Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཆི་བ་ནི་ང་ཡི་རྨི་ལམ་ཡིན།

Posted on 2010-12-112010-12-11 By ཁ་བརྡ་ 25 Comments on འཆི་བ་ནི་ང་ཡི་རྨི་ལམ་ཡིན།

བོད། ལྷ་ཀླུ་གཉན་གསུམ།

མི་ནི་རང་བཞིན་གྱིས་འདོད་མིན་ལ་མ་བལྟས་པར་སྐྱེ་བ་ནས་འཆི་བའི་ཕྱོགས་སུ་འགྲོ་བཞིན་ཡོད། སྐད་ཅིག་ཀྱང་མི་བསྡོད་པར་དེ་ཡི་ཕྱོགས་སུ་འགྲོ་བཞིན་ཡོད། རེད་དེ། ཡ་མཚར་བ་ཞིག་ལ་འཇིག་རྟེན་གྱི་སྐྱེ་བོ་ཆེས་མི་ཉུང་བ་ཞིག་གིས་འཆི་བ་འདི་དང་ལེན་བྱེད་རྒྱུར་འདོད་མོས་མེད་པ་དང་། འཆི་བ་ཟེར་བའི་མིང་ཐོས་པ་དང་སྐྱོ་སྣང་དང་མི་འདོད་པའི་རྣམ་འགྱུར་བཅས་རྒྱུན་དུ་སྟོན་ལ། དེ་ལ་དུས་རྟག་དུ་འཇིགས་སྣང་དང་བློ་དོགས་མི་ཉུང་བ་ཞིག་ཡོང་གི་ཡོད་པ་རེད།

ངས་ལོ་ངོ་དུ་མའི་རིང་དུ་འཆི་བ་ལྡོག་མེད་ཅིག་ཡིན་པ་དང་། འཆི་བ་ནི་རང་ཉིད་ཀྱི་རྨི་ལམ་ངོ་མ་དེ་ཆགས་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ། དེ་ཉིད་ལྡོག་དུ་མེད་པའི་རང་ཉིད་ཀྱི་སྐྱེ་བའི་མཐར་འཆི་བ་ཟེར་བའི་བོད་ཀྱི་སྲོལ་རྒྱུན་གྱི་བཤད་སྲོལ་དེ་ངས་སྣང་བ་ཧ་ཅང་འགྲོ་བོ་ཡོད་ལ། དེ་ཡི་ང་ལ་འཆི་བ་ནི་འཇིགས་སྣང་བྱེད་སའི་ཡུལ་ཞིག་དུ་གཏན་ནས་བསམ་གྱི་མེད་ལ། དེ་ནི་ཆེས་མཐར་ཐུག་གི་གནས་མལ་དུ་འདོད་ཀྱི་ཡོད།

ང་རང་རྟག་དུ་འཆི་བ་ལ་དགའ་ཞིང་། འཆི་བ་ལས་ལྷག་པའི་ངལ་གསོ་བྱེད་ས་སྟབས་བདེ་བོ་ཞིག་མེད་པར་འདོད་ཀྱི་ཡོད། དེ་རུ་སོང་བ་ནས་བཟུང་། མྱི་ཁ་མེད་ལ། ཞེ་སྡང་མེད། འཐབ་རྩོད་མེད། ཕྲག་དོག་མེད། འཁོན་སེམས་མེད། འགྲན་རྩོད་མེད། དུས་ཚོད་ཀྱི་བྲན་གཡོག་བྱེད་མི་དགོས། གཅིག་བྱས་ན། མི་མང་བོ་ཞིག་གིས་འདི་ནི་ཐབས་སྡུག་པ་དང་། འུ་ཐུག་པའི་བྱེད་སྟངས་ཤི་ལ་ངེས་འཛིན་བྱེད་སྲིད་ཀྱང་། འཇིག་རྟེན་ན་ཧམ་སེམས་ཀྱི་བཟི་བའི་མི་དག་གི་འགྲམ་ནས་རྒྱལ་དགོས་པ་ཡིན་ན། ལམ་ཁ་འདི་ལས་སྟབས་བདེ་བ་དང་།། ལམ་ཁ་འདི་ལས་ཡག་པོ་ཞིག་རེག་ཐུབ་མེད།

མི་ཚོས་འཆི་བ་ཟེར་བའི་མིང་འདི་ཐོས་པ་དང་། སྐབས་རེར་འཆི་བ་ནི་རང་ཉིད་ཀྱི་མི་ཚེ་དང་གཏན་ནས་འབྲེལ་མེད་ཅིག་དུ་འདོད་ཀྱི་ཡོད་ལ། དེ་ཡི་ཕྱོགས་ལ་བསམ་བློ་ཡང་གཏན་ནས་གཏོང་འདོད་མི་བྱེད་ལ། དེ་ཡི་སྐོར་ལ་སྐད་ཆ་བཤད་མཁན་གྱི་སྐོར་ལ་ངོ་རྒོལ་བྱེད། དོན་དངོས་སུ་དེ་ནི་འཆི་བ་ལས་བརྒྱལ་བའི་ཐབས་ཤེས་མིན་ལ། འཆི་བ་གདོང་ལེན་བྱེད་ཕྱོགས་ཀྱི་ལམ་ཁ་ཞིག་དེ་བས་ཀྱང་ཆགས་མེད་པ་ཡིན། དེའི་ཕྱིར་ང་རང་ལ་རྨི་ལམ་ཞིག་ཡོད་པ་ནི་འཆི་བ་ཡིན་ལ། འཆི་བ་ནི་ང་དང་དུས་ཚོད་ཀྱི་སྐར་ཆ་རེ་རེ་དང་འགྲོགས་ནས་ཡོད། དེ་ཡིན་དུས་འཆི་བ་ནི་ངེས་མེད་ཡིན་ལ། ནམ་འཆི་མིན་དེ་ནི་དེ་བས་ཀྱང་མི་ཤེས་པ་ཞིག་དུས། མ་འཆི་སྔ་རོལ་དུ་ངས་འདང་ཞིབ་མོ་རེ་རྒྱགས་ཁུལ་བྱེད་ཀྱི་ཡོད།

འཆི་ཁར་ང་ལ་གཏན་མིག་ཆུ་གཏོང་མཁན་གྱི་མི་དག་གཏན་ནས་མི་འཁོ། འཆི་ཁར་ང་ལ་ཞེན་ཆགས་ཆེན་པོ་བྱེད་མཁན་གྱི་མི་དག་དེ་བས་ཀྱང་མི་འཁོ། ང་ལ་འཁོ་བ་དེ་ནི་འཆི་ཁར། འཆི་བ་ལྡོག་མེད་ཅིག་ཡིན་པ་ང་ཚོས་ཚང་མས་ཤེས། ད་ནི་ཁྱེད་རང་ལམ་ཁ་དེར་འགྲོ་བཞིན་ཡོད་པ་རེད། ང་ཚོ་ཀྱང་རེ་རེ་བཞིན་ཁྱེད་རང་གི་རྗེས་སུ་ཡོང་གི་རེད། བློ་སེམས་བདེ་བོ་བྱོས་དེ་ཕེབས་ཤིག ཁྱེད་ཀྱི་ཤུལ་བཞག་འདྲ་ཡོད་ན་ང་ཚོས་གང་ཐུབ་ཀྱི་སྒྲུབ་ཆོག་ཟེར་ནས་ང་ལ་བདེ་མོ་འཇོག་མཁན་གྱི་མི་དག་འཁོ། འདི་ལྟར་ངས་འཆི་བའི་ཕྱོགས་ཀྱི་བསམ་བློ་གཏོང་ཕྱོགས་འདིའི་ང་རང་འཆི་བ་ལ་དགའ་བའི་མི་ཞིག་དུ་གྱུར་སོང་ལ། འཆི་བ་ནི་མཐར་ཐུག་གི་རང་ཉིད་ཀྱི་རྨི་ལམ་དེ་ཆགས་འདུག

རྩོམ་རིག

Post navigation

Previous Post: ཁྱེད་ཀྱི་བརླ་བར་དུ་བཏབ་པའི་ས་བོན།
Next Post: རྒྱ་ནག་གི་གཞུང་ཚབ་ཚོ་ངག་ལྐུགས་དོན་ཅི་རེད། འདི་ལ་གཟིགས།

Comments (25) on “འཆི་བ་ནི་ང་ཡི་རྨི་ལམ་ཡིན།”

  1. དབང་འདུས། says:
    2010-12-12 at 8:20 am

    ཁྱོད་ཀྱིས་གསུངས་པ་དེ་སྐྱེ་བ་ཕྱི་མ་ཁས་མི་ལེན་པའི་དབང་དུ་བཏང་ན་བདེན་པ་རེད། གལ་སྲིད་སྐྱེ་བ་ཕྱི་མ་འདོད་ན་འཆི་བ་དེ་ངལ་གསོའི་གནས་ཆེ་ཤོས་ཤིག་ཏུ་གྲུབ་དཀའ་བ་མ་ཟད། དེ་ནི་ཉེན་ཁའི་གནས་ཆེ་ཤོས་ཤིག་བསླེབས་པ་རེད། ཡང་ནམ་རྒྱུན་སྐྱེ་བའི་མཐར་འཆི་བ་ཞེས་པ་དེ་ལྡོག་ཏུ་མེད་པ་ཞིག་ཏུ་འདོད་པ་བདེན་མོད། ཡིན་ནང་དེ་འཆི་བ་མི་སྐྲག་པའི་ཐབས་ཤེས་ཤིག་མིན་པར་སྣང་། གལ་སྲིད་ཡིན་ན་ནང་ཆོས་ནང་དུ་དེ་འཆི་བ་ལ་བསྐྲགས་ཤིང་ཆོས་སྒྲུབ་པའི་ཐབས་སུ་བཤད་པ་དེ་ཇི་ལྟར་ཡིན་ནམ། ཡང་ཁྱེད་རང་གིས་འཆི་བ་ནི་རྨི་ལམ་ལྟ་བུ་ཞིག་ཡིན་པར་བཤད། འཆི་བ་རྨི་ལམ་ལྟ་བུར་རྟོགས་ན་འཆི་བ་བྱུང་ན་དགའ་རྒྱུ་དང་མ་བྱུང་ན་སྡུག་རྒྱུ་ཡང་གང་ལ་ཡོད། སྤྱིར་འཛམ་གླིང་འདིར་སྐད་གྲགས་ཅན་གྱི་རྩོམ་པ་པོ་རེ་ཟུང་གིས་རང་སྲོག་གཅོད་པའི་བསླབ་བྱ་འདི་ལྟ་བུའང་རྒྱུ་མཚན་སྣ་ཚོགས་དང་བཅས་བརྩམས་ཡོད་མོད། དེ་ནི་རྒྱལ་ཁབ་ཀྱི་ཁྲིམས་འགལ་དུ་རྩིས་ནས་འགོགས་སྡོམ་བྱས་ཟིན་པ་རེད། སྤྱིར་འཆི་བར་གཏོང་ལེན་བྱེད་ཟེར་བ་དེའང་ཅི་འདྲ་ཞིག་བསམས་ནས་བཤད་པ་ཡིན། མདོར་ན་སྐྱེ་བ་ཕྱི་མ་ཡོད་མེད་ཐག་མ་ཆོད་བར་དུ་འཆི་བ་བཏང་སྙོམས་སུ་འཇོགས་དགོས་ཞེས་བཤད་ན་མི་འགྲིག་པ་འདྲ། གལ་སྲིད་སྐྱེ་བ་ཕྱི་མ་མེད་པའི་དབང་དུ་བཏང་ནའང་མི་མང་པོ་ཞིག་ཚེ་འདིའི་སྣང་བ་ལ་དགའ་ཞིང་ཞེན་པ་དེས་ན་ལྡོག་ཏུ་མེད་པའི་འཇིགས་པ་ཞིག་སྐྱེ་སྲིད། མུ་མཐུད་ནས་བཀའ་མོལ་ཞུ་རྒྱུ་ཡིན་ད་སྐབས་གུས་པར་བྲེལ་བ་ཞིག་སླེབས་སོང་།།

  2. སངས་རྒྱས་བསྟན་པ་ཆོས་དར་ says:
    2010-12-12 at 8:37 am

    གྲོགས་པོ་ལགས།
    གནའ་གཏམ་ཞིག་ལ་འདི་ལྟར་ཟེར། ཉལ་ཁ་ཇ་མ་མང་། འཆི་ཁ་གཏམ་མ་མང་།
    གང་ལྟར་ང་ནི་ཁྱེད་ཀྱིས་ཁ་བརྡའི་ཐོག་སྤེལ་བའི་རྩོམ་ཡིག་ལ་སྙིང་དབུས་ནས་དགའ་མཁན་ཞིག་ཡིན་པ་དང་མ་འོང་བར་ཡང་སྐྱེན་འགག་གང་ཡང་མེད་པར་ཀློག་ཐུབ་པའི་རེ་བ་ཡོད།

  3. ཀརྡོ་རབ་འབྱམས་པ་ says:
    2010-12-12 at 12:16 pm

    འཆི་བ་རྨི་ལམ་ཡིན་ན་དགའ་བ་ལགས། །
    འཆི་ནས་སྐྱེ་བ་མེད་ན་དགའ་བ་ལགས། །
    ལས་འབྲས་དགེ་སྡིག་མེད་ན་དགའ་བ་ལགས། །
    དེ་དག་ཐམས་ཅད་ཡོད་པས་སྐྱོ་བ་ལགས། །
    འཆི་བ་མི་རྟག་མྱུར་དུ་རྟོགས་པར་ཤོག །

  4. དབང་འདུས། says:
    2010-12-12 at 12:40 pm

    འཆི་བ་རྨི་ལམ་ཡིན་ན་དགའ་བསྙམས་ཀྱང་།།
    རྨི་ལམ་བདེ་སྡུག་སྟེར་བས་རེ་ཞིག་སྐྱོ།།
    འཆི་ནས་སྐྱེ་བ་མེད་ན་དགའ་སྲིད་ཀྱང་།།
    འཆི་ཚེ་གནད་གཅོད་མྱོང་ན་ཤིན་ཏུ་སྐྱོ།།
    ལས་འབྲས་བདེ་སྡུག་མེད་ན་དགའ་ཆོག་མོད།།
    རང་བྱུང་སྡུག་གིས་མནར་ན་དེ་བས་སྐྱོ།།
    དེ་དག་ཐམས་ཅད་ཡོད་པས་སྐྱོ་སྲིད་མོད།།
    བྱེད་པོ་རང་ཉིད་ཡིན་པས་བློ་སེམས་བདེ།།

  5. བོད། ལྷ་ཀླུ་གཉན་གསུམ། says:
    2010-12-12 at 1:03 pm

    དབང་འདུས་ལགས། ཉིད་ནས་རང་གི་བསམ་ཚུལ་ལྷུག་པོར་མུ་མཐུད་དུ་བརྗོད་དང་། དེ་ནས་ངས་ག་ལེར་ཀློག་རྗེས་ལན་རེ་འབུལ་དགོས་ས་བྱུང་ན་འབུལ་ངེས་ཡིན་ལགས། དེ་དོན་དགོངས་འཇག་ཡོད་པ་ཞུ།

  6. བོད། ལྷ་ཀླུ་གཉན་གསུམ། says:
    2010-12-12 at 1:21 pm

    སྐྱེ་ནས་འཆི་བ་འཇིག་རྟེན་ཆོས་ཉིད་ཡིན།།
    ཆོས་ཉིད་དེ་ལ་མི་བཀུར་ཐབས་མེད་ཡིན།།
    སྐྱེ་བ་སྔ་ཕྱི་ཡོད་མེད་གླེང་ན་ཡང་།།
    ཀུན་ལ་འཁོ་བའི་ལན་ཞིག་སུ་ཡིས་རྙེད།།
    དེ་ལྟར་བསམ་ན་འཆི་ཉིན་ཚར་ནས་འདུག།
    འཆི་བ་ཟེར་ནས་འཇིགས་དོགས་བྱེད་པ་ལས།།
    འཆི་བ་བསམ་ནས་དགའ་བ་བསྒོམ་ལུགས་ཤིག།
    ང་ཡི་རྨི་ལམ་ཆགས་ཡོད་སྤུན་ཟླ་ཚོ།།
    རིགས་པའི་དཔྱད་པ་ཡོད་ན་དཔྱོད་ནས་ཤོག།
    དྲི་བ་གང་ན་ཡོད་ན་དྲིས་ནས་ཤོག།
    ང་ཡིས་གང་ཤེས་ལན་གྱི་ཚུལ་དུ་ཡོང་།།
    འགྲིག་དང་མི་འགྲིག་སོ་སོའི་བསམ་ཚུལ་དང་།།
    འཆི་བ་འདོད་ཚུལ་མི་གཅིག་ཁ་ཁ་ཡིན།།

  7. དབང་འདུས། says:
    2010-12-12 at 1:30 pm

    ༄།། གལ་སྲིད་ངས་ནོར་བ་མིན་ན། ཁྱེད་ཀྱི་ཡིག་རྩོམ་ནང་དུ་ཁྱེད་རང་གི་འཆི་བ་ཁྱེད་རང་གི་རྨི་ལམ་ཡིན་པར་བཤད་ཅིང་། རང་གི་འཆི་བ་རང་གི་རྨི་ལམ་ཡིན་པར་ངོས་ཟིན་ན་འཆི་བ་ལ་གདོང་ལེན་བྱས་པ་ཡིན་ཞེས་བཤད་འདུག ཡང་འཆི་བ་ནི་ངལ་གསོ་བའི་གནས་དོན་ལ་གྲུབ་པ་ལྟ་བུ་ཞིག་ཀྱང་བཤད་འདུག མདོར་ན་ཁྱེད་ཀྱིས་རང་གི་འཆི་བ་རྨི་ལམ་བཞིན་རྫུན་མར་འདོད་དམ། ཡང་ན་མི་རྣམས་འཆི་བ་ལ་འཇིགས་ཀྱང་ཁྱེད་རང་མི་འཇིགས་པའི་རྒྱུ་མཚན་གྱིས་རྨི་ལམ་ལྟར་བཤད་པ་ཡིན། དྲི་བ་དང་པོ་ལྟར་ན་ཤིན་ཏུ་རྟོགས་དཀའ་བ་ཞིག་ཡིན་པར་སེམས་ཤིང་དེ་ནི་འཆར་སྒོ་གསར་པ་ཞིག་མིན། དྲི་བ་གཉིས་པ་ལྟར་འདོད་ན་དེ་ལ་རྨི་ལམ་གྱི་གོ་དོན་ཇི་བཞིན་པར་ཚང་མེད་པ་འདྲ། ངས་ཡི་གེ་དང་པོའི་ནང་བཀོད་པ་ལྟར་དང་པོ་ཁྱེད་རང་སྐྱེ་བ་སྔ་ཕྱི་ཁས་ལེན་ནམ་མི་ལེན། དེ་ནི་ངའི་བསམ་བློ་གཏོང་ཡུལ་གྱི་རྨིང་གཞི་དང་བགྲོ་གླེང་གི་རྩ་བ་ཡིན། གལ་ཆེ་བའི་གནད་འགགས་ཤིག་ཀྱང་ཡིན།
    ཡང་གསང་སྔགས་ནང་རྒྱུད་ཀྱི་ལུགས་ལྟར་ན་འཆི་བ་འོད་གསལ་དུ་མཚམས་སྦྱོར་ཚུལ་གྱི་སྒོ་ནས་འཆི་བ་ངལ་གསོར་འདོད་པའང་བྱུང་ཆོག་མོད། འོན་ཀྱང་སྐབས་འདིར་དེའི་སྐོར་དང་འབྲེལ་བ་མེད་པ་འདྲ།

  8. དབང་འདུས། says:
    2010-12-12 at 2:26 pm

    སྐྱེས་ནས་འཆི་བ་འཇིག་རྟེན་ཆོས་ཉིད་དང།།
    ཆོས་ཉིད་འདི་ལ་མི་བཀུར་ཐབས་མེད་པ།།
    འཆི་བ་རྨི་ལམ་རྟོགས་མིན་མ་ལྟོས་པར།།
    མི་རྣམས་དུས་ཀུན་སེམས་པའི་ཁྱེར་སོ་ཡིན།།

    འཆི་བ་བསམས་ན་འཇིགས་ཤིང་སྐྲག་པས་ན།།
    སྲོག་གཅོད་ལ་སོགས་མི་དགེའི་ལས་ལ་འཛེམས།།
    འཆི་བ་དགའ་སྐྱིད་གནས་སུ་གོམས་བྱས་ན།།
    གཞན་གྱི་སྲོག་གཅོད་པའང་དགེ་བའི་ལས།།

    འཆི་བ་བསམས་ན་སེམས་ཁྲལ་ཙམ་ཞིག་ལས།།
    འབྲས་བུ་འཐོན་མི་ནུས་པ་རང་ཅག་ཙམ།།
    ཁ་ཅིག་སྐྱེ་འཆིའི་སྡུག་བསྔལ་བསམ་བྱས་ནས།།
    འཆི་མེད་གཉུག་མའི་བཙན་ས་ཟིན་པའང་ཡོད།།

    འཆི་བ་བསམས་ནས་དགའ་བ་སྒོམ་ལུགས་ཤིག།
    རིགས་པས་བསྟན་རྒྱུ་ཡོད་ན་གསུངས་བར་ཞུ།།
    འཆི་བ་ལྡོག་མེད་མཐོང་བ་དེ་ཙམ་ཞིག།
    དགའ་བ་སྒོམ་པའི་རྒྱུ་རུ་ཇི་ལྟར་འགྱུར།།

    ལྡོག་ཏུ་མེད་པའི་སྡུག་བསྔལ་མང་པོ་ཞིག།
    དགའ་བ་སྒོམ་པའི་གནས་ལས་བརྒལ་ནས་ཡོད།།
    འོན་ཀྱང་དེ་དག་དཔེར་བརྗོད་རེ་རེ་བཞིན།།
    འགོད་ལ་མི་ལྟོས་རིགས་པས་དཔྱོད་དང་ཤེས།།

  9. ཐོད་དཀར། says:
    2010-12-12 at 10:18 pm

    སྐྱེས་ནས་འཆི་བ་འཇིག་རྟེན་ཆོས་ཉིད་ལ་གྲུབ་ཀྱང་།
    སྐྱེས་ནས་འཆི་འདོད་མེད་པའང་འཇིག་རྟེན་འདི་ན་ཡོད།
    འཆི་བ་མི་རྟག་རྣལ་མར་རྟོགས་པ་འཇིག་རྟེན་ན་དཀོན་པས།
    མི་རྟག་འཆི་བར་ཞེན་པ་ལོག་པར་ཅི་མཚར།

  10. དབང་འདུས། says:
    2010-12-13 at 3:36 am

    ངས་ཁྱེད་ཀྱིས་ལན་གནང་རྒྱུར་བསྒུགས་ནས་ཡོད། དུས་ཁོམ་བྱུང་ན་ཕེབས་རོགས་གནང་།

  11. ཀརྡོ་རབ་འབྱམས་པ་ says:
    2010-12-13 at 7:37 am

    འཆི་ནས་དགེ་སྡིག་བླར་དོར་ཤེས་པར་ཤོག །
    འཆི་ནས་བདེ་ནས་བདེ་བར་སྐྱེ་བར་ཤོག །
    འཆི་བའང་རྨི་ལམ་ལྟར་དུ་ཤེས་པར་ཤོག །
    འཆི་བ་ཆོས་སྐུའི་གོ་འཕང་ཐོབ་པར་ཤོག །

  12. དབང་འདུས། says:
    2010-12-13 at 7:52 am

    འཆི་ནས་དགེ་སྡིག་བླང་དོར་ཤེས་འདོད་ན།།
    ད་ལྟའི་དུས་ནས་རྣམ་དཔྱོད་གོང་དུ་སྤེལ།།
    འཆི་རྗེས་བདེ་ནས་བདེ་བར་སྐྱོད་འདོད་ན།།
    དེང་འདི་ནས་བཟུང་དཀར་པོའི་ཆོས་ལ་གཞོལ།།
    འཆི་བ་རྨི་ལམ་ལྟར་དུ་ཤེས་འདོད་ན།།
    རྫོགས་རིམ་རྣལ་འབྱོར་དྲུག་ལ་གཟིགས་པར་ཞུ།།
    འཆི་བ་ཆོས་ཀྱི་སྐུ་རུ་ལྡང་འདོད་ན།།
    མ་ཤི་སྔོན་ནས་ཏིང་འཛིན་གནས་ལ་བརྩོན།།

  13. ཀརྡོ་རབ་འབྱམས་པ་ says:
    2010-12-13 at 9:46 am

    རྣམ་དཔྱོད་ཅན་གྱིས་འཆི་སྟངས་ཇི་ལྟར་ལགས། །
    དཀར་ཆོས་གཞོལ་ནས་འཆི་སྟངས་ཇི་ལྟར་ལགས། །
    རྫོགས་རིམ་བསྒོམས་ནས་འཆི་སྟངས་ཇི་ལྟར་ལགས། །
    འཆི་སྐུའི་ལྡང་འདོད་འཆི་སྟངས་ཇི་ལྟར་ལགས། །

  14. དབང་འདུས། says:
    2010-12-13 at 10:20 am

    གཞུང་ལུགས་རབ་འབྱམས་ཐོས་བསམ་སྒོམ་པའི་དོན།།
    སྙིང་པོ་གནད་ཀྱི་ཉམས་ལེན་ལ་གཞོལ་ནས།།
    ཕྱི་དང་ནང་གི་འཆི་ལྟས་བྱུང་བའི་ཚེ།།
    དེ་དོན་ལ་གནས་དྲི་བ་དང་པོའི་ལན།།

    ཚེ་འདིར་དཀར་པོའི་ཆོས་ལ་གཞོལ་བྱས་པས།།
    ནག་པོའི་རྒྱུ་འབྲས་ནུས་པ་རྒྱང་བསྲིངས་ཏེ།།
    འཆི་ཚེ་གནད་གནོད་དྲག་པོ་མི་མྱོང་བར།།
    དག་པའི་སྣང་བར་གཞོལ་བ་གཉིས་པའི་ལན།།

    བླ་མ་དམ་པའི་མན་ངག་ལ་བསྟེན་ནས།།
    སྣང་བ་རྨི་ལམ་རྟོགས་པའི་གདམས་པ་ལ།།
    བརྩོན་པས་སྣང་ཀུན་རྒྱུ་མའི་རང་བཞིན་དུ།།
    ངོས་ཟིན་ཐག་གཅོད་ལ་བཟླ་གསུམ་པའི་ལན།།

    ཚེ་འདིར་གཉུག་མ་ཆོས་སྐུའི་རང་ཞལ་མཇལ།།
    དེ་དོན་བསྐྱངས་ཤིང་གོམས་པ་མཐར་ཕྱིན་པས།།
    འཆི་ལ་ཉེ་དུས་ཆོས་སྐུའི་དབྱིངས་ཆེན་པོར།།
    རྟོག་པའི་འཇུག་པ་ཀུན་བསྡུ་གསུམ་པའི་ལན།།

  15. དབང་འདུས། says:
    2010-12-13 at 10:22 am

    གྲོགས་མཆོད་དགྱེས་པའི་མཆོད་སྤྲིན་མ་ལགས་ཀྱང་།།
    རེ་ཞིག་བརྟགས་པའི་ས་བོན་ཙམ་ཞིག་ཏུ།།
    སྤེལ་བར་བྱས་སོ་ནོང་པ་ཡོད་བཤགས།།
    ལེགས་ཆ་ཡོད་ན་དང་དུ་ལེན་པར་ཞུ།།

  16. དབང་འདུས། says:
    2010-12-13 at 11:19 am

    གྲོགས་མཆེད་དགྱེས་པའི་མཆོད་སྤྲིན་མ་ལགས་ཀྱང་།།
    རེ་ཞིག་བརྟགས་པའི་ས་བོན་ཙམ་ཞིག་ཏུ།།
    སྤེལ་བར་བྱས་སོ་ནོངས་པ་ཡོད་ན་བཤགས།
    ལེགས་ཆ་ཡོད་ན་དང་དུ་ལེན་པར་ཞུ།།

  17. བོད། ལྷ་ཀླུ་གཉན་གསུམ། says:
    2010-12-13 at 1:21 pm

    དབང་བསྡུས་ལགས། ཉིད་ནས་ཡང་དང་བསྐྱར་དུ་ང་རང་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་ཡོད་མེད་ཀྱི་སྐོར་ནས་ལན་དུ་སྒུག་པར་གསུངས་ཀྱི་འདུག དྲང་མོ་བཤད་ན་སྐྱེ་བ་སྔ་ཕྱིའི་སྐོར་ལ་སྔོན་ཆད་ཆུང་དུས་སུ་ཡིད་ཆེས་ཡོད་མཁན་ཞིག་ཡིན་ལ། ཡོད་པ་དེ་ལ་ཡང་རྒྱུ་མཚན་འདི་ཡིན་ཟེར་བ་ཞིག་གཏན་ནས་བཤད་རྒྱུ་ཡོད་པ་ཞིག་མིན། ད་ལྟའི་འཆར་ངས་ཞིབ་དུ་བསམ་བློ་བཏང་དུས་ངས་སྐྱེ་བ་སྔ་ཕྱི་ཤེས་ཀྱི་མི་འདུག མ་ཤེས་པར་ཁས་ལེན་སྟངས་ཀྱང་ཤེས་མ་སོང་། གང་ལྟར། ང་རང་འཆི་བ་ལ་ཧ་ཅང་དགའ་བོ་འདུག དེ་ནི་ང་རང་དགའ་ཕྱོགས་ཤིག་རེད། དེ་རིང་དང་སང་ཉིན་གཉིས་ལས་དེ་རིང་ཤི་རྒྱུ་ཡིན་པ་ཤེས་ན། ད་གཟོད་ང་དགའ་ནས་ངའི་རང་གི་ཁ་ཏ་ངོ་ཤེས་ཚང་མ་ལ་བདེ་མོ་ཞིག་འཇོག་སྲིད། དགའ་བའི་ངང་ནས་སྐྱིད་པའི་ངང་ནས། གང་ཡིན་ཟེར་ན་འཇིག་རྟེན་འདི་ནས་ངོ་ཤེས་པའི་གྲོགས་དང་། ལུས་པོ་སྤྱིན་པའི་ཕ་མ་སོགས་ལ་འགྲོ་ཁའི་སྐད་ཆ་ཞིག་བཤད་འདོད་པ་དེ་ཡང་དགའ་བའི་ངང་ནས་བཤད་འདོད་ཡོད།

    ལྷག་པར་དུ་སྐབས་འདིའི་རྨི་ལམ་ཟེར་བ་ནི། འུ་ཅག་འགྲོ་བ་མི་ཚོས་བཤད་སྲོལ་དུ། ཁྱེད་ཀྱི་རྨི་ལམ་ནི་གང་ཡིན་ཟེར་བ་འདྲ་ཞིག་ངག་རྒྱུན་དུ་ལྟར་ཡོད་པ་དེ་ལྟར་ཡིན་དུས། ངའི་རང་གི་རྨི་ལམ་ནི་འཆི་བ་ཡིན་ཟེར་ནས་ཞུས་པ་ཡིན། དེ་ཡང་ལྡོག་དུ་མེད་པའི་རང་གི་རྨི་ལམ་ཡིན་པ་ཁས་བླངས་པ་དང་དེ་ཡང་དགའ་ཞིང་གུས་པའི་སྒོ་ནས་དང་ལེན་བྱས་པ་དེ་ཙམ་ཡིན། ད་དུང་། ཉིད་ལ་དེ་ཡི་སྐོར་ནས་བཀའ་མོལ་འདྲ་ཡོད་ན་གསུང་དང་དགའ་བསུ་ཡོད། ཨོ་རེད། སྐུ་ཉིད་ནི་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་གྱི་གང་ཟག་ཞིག་ཡིན་པ་འདྲ། དེ་ཡིན་ན་དང་བོ་སྐྱེ་བ་སྔ་ཕྱི་ངོ་ཤེས་སྟངས་སྐོར་ངོ་སྤྲོད་ཞིབ་མོ་ཞིག་གནོང་དང་། ད་གཟོད་ག་ལེར་གླེང་ཡ་་་

  18. ཀརྡོ་རབ་འབྱམས་པ་ says:
    2010-12-13 at 2:29 pm

    འཆི་བ་མི་ཤེས་མི་གཅིག་ཡོད་དམ་ཅི། །
    འཆི་བ་མི་དྲན་མི་འདྲ་ཡོད་དོན་ཅི། །
    འཆི་ཁར་མི་འཇིགས་མི་འདྲ་ཡོད་དམ་མེད། །
    འཆི་ཁར་མི་འཇིགས་ཐབས་ཤེས་ཇི་འདྲ་ཡོད། །

  19. དབང་འདུས། says:
    2010-12-13 at 3:06 pm

    འོ་དེ་བདེན་པ་རེད། སྐྱེ་བ་སྔ་ཕྱིའི་སྐོར་འདི་རྟོགས་སླ་བ་དང་ཞིག་དང་། རྒྱུ་མཚན་དང་ལྡན་པའི་ཡིད་ཆེས་ལས་སླ་བོ་ཞིག་གང་ནས་རྙེད། དེ་ལྟར་རྙེད་ན་དེ་ཤིན་ཏུ་ལྐོག་གྱུར་ཀྱི་གནས་སུ་རྩི་དགོས་དོན་ཡང་ག་ན་ཡོད། ཉིད་ཀྱིས་སྐྱེ་བ་སྔ་ཕྱིའི་སྐོར་ལ་ཆུང་དུས་ཡིད་ཆེས་ཡོད་ཚུལ་དང་། ད་སྐབས་ཤེས་ཀྱིན་མི་འདུག་གསུངས་པ་རྣམས་བདེན་པ་རེད། སྐྱེ་སྔ་ཕྱི་ཡོད་པར་ཐག་མི་ཆོད་ཀྱང་། མེད་པར་ཡང་ཐག་མི་ཆོད་པས་འཆི་བ་ངལ་གསོ་ཡིན་པ་ཇི་ལྟར་གྲུབ་ལགས། ཁྱེད་རང་རྩོམ་ཡིག་ཏུ་༼འཆི་བ་ལས་ལྷག་པའི་ངལ་གསོ་བྱེད་ས་སྟབས་བདེ་བོ་ཞིག་མེད་པར་འདོད་ཀྱི་ཡོད། དེ་རུ་སོང་བ་ནས་བཟུང་། མྱི་ཁ་མེད་ལ། ཞེ་སྡང་མེད། འཐབ་རྩོད་མེད། ཕྲག་དོག་མེད། འཁོན་སེམས་མེད། འགྲན་རྩོད་མེད། དུས་ཚོད་ཀྱི་བྲན་གཡོག་བྱེད་མི་དགོས།༽ འདི་དག་རྒྱུ་མཚན་མེད་པར་ཇི་ལྟར་གྲུབ། སྐྱེ་བ་ཕྱི་མ་མེད་ན་མྱི་ཁ་མེད་ལ་སོགས་བདེན་ཀྱང་། སྐྱེ་བ་ཕྱི་མ་མེད་པར་མ་གྲུབ་ན་བསམ་ཚུལ་དེ་ཡང་ཆུང་དུས་སུ་སྐྱེ་བ་སྔ་ཕྱིར་ཡིད་ཆེས་པ་དང་ཅི་ཕྱིར་མི་མཚུངས།།

    ངས་ཧ་གོ་མ་སོང་འཆི་བ་ནི་ངའི་རྨི་ལམ་ཡིན་ཞེས་པ་དེ་ང་འཆི་བར་འདོད་ཅེས་པ་ཁྱད་པར་མེད་པ་འདྲ། ཡིན་ནའང་དེ་ཁྱེད་རང་གི་དགོངས་ཚུལ་ངོ་མ་དེ་ཡིན་པའི་ཡིད་ཆེས་ངས་བྱེད་མི་ཐུབ། རྒྱུ་མཚན་ནི་གལ་སྲིད་འཆི་བ་དེ་ཁྱེད་རང་གིས་འདོད་པའི་རྨི་ལམ་ངོ་མ་དེ་ཡིན་ན་རྨི་ལམ་དེ་མྱུར་དུ་གཏོང་འདོད་ན་གཏོང་ཆོག་ཆོག་རེད། གལ་སྲིད་ཁྱེད་མྱུར་དུ་འཆི་བར་རྟོགས་ཚེ་ཕ་མ་སྤུན་མཆེད་རྣམས་སྡུག་བསྔལ་གྱིས་མནར་བ་ཐེ་ཚོམ་མེད་མོད། ད་དུང་ཁྱོད་དགའ་བའི་ངང་ནང་སྐྱིད་པོའི་ངང་ནས་སོགས་ཡ་མཚན་པོ་འདུག ཡིན་ནའང་འཇིག་རྟེན་གྱི་ཁམས་འདིར་བསམ་ཚུལ་དྲན་ཚུལ་མི་མཐུན། མཐོང་ཚུལ་དང་སྤྱོད་ཚུལ་མི་མཐུན་པ་སུས་འགོག་པར་ནུས། ཡིན་ནའང་ཁྱེད་རང་གིས་གསུངས་པའི་གནད་འགག་རེ་རེ་དང་། ལྟ་བའི་གྲུབ་ཆ་རེ་རེ་བཞིན་རྒྱུ་མཚན་དང་སྒྲུབ་བྱེད་འགོད་དང་ལྷག་པར་སྤྲོ་ཞིང་། དྲྭ་རྒྱའི་ནང་དུ་འཛུལ་བའི་གྲུབ་འབྲས་སུའང་ངོས་འཛིན་བྱེད་ཆོག

    སྐྱེ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་དེ་སྔོན་མཁས་གྲུབ་རྣམས་ཀྱིས་གསུངས་ཟིན་པ་དག་གིས་ཁྱེད་ལ་ཕན་ཐོགས་འདུག་ན། དེའི་སྐོར་ངའི་སེམས་ལ་འཆར་ཚུལ་ཞིག་འགོད་ཆོག གལ་སྲིད་དེ་དག་ལ་ཡིད་ཆེས་མེད་ན་དེ་ལས་ལྷག་པ་ཅིག་ཕལ་ཆེར་འུ་ཅག་གི་རྙེད་ཚོད་མ་རེད།

    ནོར་འཁྲུལ་ལ་དགོངས་སེལ་ཡོད་པར་ཞུ།

  20. ཀརྡོ་རབ་འབྱམས་པ་ says:
    2010-12-14 at 6:10 am

    འཆི་བ་འཆི་སེམས་བདག་པོ་གང་ན་ཡོད། །

  21. ཀརྡོ་རབ་འབྱམས་པ་ says:
    2010-12-14 at 6:12 am

    འཆི་བ་དབང་འདུས་ལགས་ཀྱི་ལན་རྫོགས་སམ། །

  22. དབང་འདུས། says:
    2010-12-14 at 6:28 am

    འཆི་བ་མི་ཤེས་མི་དེ་ཡིད་ལྐུག་པ།།
    འཆི་བ་མི་དྲན་མི་དེའང་ཡིད་ལྐུགས་པ།།
    འཆི་ཁར་མི་འཇིགས་མི་དེ་རྣལ་འབྱོར་པའམ།།
    ཡང་ན་ལོག་པའི་ལམ་ལ་བརྟེན་པ་འགའ།།
    འཆི་བར་མི་འཇིགས་ཐབས་ཤེས་སྔར་ཞུས་ཟིན།།

  23. བོད། ལྷ་ཀླུ་གཉན་གསུམ། says:
    2010-12-14 at 2:51 pm

    དབང་འདུས་ལགས། ཉིད་ནས་དོ་སྣང་ཆེན་པོས་ལན་ཞིག་གནང་བ་དེར་དགའ་གུས་ཞུ། ལྷག་པར་དུ་བདག་གིས་ཉིད་ཀྱི་མི་ཚེ་འདིའི་ཐོག་གི་ཉམ་མྱོང་གཞི་ལ་བཞག་ནས་སྐྱེ་བ་སྔ་ཕྱིའི་སྐོར་ལ་ལན་རེ་གསུང་རྒྱུ་ཡོད་མེད་ཅིག་འདྲི་བཞིན་ཡོད་པ་ལས། སྔོན་བྱོན་མཁས་པ་དང་སྐྱེ་བུ་ཆེན་པོ་ས་གྲགས་གནམ་གྲགས་ཟེར་ན་རེད། བོད་མི་གནས་ཡུལ་དང་། བོད་ཡིག་ཤེས་མཁན་། ནང་ཆོས་དད་མཁན་དག་གི་ངོ་ཤེས་པའི་རླབས་ཆེ་བའི་སྐྱེ་བོ་དེ་དག་གི་གསུང་བ་དག་དྲངས་ནས་ཤོག་ཟེར་ནས་ཞུས་མེད། སྐུ་ཉིད་ཀྱི་མི་ཚེ་ཐུང་ཐུང་གི་ཁྲོད་ཀྱི་ལན་ཞིག་དང་། རང་ཉིད་ནས་འཆི་བ་ལ་ལྟ་སྟངས་ཅི་ཡོད་སྐོར་ཞིག་གསུང་ན་ག་འདྲ་འདུག བདག་གིས་འཆི་བ་ལ་ལྟ་ཚུལ་གོང་དུ་རེག་བསྡུས་ཤིག་ཞུས་ཟིན་པ་ཡིན། དེ་ནས་ཡིད་མ་ཚིམས་པ་ཡིན་ན། གང་ནས་ཡིད་མ་ཚིམས་ས་དེ་ནས་གསུང་དང་གང་ཐུབ་ཅི་ཐུབ་ཀྱིས་ཁ་གསལ་དུ་གཏོང་ཆོག་ལགས།

  24. དབང་འདུས། says:
    2010-12-14 at 4:58 pm

    སྐུ་ཉིད་ནས་སྐྱར་དུ་ཤེས་རྟོགས་སྤེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    ངའི་ཡིད་མ་ཚིམས་ས་དེ་སྔོན་དུ་བཀོད་ཟིན་ཀྱང་སྐུ་ཉིད་ཀྱི་དོ་སྣང་མ་གནང་བ་འདྲ། མདོར་ན་ཁྱེད་ལ་སྐྱེ་བ་ཕྱི་མ་ཡོད་པར་མ་གྲུབ་པ་བཞིན་མེད་པར་ཡང་སྒྲུབ་བྱེད་མེད་ན། འཆི་བ་ངལ་གསོའི་གནས་བཟང་ཤོས་དེ་ཡིན་པར་ཇི་ལྟར་གྲུབ་ཅེས་ཞུས་པ་ཡིན།
    ངས་ཉིད་ལ་ཞུས་ཟིན་པ་ཡིན། སྐྱེ་བ་ཕྱི་མ་ཡོད་མེད་དེ་ལས་སླ་བོ་ཞིག་མ་རེད། དེར་བརྟེན་ཉིད་ནས་སྐྱེ་སྔ་ཕྱིའི་ཡིད་ཆེས་མེད་ཅེས་པ་བདེན་པ་རེད་ཅེས་ཞུས་ཟིན། ངས་བཤད་ཚུལ་དེ་ལས་ངའི་བསམ་ཚུལ་གང་ཡིན་ཕྱོགས་ཙམ་དཔོག་ཐུབ། མདོར་ན་ང་ནི་སྐྱེ་བ་སྔ་ཕྱི་ཡོད་མེད་གང་དུ་ཐག་མ་་ཆོད་པའི་གང་ཟག་དེ་ཡིན། དཔེར་ན་དེང་དུས་ཚན་རིག་པ་རྣམས་ཀྱིས་སྐྱེ་བ་སྔ་མ་ཡོད་པར་མཐོང་གི་མི་འདུག་ཅེས་པ་དེ་ལ་གོ་རྒྱུ་ཞིག་ཡོད་པ་རེད།
    ཚན་རིག་པ་རྙིང་གྲས་རྣམས་ཀྱིས་མ་མཐོང་བ་རྣམས་མེད་ཅེས་ཐག་གཅོད་བྱེད་ཀྱང་། དེང་དུས་དེ་ལས་བརྒལ་ཏེ་གོང་ལྟར་སྨྲ་དགོས་པ་འདི་ལ་རྒྱུ་མཚན་གང་ཙམ་ཞིག་ཡོད།
    སྐྱེ་བ་སྔ་ཕྱི་མེད་པར་འདོད་ན་སྒྲུབ་བྱེད་མཐར་ཐུག་མ་མཐོང་བའི་ཕྱིར་ཞེས་པ་དེ་ཡིན་པར་སྣང་ལ། ཡོད་པར་འདོད་པའི་སྒྲུབ་བྱེད་ནི། དངོས་པོ་རེ་རེ་ལའང་རིགས་འདྲའི་རྒྱུ་རེ་རེ་དགོས་པ་བཞིན་མངལ་གྱི་གནས་སྐབས་ཀྱི་རྣམ་ཤེས་ལའང་རིགས་འདྲའི་རྒྱུ་ཞིག་དགོས་པར་འདོད་པ་དེ་རྒྱུ་མཚན་གྱི་ནང་ནས་ལེགས་ཤོས་ཤིག་མིན་ནམ་སྙམ། ང་རང་གི་རྒྱུན་དུ་བསམ་ཚུལ་ནི། སངས་རྒྱས་བཅོམ་ལྡན་འདས་ནས་ད་ལྟའི་བར་གྱི་སྐྱེས་ཆེན་རྫུན་མི་གསུང་ངེས་ཅན་དེ་ཚོས་སྐྱེ་བ་སྔ་ཕྱི་ཡོད་པར་གསུངས་འདུག དེར་བརྟེན་ཡོད་པ་འདྲ་སྙམས་པ་དེ་ན་ངའི་ཡིད་བཅོལ་སའི་གནས་ཤིག་ཡིན། འོན་ཀྱང་དེ་ཡིད་ཆེས་རྣམ་དག་ཅིག་ཡིན་པར་སྨྲ་མི་ནུས་སོ།།

    ཡང་ཉིད་ཀྱིས། ༼སྐུ་ཉིད་ཀྱི་མི་ཚེ་ཐུང་ཐུང་གི་ཁྲོད་ཀྱི་ལན་ཞིག་དང་། རང་ཉིད་ནས་འཆི་བ་ལ་ལྟ་སྟངས་ཅི་ཡོད་སྐོར་ཞིག་གསུང་ན་ག་འདྲ་འདུག༽ ཅེས་པ་ལ་ངས་འདི་ལྟར་ཞུ། འཆི་བ་སྤྱི་ལྡོག་ནས་ཡག་སྡུག་གང་དུའང་ཐག་གཅོད་མི་ཐུབ། འོན་ཀྱང་གང་ཟག་སོ་སོ་ལ་ལྟོས་ནས་བཤད་དགོས་པ་འདྲ། དེས་ན་གང་ཟག་ཁ་ཅིག་ལ་འཆི་བ་དགའ་བ་སྐྱེ་བའི་གནས་དང་། ཁ་ཅིག་ལ་འཆི་བ་འཇིགས་པ་སྐྱེ་བའི་གནས་ཡིན། དཔེར་ན་ཉམས་ལེན་མཐར་ཕྱིན་པའི་གང་ཟག་ཅིག་ལ་སྦྱར་ན་འཆི་བ་ནི་འཇིགས་པ་སྐྱེ་དགོས་པའི་གནས་ཤིག་མིན་པར་དགའ་བ་སྐྱེ་བའི་གནས་ཏེ། མི་ལ་རས་པས། ང་འཆི་བས་བསྐྲགས་ནས་རི་ལ་བྲོས། །ནམ་འཆི་ཆ་མེད་སྒོམ་སྒོམ་ནས། །འཆི་མེད་གཉུག་མའི་བཙན་ས་ཟིན། །ད་འཆི་བའི་འཇིགས་པ་བོར་དེ་ཐལ།། ཞེས་དང་། ང་འཆི་བ་འཆི་བ་མ་ཡིན་ཏེ། །རྣལ་འབྱོར་སངས་ཆུང་རྒྱས་པ་ཡིན།། ཞེས་གསུངས་ཡོད།། ༼འདི་དང་འོག་གི་ལུང་ཚིག་ལ་ནོར་བ་ཡོད་ལས་ཆེ་དཔེར་གཏུགས་མ་ཐུབ།༽ དེ་ལྟར་རྣམ་ཐར་ལ་ཙམ་ལ་སྦྱར་ན་གོ་བདེ་བར་འདོད་ནས་རྒྱུ་མཚན་རྣམས་འདིར་མ་བཀོད།

    གང་ཟག་སྡིག་ཅན་གང་ཟག་རེ་ཟུང་ལ་སྦྱར་ན་འཆི་བ་ནི་འཇིགས་པ་སྐྱེ་བའི་གནས་སུ་ངེས་ཏེ། མི་སྡིག་ཅན་འཆི་བ་མཐོང་ཙ་ན། །ལས་རྒྱུ་འབྲས་སྟོན་པའི་སློབ་དཔོན་ཡིན།། ཞེས་གསུངས།།
    རྒྱུ་མཚན་དེར་བརྟེན་ང་ནི་འཆི་བ་བསྐྲགས་མཁན་ཞིག་ཏེ། འཆི་བ་ལ་བསྐྲགས་མི་དགོས་པའི་རྒྱུ་མཚན་ཡང་དག་བཤད་རྒྱུ་མེད་ལ། འཆི་བ་ལ་བསྐྲགས་མི་དགོས་པའི་རྒྱུ་ཚོགས་གང་ཡང་བསྒྲུབས་མེད། མ་ཟད་འཇིག་རྟེན་འདིའི་དཀར་འོད་ལ་འཕྲེང་ཞིང་མིའི་ལུས་རྟེན་འདི་ལ་ཤིན་ཏུ་དགའ་བ་ལགས། མདོར་ན་ང་ནི་གཟུགས་པོ་འདིའི་སྟེང་དུ་དཀའ་སྡུག་གང་ཡང་ལེན་མི་འདོད་པ་ཞིག་ཡིན། མཐའ་ན་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་ཙམ་ཡང་མི་འདོད་ལ། ན་བ་རྒ་བ་འཆི་བའི་སྡུག་བསྔལ་དེ་ལས་ཀྱང་མི་འདོད།།

  25. བོད། ལྷ་ཀླུ་གཉན་གསུམ། says:
    2010-12-15 at 1:30 pm

    དབང་འདུས་ལགས། ཉིད་ནས་སླར་ཡང་རང་གི་དགོངས་ཚུལ་ལྷུག་པོར་སྨྲས་པ་དགའ་གུས་ཞུ།

    ངེད་ཅག་གིས་སྐྱེ་བ་སྔ་ཕྱི་ཡོད་མེད་ཁས་ལེན་མི་ལེན་དེ་ནི་རང་ཉིད་ཀྱི་ཚེ་འདིའི་སྐྱིད་སྡུག་ལེགས་ཉེས་གང་ལ་ཡང་བལྟས་མ་དགོས་པ་ཞིག་ཡིན་མིན་དེ་ལ་སུས་ཀྱང་ཁ་ཚོན་བཅད་དེ་སྨྲ་མི་ཐུབ་ཀྱང་། སྐྱེ་བ་ནས་འཆི་བ་ནི་ལྡོག་དུ་མེད་པ་ཞིག་ཡིན་པ་དེ་ནི་ང་ཚོས་ཀུན་གྱིས་ཁ་གཅིག་གྲགས་ཀྱིས་ཐག་གཅོད་པ་ཡིན་དུས། ངས་ཀྱང་རང་ཉིད་ཀྱིས་སྐྱེ་བ་སྔ་ཕྱི་ཡོད་མེད་མ་ཤེས་པ་ལ། མ་ཤེས་པ་རྒྱུ་མཚན་དུ་བཞག་ནས་སྐྱེ་བ་སྔ་ཕྱི་ལ་་ཡིད་ཆེས་་བྱེད་མ་ཐུབ་པ་དེ་ཡིན་ལགས། དེ་ཡིན་དུས། སྐྱེ་ནས་འཆི་བ་དེ་ནི་འུ་ཅག་གི་མཐར་ཐུག་གི་འགྲོ་ས་དེ་ཡིན་པར་འདོད་ནས་ང་ཡི་རྣི་ལམ་ནི་འཆི་བ་ཡིན་པར་ཐག་བཅད་པ་དེ་ལགས། དེ་མིན་སྐྱེ་བ་སྔ་ཕྱི་ཡོད་མེད་ཀྱི་སྒྲུབ་བྱེད་མཐར་ཐུག་ཞིག་བདག་གིས་སྐྱེ་ཆེན་རྫུན་མི་སྨྲ་བ་དག་གི་གསུང་སྒྲོས་ལ་ཡིད་ཆེས་བྱེད་ཆོག་མིན་གྱི་སྐོར་འདི་ནས་ཞུ་ཚོད་གཏན་ནས་མི་ཐུག་གི གང་ཡིན་ཟེར་ན། རང་ཉིད་ཀྱིས་སྐྱེ་ཆེན་དམ་པའི་ཞབས་རྗེས་ཀྱི་ཤུལ་བཞག་དངོས་དེར་བསླབ་བ་སློབ་གཉེར་ཐར་ཕྱིན་པ་ཞིག་བྱེད་རྒྱུ་མ་བྱུང་བས་ཡིན། གང་ལྟར། འུ་གཉིས་ཀྱིས་འདི་ནས་གླེང་བྱ་ནི་སྐྱེ་བོ་་སྒེར་གྱི་འཆི་བ་ལ་ལྟ་སྟངས་སྐོར་ཡིན་པ་དེ་ཉིད་སྐུ་ཉིད་ནས་ཐུགས་སུ་ངེས་པར་དུ་འཛིན་རོགས།

    འུ་ཅག་སུ་ཡིན་ཡང་འཆི་བ་ལ་འཇིགས་དགོས་པའི་གནད་དོན་དེ་གང་ཡིན་མིན་དེ་ཡི་སྐོར་ལ་བསམ་གཞིགས་ལེགས་པོ་ཞིག་བྱེད་ཐུབ་པ་ཡིན་ན། ད་གཟོད་སྐུ་ཉིད་བགྲེས་ལྟོགས་དང་ན་ཚ་ལ་འཇིགས་པ་ལྟར། འཆི་བའི་སྐོར་ལ་ཡང་འཇིགས་པ་སྐྱེ་སྟངས་ཤིག་གསུང་རྒྱུ་ཡོད་མི་སྲིད་པ་མ་རེད། གང་ལྟར། ཉིད་ནས་རྗེ་མི་ལའི་མགུར་ལུང་འདྲེན་དང་སྤྱར་ནས་འདི་ནས་གསལ་བཤད་ཞུས་པ་སླར་ཡང་བཀའ་དྲིན་ཆེ་ཞུ་བ་དང་སྤྲགས། ཉིད་རང་འཆི་བ་ལ་འཇིགས་དོན་གང་ཡིན་མིན་གྱི་སྐོར་ཞིག་ཞིབ་མོ་བློ་ཡི་དཔྱད་པ་བྱས་ནས་གསུང་རྒྱུ་འདྲ་ཡོད་ན་དགའ་གུས་ཡོད་ལགས། དེ་ཙམ་བྱ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme