བསྡུའི་སྐོར་ལ་བགྲོ་གླེང་གནང་བའི་སྒྲ་ཐག་མང་པོ་འདུག་པ་རེ་གཉིས་ལ་ཉན་མྱོང་། ཡིག་ཐོག་གི་རྩོམ་ཡིག་ཅིག་ངས་ད་བར་དུ་བཀླགས་མ་མྱོང་བ་འདྲ།
    ད་རིག་འབྱུང་ཁྱོད་ལ་བཀའ་དྲིན་ཞུ་རྒྱུ་ཡིན།

  3. གཡུ་འབྲུག་དཀར་པོ། says:
    2010-12-20 at 6:23 am

    འབྲུག་གི་བློན་ཆེན་འདས་པོས་བོད་ཡིག་གི་དག་ཆ་ལ་བཅོས་བསྒྱུར་བཏང་བ་སོང་ཟེར་བ་ནི་བདེན་མེད་ཀྱི་སྐད་ཆ་ཞིག་རེད། དེ་བས་ཀྱང་འབྲུག་གི་རྒྱལ་པོ་དགོངས་པ་ཁྲོས་ནས་བློན་ཆེན་གྱིས་དཔར་བའི་དཔེ་དེབ་མེར་བསྲེགས་པའི་སྐད་ཆ་ནི་ངའི་རྣ་བར་དེ་རིང་མ་གཏོགས་གོ་མ་སོང་། གང་ལྟར་གོང་གི་ལོ་རྒྱུས་ནི་འབྲུག་པའི་ཁ་སྐད་གང་ཡིན་ཡིག་ཐོག་ལ་བཀོད་རྒྱུའི་སྲོལ་བཏོད་པར་བརྗོད་པ་ཡིན་པ་འདྲ། དེ་ནི་བློན་ཆེན་འདས་པོས་བྱས་པ་མིན་པར་འབྲུག་རྒྱལ་པོ་འཇིགས་མེད་རྡོ་རྗེས་བཀའ་བསྐུལ་གནང་ནས་སྐུ་གཤེགས་བླ་མ་པདྨ་ལ་ཟེར་བ་དེས་བརྩམས་པ་ཡིན་པར་ཡིད་ཆེས་ཀྱི་དན་དཔང་ཡོད་པའི་ལོ་རྒྱུས་ཤིག་ཡིན།
    བླ་མ་དེ་དང་ངས་དངོས་སུ་ཐུག་མྱོང་ལ་ཁོང་གིས་བརྩམས་པའི་རྫོང་ཁའི་སྒྲ་བཤད་ཅེས་པའི་དེབ་ཀྱང་ངས་བཀླགས་མྱོང་། མ་ཟད་སྲོལ་གསར་པ་དེ་གཏོད་དུས་འབྲུག་མི་འགའ་ཞིག་གིས་དེར་དགག་པ་རྒྱབ་པའི་རྩོད་ཡིག་དང་དེར་བླ་མ་པདྨ་ལས་དགག་ལན་རྒྱག་པའི་རྩོད་ལན་ཡང་ངས་བཀླགས་མྱོང་ཡོད། དེ་དུས་བོད་ཀྱི་བླ་མ་གྲགས་ཅན་རྒྱལ་དབང་ཉི་མས་ཀྱང་དགག་པ་གནང་ཡོད་རེད། འབྲུག་མི་ཕྱོགས་གཉིས་ཀྱི་དབར་དེ་འདྲའི་རྩོད་པ་བྱུང་བའི་ལོ་རྒྱུས་ཙམ་མ་གཏོགས་འབྲུག་རྒྱལ་པོས་རྫོང་ཁའི་ཐོག་བྲིས་པའི་དཔེ་དེབ་མེར་བསྲེགས་པའི་ལོ་རྒྱུས་གར་ཡང་མེད།
    གང་ལྟར་དེ་ནི་བོད་ཡིག་གི་དག་ཆ་ལ་བསྒྱུར་བཅོས་བཏང་བ་མིན་པར་འབྲུག་པའི་སྲིད་དོན་གྱི་ཆེད་དུ་འབྲུག་པའི་ཁ་སྐད་དང་བསྟུན་པའི་ཡི་གེ་འབྲི་སྟངས་ཤིག་བཟོས་པ་ཡིན་པའི་དེ་དོན་ཐུགས་ལ་མངའ་བར་འཚལ།
    དོགས་སེལ་གྱི་ཆེད་དུ་གོང་མིང་པས་ཕུལ།

  4. ཆོས་འཁོར་ཚང་། says:
    2010-12-20 at 6:44 am

    ཁུ་ནུ་བ་མཐར་ཕྱིན་བྷ་བྷུ་ནི་བོད་ཀྱི་ཚགས་དཔར་ཐོག་མར་གྲགས་པ་དེ་ཉིད་འདོན་མཁན་དང་། ཁུ་ནུ་བླ་མ་སྨན་རིའི་དགེ་བཤེས་ཐུབ་བསྟན་རྒྱལ་མཚན་གྱི་མེས་པོ་ནི་བོད་ཀྱི་ལོ་ཐོ་ཐོག་མར་འདོན་མཁན། ད་དུང་ཁུ་ནུ་བླ་མ་་་་་་་་་་་ ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱི་དག་ཡིག་དེ་ཡང་་་་་་་་་་་་ ཁུ་ནུ་་་་་་ ཁུ་ནུ་་་་་་་

  5. ཀརྡོ་རབ་འབྱམས་པ་ says:
    2010-12-20 at 6:54 am

    མི་རིགས་གཞན་པ་བ་བུ་མཐར་ཕྱིར་ལགས་དང་། བལ་པོ་ཐ་པ་ལི་གཉིས་ལྟར་བོད་རིགས་ཚོས་ཀྱང་ཆབ་སྲིད་དང་རྒྱུ་ནོར་གྱིས་བསླུ་མི་ཐུབ་པའི་གསར་འགོད་དྲིལ་བསྒྲགས་པ་གང་མང་གསོ་སྐྱོངས་ཐུབ་པ་བྱ་རྒྱུ་གལ་ཆེན་མི་འདུག་གམ།

  6. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-12-20 at 3:09 pm

    གཡུ་འབྲུག་དཀར་པོའི་དོགས་སེལ་དེ་ཧ་ཅང་ཡག་པོ་གནང་འདུག བཀའ་དྲིན་ཆེ།
    གོང་གི་བཅར་འདྲིའི་ཁོངས་སུ་དེ་ཚོའི་རིགས་མི་འདུག ངེད་ཀྱིས་བཅར་འདྲི་གང་ཡིན་པ་དེ་བསྒྱུར་བ་ལས་གཞན་ལོ་རྒྱུས་མི་ཤེས།
    ལོ་རྒྱུས་ཞིབ་ཚགས་མཁྱེན་མཁན་ཚོས་དེའི་རིགས་ཁ་གསལ་གཏིང་གསལ་བཟོ་ཐུབ་ན་ཡག་པོ་འདུག དེ་ཙམ་ཡིན།

  7. གཡུ་འབྲུག་དཀར་པོ། says:
    2010-12-21 at 6:34 am

    རིག་བྱུང་དོན་བཀྲ་ལགས་སུ་ཐུགས་རྗེ་ཆེ་ཞུ། འབྲུག་གི་རྫོང་ཁ་གསར་དུ་བཟོས་པའི་སྐོར་ཅུང་ཙམ་ཁ་གསལ་ནས་ཞུ་ན། སྤྱི་ལོ་༡༩༧༠ འི་སྔོན་འབྲུག་གི་སློབ་གྲྭ་ཁག་གི་སློབ་དེབ་རྣམས་ཚང་མ་ཆོས་སྐད་ཐོག་ལ་ཡོད་པ་ཡིན་པ་རེད། སློབ་སྟོན་པ་རྣམས་ཀྱང་དབྱིན་ཡིག་སོགས་ཀྱི་སློབ་སྟོན་པ་མ་གཏོགས་པའི་ནང་ཆོས་ཀྱི་སློབ་སྟོན་པ་ཚང་མ་བོད་ཀྱི་བླ་སྤྲུལ་དང་དེའི་ཞལ་སློབ་རྐྱང་རྐྱང་ཡིན་པ་རེད། དེར་བརྟེན་སློབ་གྲྭ་ཁག་ཏུ་སློབ་སྟོན་གནང་དུས་ཀྱང་ཁ་ཤས་ཀྱིས་བོད་སྐད་དང་ཁ་ཤས་ཀྱིས་སོ་སོའི་ལུང་པའི་སྐད་ཀྱི་སྟེང་ནས་བཤད་ཁྲིད་གནང་གི་ཡོད་པ་རེད།
    སྤྱི་ལོ་༡༩༧༠ དོན་གྲངས་ལ་འབྲུག་རྒྱལ་པོ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ཡུལ་བསྐོར་ལ་ཕེབས་སྐབས་འབྲུག་རྒྱལ་པོས་འབྲུག་ཡུལ་གྱི་སློབ་གྲྭ་ཚང་མར་ཕེབས་ནས་སློབ་མ་རྣམས་དང་མཇལ་ཕྲད་གནང་བ་རེད། སྐབས་དེར་རྒྱལ་པོས་བཀའ་སློབ་གནང་དུས་སློབ་མ་རྣམས་ཀྱིས་གོ་མ་ཐུབ་པ་དང། སློབ་མས་ཞུ་བ་དེ་རྒྱལ་པོས་མཁྱེན་མ་ཐུབ་པའི་བརྡ་སྤྲོད་ཀྱི་དཀའ་ངལ་བྱུང་ཡོད་པ་རེད།
    དེ་ནས་འབྲུག་རྒྱལ་པོས་འབྲུག་གི་སྤྱི་སྐད་ཅིག་ངེས་པར་དུ་དགོས་པའི་དགོངས་པ་བཞེས་ནས་སྔར་ནས་ལག་ལེན་བསྟར་བཞིན་དུ་ཡོད་པའི་འབྲུག་གི་གཞུང་སྐད་དེ་འབྲུག་གི་སྤྱི་སྐད་དུ་དྲིལ་བསྒྲག་གནང་ཞིང་། དེའི་མིང་ལ་ཡང་རྫོང་ཁ་ཞེས་བཏགས་གནང་བ་རེད། མ་ཟད་ཁ་སྐད་དེ་འབྲུག་གི་སྤྱི་སྐད་དུ་འཛམ་གླིང་སྤྱི་ཚོགས་ལ་ཡང་ཐོ་བཀོད་གནང་ཡོད། འབྲུག་གཞུང་ཤེས་རིག་ལས་ཁུངས་ལ་ཡང་ཁ་སྐད་དེ་དང་བསྟུན་ཡིག་ཐོག་ལ་བཀོད་རྒྱུའི་སྲོལ་གཏོད་དགོས་པའི་བཀས་བསྐུལ་གནང་བ་རེད། ༼འབྲུག་རྒྱལ་པོའི་བཀའ་ཐམས་དེ་སྔར་གྱི་སློབ་དེབ་ཁག་གི་སྟེང་ལ་མཇལ་རྒྱུ་ཡོད།༽
    སྐབས་དེར་ཤེས་རིག་ལས་ཁུངས་ཀྱི་འགན་ཁུར་བ་གཙོ་བོ་ནི་སློབ་དཔོན་གནག་མདོག་བྱ་བ་ཞིག་ཡོད་པ་དེས་བླ་མ་པདྨ་ལ་རོགས་སུ་སྦྲན་ནས་རྫོང་ཁའི་འགྲེལ་བཤད་ཅེས་པའི་དེབ་ཅིག་བརྩམས་པ་རེད།༼དེའི་སྐོར་བླ་མ་པདྨ་ལས་བརྩམས་པའི་འབྲུག་རྒྱལ་རབས་གསལ་བའི་སྒྲོན་མེའི་དེབ་ཀྱི་རྒྱབ་ཤོག་སྟེང་རྩོམ་པ་པོའི་ལོ་རྒྱུས་ཀྱི་ནང་དུ་གསལ་ཡོད།༽ སྐབས་དེར་དགེ་འདུན་པ་རྣམས་དང་བླ་མ་རྒྱལ་དབང་ཉི་མས་གཙོས་པའི་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ཀྱིས་དེ་ལ་དགག་པ་རྒྱབ་པ་རེད། དགག་པ་གཙོ་བོ་ནི་ཆོས་སྐད་དང་མ་མཐུན་པའི་ཡི་གེ་འབྲི་སྲོལ་གསར་དུ་བཏོད་པ་དེས་ཆོས་སྐད་ལ་ཉམས་ཆག་འབྱུང་གི་རེད་ཅེས་བརྗོད་ཡོད། དེ་ལ་བླ་མ་པདྨ་ལས་བོད་ཡིག་སྦྱངས་ནས་བོད་ཡིག་གི་སྟེང་ནས་ལེགས་སྦྱར་གྱི་སྐད་སྦྱང་ཐུབ་པ་ནང་བཞིན་རྫོང་ཁ་སྦྱངས་ནས་རྫོང་ཁའི་སྟེང་ནས་ཆོས་སྐད་སྦྱང་ཐུབ་པས་ཆོས་སྐད་དར་སྤེལ་གཏང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་རེད་ཅེས་ལན་རྒྱག་ཡོད།
    ཡང་དགག་པ་རྒྱག་མཁན་ཚོས་ཡུལ་སྐད་ཡིག་ཐོག་ལ་འབྲི་མི་རུང་ཞེས་དགག་པ་རྒྱག་དུས་བླ་མ་པདྨ་ལས་ཡུལ་སྐད་ཡིག་ཐོག་ལ་འབྲི་རུང་བར་མཚམས་སྦྱོར་ལྔ་པའི་ལུང་ལ་གསལ་ཡོད་ཅེས་གསུངས་ཡོད། ཡང་དགག་པ་རྒྱག་མཁན་ཚོས་རྫོང་ཁའི་འགྲེལ་བཤད་དེ་རྩ་བ་མེད་པའི་འགྲེལ་བཤད་རེད་ཅེས་དགག་པ་བརྗོད་དུས་སློབ་དཔོན་གནག་མདོག་གིས་རྫོང་ཁའི་རྩ་བ་མཛད་པ་རེད། ༼དགག་པ་དང་དགག་ལན་རྫོང་ཁའི་རྩ་བ་སོགས་ད་ལྟ་གང་ཟག་རེ་ཟུང་གི་ལག་པར་ཡོད་པ་ལས་དེབ་གཟུགས་སུ་དཔར་དུ་བསྐྲུན་པ་མཐོང་མ་བྱུང་།༽དེ་འདྲའི་རྩོད་པ་ལན་མང་པོ་རྒྱབ་པའི་མཐར་སློབ་གྲྭའི་སློབ་དེབ་ཚང་མ་རྫོང་ཁའི་ཐོག་དཔར་དུ་བསྐྲུན་ནས་སྔར་གྱི་ཆོས་སྐད་ཀྱི་ཚབ་ལ་རྫོང་ཁའི་སློབ་དེབ་རྣམས་བཙུགས་ཡོད་ཅིང་བཤད་ཁྲིད་བྱེད་པའི་སྐབས་སུ་ཡང་རྫོང་ཁའི་སྟེང་ནས་བྱེད་འགོ་ཚུགས་ཡོད་རེད། སྲོལ་དེ་ད་ལྟའི་བར་མུ་མཐུད་དེ་གནས་ཡོད་ཅིང་དེས་ཆོས་སྐད་ལ་གནོད་མིན་ཇི་ལྟར་ཡང་སྲིད་དོན་ལ་ཕན་རླབས་ཆེན་པོ་བྱུང་ཡོད་རེད།
    སྤྱིར་འབྲུག་པའི་ཡུལ་སྐད་ཡིག་ཐོག་ལ་འབྲི་སྲོལ་དེ་དེང་སང་གསར་དུ་བཏོད་པ་མིན་པར་སྔོན་ནས་ཡོད་ཡོད་པ་རེད། དེ་ཡང་དུས་རབས་༡༦ པའི་ནང་དུ་འཁྲུངས་པའི་པད་གླིང་གསུམ་པ་ཀུན་མཁྱེན་ཚུལ་རྡོར་གྱིས་ལྷོ་པའི་ཁ་ལབ་བློ་གསལ་སྒོ་འབྱེད་ཟེར་བ་ཞིག་བརྩམས་ཡོད་པ་དེ་དེང་སང་ཡང་མཇལ་རྒྱུ་འདུག ཀུན་མཁྱེན་ཚུལ་རྡོར་དེ་དུས་རབས་དེའི་ནང་གི་བོད་ཀྱི་བླ་ཆེན་མང་དག་ཅིག་གིས་རྩ་བའི་བླ་མར་བསྟེན་ཡོད་པ་རེད།
    ད་དེ་ཙམ་ཡིན། དེ་ལས་མང་བ་ཞུ་རྒྱུ་ཡོད་ཀྱང་ཤེས་ཚད་ཀྱིས་མ་ལྡང་བར་བརྟེན་དཀའ་ལས་འདུག དུས་ཚོད་ཆུད་ཟོས་ཀྱི་རྐྱེན་དུ་འགྱུར་ན་བཟོད་པར་གསོལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme