Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་བ་རིན་པོ་ཆེའི་བཀའ་ལ་སྒུག་པ།

Posted on 2009-01-12 By རབ་འབྱོར་ 15 Comments on རྒྱལ་བ་རིན་པོ་ཆེའི་བཀའ་ལ་སྒུག་པ།

ང་ལ་རྒྱ་གར་གྱི་བཙན་བྱོལ་སྤྱི་ཚོགས་སུ་འཚར་ལོངས་བྱུང་ཞིང་སློབ་གྲྭར་འགྲིམས་པའི་གྲོགས་པོ་འགའ་རེ་ཡོད།  ང་ཚོ་མཉམ་འཛོམས་རེ་བྱུང་སྐབས་སྤྱི་དོན་དང་སྒེར་དོན་སྣ་ཚོགས་ཀྱི་སྐོར་ལ་འཕྲོས་མོལ་བྱེད།  ན་ནིང་ད་ལོ་གཉིས་ལ་ངས་ཁོང་ཚོར་ནགས་ཚང་ཞི་ལུའི་སྐྱིད་སྡུག་ཀྱང་ཉུང་མཐའ་ཡང་ཐེངས་གསུམ་བཞི་ཙམ་ལ་གླེང་མོལ་བྱས་ཡོད། ད་དུང་ཨ་མདོའི་གྲོགས་པོ་གཞན་པའི་ངག་ནས་ཀྱང་དེབ་འདིའི་སྐོར་ཁོང་ཚོས་ཐོས་ཡོད་ཀྱི་རེད་སྙམ། ཡིན་ན་ཡང་ཁོང་ཚོས་ང་ལ་རྩོམ་པ་པོ་དེ་རྒྱ་མིས་ཅིའི་ཕྱིར་འཛིན་བཟུང་མ་བྱས་རེད་ཟེར་བ་ལྟ་བུའི་དྲི་བ་རེ་ཟུང་དྲངས་པ་མ་གཏོགས།  དེབ་དེ་གང་ནས་རག་གི་རེད།  དེབ་དེ་གཡོར་རྒྱུ་ཨེ་ཡོད་ཟེར་བ་ལྟ་བུའི་ཀློག་འདོད་མངོནཔའི་་གཏམ་ཚིག་རེ་ཁོང་ཚོ་ལས་ཐོན་པ་ངས་དྲན་གྱི་མི་འདུག  དེ་ངས་སྐྱོན་དུ་ཡང་མཐོང་གི་མེད།  སྤྱིར་བཏང་ཁོང་ཚོའི་བོད་ཡིག་གི་ཀློག་རྩལ་ཞན་པ་དང་།  ལྷག་པར་དེབ་འདི་ཨམ་སྐད་ཀྱིས་བྲིས་ཡོད་སྟབས་དེབ་འདི་ཀློག་འདོད་འཕེལ་གྱི་མ་རེད་བསམ་ཡོད། 

ཡིན་ན་ཡང་ཡ་མཚར་བ་ཞིག་ལ།  ཉེ་ཆར་ཁོང་ཚོ་ལས་གཅིག་གིས་ང་ལ་ནགས་ཚང་ཞི་ལུའི་སྐྱིད་སྡུག་གི་དེབ་དེ་བླུ་རྒྱུའམ་་གཡོར་རྒྱུ་ཡོད་མེད་ཀྱི་གཏམ་དྲིས་སོང་།  ངས་ཁོང་ལ་དེབ་དེ་ཨམ་སྐད་དུ་བྲིས་ཡོད་སྟབས་ཁོང་ཚོས་ཀློག་ཁག་པོ་ཡོད་ཚུལ་བཤད་པར།  ཁོང་གིས་གང་ལྟར་ཡང་དེབ་དེ་ཀློག་ཐབས་ཤིག་བྱེད་རྒྱུ་ཡིན་།  རྒྱུ་མཚན་ནི་༧གོང་ས་མཆོག་ནས་ཀྱང་དེབ་དེ་ལ་མཉེས་པོ་གནང་གི་ཡོད་་ཚུལ་ཐོས་སོང་ཟེར། ༧གོང་ས་མཆོག་ནས་དེབ་འདི་ལ་ཐུགས་མཉེས་པོ་གནང་གི་ཡོད་མེད་ལ་ང་ཡ་མ་མཚར།  ཡ་མཚར་བ་ནི་ཁོང་ཚོས་དེབ་ཅིག་ཀློག་འདོད་མིན་ཡང་༧གོང་ས་མཆོག་ནས་དེབ་དེ་ལ་ཐུགས་མཉེས་པོ་གནང་གི་ཡོད་མེད་དེ་ལ་འབྲེལ་ཆགས་ཡོད་པ་དེ་ལ་ང་ཧང་སངས་སོང་།   འདིས་མཚོན་པ་ནི་བོད་ཡིག་གི་དེབ་ཧ་ཅང་ཀློག་འོས་ཆེན་པོ་ཞིག་ཡིན་ཀྱང་།  ༧གོང་ས་མཆོག་ནས་དེབ་དེའི་སྐོར་ལ་ཅི་ཡང་མ་གསུངས་ན་ཁོང་ཚོས་དེབ་དེ་ལ་ཁ་ཡ་མི་བྱེད་པ་དེ་རེད།  འདི་ནི་ཕྱོགས་གཅིག་ནས་༧གོང་ས་མཆོག་གི་གསུང་ལ་གུས་བརྩི་བྱེད་པའི་ཡ་རབས་ཀྱི་མཚོན་རྟགས་ཤིག་ཡིན་ན་ཡང་།  ཕྱོགས་གཅིག་ནས་༧གོང་ས་མཆོག་ལ་སྒུག་ནས་སྡོད་པའི་གཤིས་ཀ་ཞིག་མངོན་ཡོད་པ་ལྟ་བུ་ཞིག་ཏུ་མཐོང་།

སྒེར་གྱི་དོན་ཆུང་འདི་གཞུང་གི་དོན་ཆེན་ལ་ཡང་རིགས་བསྒྲེ་ཐུབ་པ་འདྲ།  འདས་ལོའིཟླ་བཅུ་བའི་ནང་ལ་༧གོང་ས་མཆོག་ནས་བུ་གསོ་ཁང་དུ་བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་རིག་ལ་འབྲས་བུ་ཆུང་བ་དང་།  འདས་པའི་ལོ་ཉི་ཤུ་སུམ་ཅུ་ཙམ་ཞིག་འཕྲོ་བརླག་ཏུ་སོང་ཞེས་གསུངས་པ་དེ་རེད།  ཤེས་རིག་གི་འབྲས་བུ་སྐྱོ་བོ་དེ་ཁ་རྩང་གློ་བུར་དུ་བྱུང་བ་ཞིག་མ་རེད།  ལོ་ཉི་ཤུ་སུམ་ཅུའི་རིང་ལ་ལོ་རེ་རེ་དང་།  ཟླ་བ་རེ་རེ།  ཉིན་མ་རེ་རེ་ལ་འབྱུང་བཞིན་པ་དང་མཐོང་བཞིན་པ་ཞིག་རེད།  ངས་སྔོན་མ་ཞིག་ལ་བོད་ཀྱི་དུས་བབ་ཐོག་ལ་བཙན་བྱོལ་སྤྱི་ཚོགས་སུ་བོད་ཡིག་འབྲི་ཀློག་མི་ཐུབ་པའི་མི་རབས་ཀྱི་འགོ་བཟུང་ནས་ལོ་མང་པོ་སོང་ཡོད་པ་དང་།  བཙན་བྱོལ་སྤྱི་ཚོགས་ཀྱི་ཕ་མས་རང་གི་བུ་ཕྲུག་དང་།   དགེ་རྒན་གྱིས་རང་གི་སློབ་མ།  འགོ་ཁྲིད་ཀྱིས་རང་འོག་གི་ལས་བྱེད་ནས་བོད་ཡིག་གི་འཕྲིན་ཡིག་མ་འབྱོར་བར་ཡུན་རིང་སོང་ཡོད་པའི་ཚོད་དཔག་བྱས་ཡོད།   ཤེས་རིག་གནས་སྟངས་སྐྱོ་བོ་འདི་༧གོང་ས་མཆོག་ལས་བཀའ་བློན་དང་དྲུང་ཆེ།  སྤྱི་འཐུས་རྣམས་ཀྱིས་མཐོང་གསལ་ལོས་ཡིན།  ཡིན་ན་ཡང་ཉེ་ཆར་༧གོང་ས་མཆོག་གི་བཀའ་སློབ་མ་ཕེབས་བར་འདི་འདྲའི་སྐྱོན་ཞིག་མེད་པའི་ཁུལ་གྱིས་བསྡད་ཡོད་པ་རེད།  དེ་ཡང་ཉིན་ཤས་དང་ཟླ་ཤས་ལ་བསྡད་པ་མིན་པར་ལོ་གྲངས་ཉི་ཤུ་སུམ་ཅུ་ཙམ་ལ་བསྡད་པ་རེད།  ༧གོང་ས་མཆོག་གིས་ད་རེས་བཀའ་སློབ་དེ་ཕེབས་མེད་ན་ད་དུང་ལོ་གྲངས་ཅི་ཙམ་ལ་སྡོད་རྒྱུ་ཡིན་པ་སུས་ཤེས།

༧གོང་ས་མཆོག་གི་བཀའ་སློབ་ཕེབས་པ་ན་གཞི་ནས་ཤེས་རིག་གིས་དེའི་སྐོར་ལ་ཚོགས་འདུ་ཞིག་བསྐངས་གཏམ་ཞིག་བོད་ཀྱི་དུས་བབ་ལས་ཐོས།  འདི་ཡང་བགྲོ་གླེང་ཙམ་སྟེ།   བོད་ཀྱི་ཆོས་དང་རིག་གཞུང་འཛམ་གླིང་ལ་དར་ཁྱབ་ཆེ་སྟབས་ཀྱིས་བོད་མི་ས་ཡ་དྲུག་གིས་དགེ་རྒན་བྱས་ན་ཡང་ལྡང་གི་མ་རེད་ཟེར་བ་ལྟ་བུའི་་རང་སེམས་གསོ་བ་མ་གཏོགས་ཅི་ལ་ཡང་མི་ཕན་པའི་བསམ་ཚུལ་རྫིག་པོ་རེ་བཤད་ཡོད་པ་མ་གཏོགས།   ཤེས་རིག་གི་གནས་སྟངས་སྐྱོ་བོ་དེ་བསྒྱུར་བ་ལ་ལག་བསྟར་བྱེད་རུང་བའི་འཆར་གཞི་ཞིག་ལ་གྲོས་བསྡུར་བྱེད་པའི་ཚོགས་འདུ་ཞིག་མིན་པ་འདྲ་ལ།  དེ་འདྲའི་ཚོགས་འདུ་ཚོགས་པའམ་འཚོགས་རྒྱུ་ཡིན་གཏམ་ཅི་ཡང་མ་ཐོས།

ཆུང་ས་ནས་མི་ཞིག་གིས་དེབ་ཅིག་ཀློག་རརིན་ཡོད་མེད་དང་།  ཆེ་ས་ནས་མི་རབས་ཤིག་ལ་ཐོབ་པའི་ཤེས་རིག་གི་འབྲས་བུ་མ་ཐོབ་པ་ལ་དོ་སྣང་བྱེད་མིན་བཅས་ལ་༧གོང་ས་མཆོག་གི་བཀའ་ལ་སྒུག་ནས་འདུག་པ་དེ་བཙན་བྱོལ་བོད་མིའི་སྒེར་གཞུང་གཉིས་ཀའི་གཤིས་ཀའི་ཆ་ཤས་ཤིག་ཏུ་གྱུར་ཡོད་པ་ཡིན་ནམ།

སྣ་ཚོགས།

Post navigation

Previous Post: ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་ཀྱི་གདན་ས་བིཀཱ་རམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང༌།
Next Post: མདའ་ཚན་པ་ལ་མདའ་ལན་དང་པོ།

Comments (15) on “རྒྱལ་བ་རིན་པོ་ཆེའི་བཀའ་ལ་སྒུག་པ།”

  1. འཚོ་བྱེད་བུ། says:
    2009-01-13 at 3:18 am

    ང་ཚོ་ནི་མིའི་གཤིས་ཀ་ལས་ཡོངས་སུ་འདས་ནས་མིའི་འཇིག་ར྄ྟེན་གྱི་འཚོ་ཐབས་དངོས་མ་གཉེར་བར་མཆིས། ཚབས་ཆེ་སར་མིའི་བདག་པོ་རིན་ཐང་ཅན་གྱི་ལམ་བཏོན་པར་མ་བཞུད་པར་ཁོང་ལ་སོར་བཅུའི་འདབ་མའི་དད་པ་ཆེ་མདོག་གིས་མིའི་ནང་རིང་དུ་མཐར་ཕུད། ཡང་ཕྱོགས་གཅིག་གིས་མིའི་བདག་པོ་རིན་ཐང་རིག་མདོག་གིས་དེའི་བཀའ་ལས་གཞན་མི་བྱེད་ཚུལ་བྱེད། དེ་གཉིས་ལ་བསམས་ཚེ་ལ྄ྟག་ཆོས་འབའ་ཞིག་ཡུལ་ལས་མ་མཆིས། གོང་འཁོས་ཤེས་ཡོན་ས྄ླར་གསོའི་ལ་ངས་བྱས་ན། ད་ཡོད་གཞི་རིམ་མཐོ་རིམ་ཁག་གི་དགེ་ར྄ྒན་ཚད་ལ྄ྡན་ཡོང་བར་ས྄ྟ་གོན་བྱ་ར྄ྒྱུ་ཁ་ཚ་དགོས་གཏུགས་ཞིག་རེད་དོ།

  2. བོད། ལྷ་ཀླུ་གཉན་གསུམ། says:
    2009-01-13 at 3:22 pm

    བོད་པ་འདི་བ་ཚང་གི་མི་འདི་དག་གིས་ལོ་དྲུག་བཅུ་ལྷག་གཅིག་ལ་རྒྱལ་བ་རིན་པོ་ཆེ་ལག་པ་འཕྱི་ས་བྱོས་པ་རེད། ད་དུང་མི་རབས་རྒན་པ་ཚོ་རྫོགས་བཞིན་འདས་བཞིན་མི་རབས་གཞོན་པ་དེ་དག་གི་ཡང་རྒྱལ་བ་རིན་པོ་ཆེ་ལག་པ་འཕྱི་ས་མ་གཏོགས་མ་ཉན་དངོས་ནས་ཐབས་སྡུག་རེད། ད་ནི་དྲིན་ཆེན་ཚོ། རྒྱལ་བ་རིན་པོ་ཆེ་ལག་པ་འཕྱི་ས་བྱེད་མཚམས་བཞག་ནས་བཀོད་སྤྱོད་བྱེད་དགོས་ས་ལ་བཀོད་སྤྱོད་བྱེད་རོགས་གནོང་ཞེས་བཤད་དགོས་པ་དེ་ནི་འུ་ཅག་གི་འགན་རེད་འདོད་ཀྱི་ཡོད། ཁྱེད་ཅག་ག་རེ་བསམ།

  3. ཟུར་གནས། says:
    2009-01-13 at 6:59 pm

    བདེན་པ་རེད། ད་ག་རང་རེད། རྒྱལ་བའི་ཁྲིས་ལ་ཡོད་པའི་མི་མང་པོ་ཞིག་ལ་སོ་སོའི་བསམ་བློ་གཏོང་རྒྱུ་མེད་པ་དང་རྒྱལ་བ་རིན་པོ་ཆེའི་བཀའ་སྒུག་ནས། གླེན་རྒྱུག་གི་འཚོ་བ་སྐྱེལ་མཁན་མང་པོ་ཡོད།

    ྔོན་མ་རྒྱ་ནག་ནང་ལ་མའོ་ཙེ་ཏུང་གི་རྗེས་བྲངས་པ་དང་འདྲ་བོ་འདུག དཔེར་ན། ཅང་ཛེ་མིང་གིས་དོར་མ་གྱོན་སྐབས། དོར་མའི་སྟོད་དེ་གྲོད་ཁོག་གི་སྒང་བར་འཐེན་ནས། སྐེད་རག་དེ་གྲོད་ཁོག་གི་སྒང་ལ་འཁེལ་བ་བྱེད་ཀྱི་ཡོད་ཚོད། ཉིན་གཅིག་རྒྱ་མིའི་དམག་དཔོན་ཞིག་གིས་ཅང་ལ་དོར་མ་དེ་ལྟར་གྱོན་དགོས་དོན་ཅི་ཞེས་སྐད་ཆ་འདྲི་སྐབས། འོ། འདི་ྔོན་མ་མའོ་ཙེ་ཏུང་གི་གྱོན་སྟངས་རེད། ཁོང་གི་རྗེས་ལ་ཞུགས་པ་ཡིན་ཟེར། དེའི་རྗེས་སུ། རྒྱ་ནག་གི་དམག་མིའི་སྒྲིག་ཆས་གསར་པ་སྤྲོད་སྐབས། དོར་མ་ཚང་མར་དོར་མའི་བར་མཚམས་ནས་སྐེད་པ་བར་གྱི་རིང་ཚད་དེ་ཆེ་རུ་བཏང་ནས་། དམག་མི་ཚང་མ་དོར་མ་འདི་ལྟར་གྱོན་དགོས་པའི་བཀའ་བཏང་འདུག 

    གོང་གི་ལུགས་སྲོལ་གཉིས་འདྲ་པོ་ཨེ་འདུག 

  4. དགུ་རོང་གྲུབ་ཆེན། says:
    2009-01-13 at 11:01 pm

    བོད་དོན་བདེན་མཐའ་གསལ་བའི་ཆེད་དུ་རྒྱལ་བ་རིན་པོ་ཆེ་ལ་སྒུག །
    གཞིས་ཆགས་དབུལ་སྡུག་སེལ་བའི་ཆེད་དུ་རྒྱལ་བ་རིན་པོ་ཆེ་ལ་སྒུག །
    སློབ་གྲྭའི་ཤེས་རིག་ཡར་རྒྱས་ཆེད་དུ་རྒྱལ་བ་རིན་པོ་ཆེ་ལ་སྒུག །
    བཀའ་བློན་གསར་བའི་དམ་བཅའ་འབུལ་ཆེད་རྒྱལ་བ་རིན་པོ་ཆེ་ལ་སྒུག །

  5. དགུ་རོང་གྲུབ་ཆེན། says:
    2009-01-13 at 11:05 pm

    སྐུ་ཚབ་ནག་པོ་རྒྱ་ནས་ལོག་དུས་རྒྱལ་བ་རིན་པོ་ཆེ་ལ་སྒུག །
    སེམས་ཅན་པགས་པ་ཉོ་ཚོང་འགོག་དུས་རྒྱལ་བ་རིན་པོ་ཆེ་ལ་སྒུག །
    ཆོལ་གསུམ་བོད་མིས་ཡར་ལངས་བྱེད་དུས་རྒྱལ་བ་རིན་པོ་ཆེ་ལ་སྒུག །
    བོད་མིའི་མིང་འདིས་འཛམ་གླིང་ཁྱབ་ཆེད་རྒྱལ་བ་རིན་པོ་ཆེ་ལ་སྒུག །

  6. དགུ་རོང་གྲུབ་ཆེན། says:
    2009-01-13 at 11:06 pm

    ལོ་ལོན་ལ་མགོའི་ཉི་མ་དག་གིས་རྒྱལ་བ་རིན་པོ་ཆེ་ལ་སྒུག །
    དར་མ་མི་དྲན་རྒུ་དྲན་དག་གིས་རྒྱལ་བ་རིན་པོ་ཆེ་ལ་སྒུག །
    བྱིས་པ་སྣབས་ལུག་ཁྲ་ཆུང་མིག་གིས་རྒྱལ་བ་རིན་པོ་ཆེ་ལ་སྒུག །
    གཤིན་པོ་བར་དོའི་འཕྲང་ལམ་འགྲིམ་དུས་རྒྱལ་བ་རིན་པོ་ཆེ་ལ་སྒུག །

  7. དགུ་རོང་གྲུབ་ཆེན། says:
    2009-01-13 at 11:09 pm

    སྐྲ་སེར་མིག་ལྗང་ཕྱི་གླིང་བ་ཚོས་རྒྱལ་བ་རིན་པོ་ཆེ་ལ་སྒུག །
    ལུས་སེམས་ངལ་བའི་གསར་འབྱོར་དག་གིས་རྒྱལ་བ་རིན་པོ་ཆེ་ལ་སྒུག །
    མདོར་ན་བོད་ཀྱི་ཆོས་པ་དག་གིས་རྒྱལ་བ་རིན་པོ་ཆེ་ལ་སྒུག །
    སྲིད་དོན་པ་དག་དེ་བཞིན་ལོས་ཡིན་རྒྱལ་བ་རིན་པོ་ཆེ་ལ་སྒུག །

  8. དགུ་རོང་གྲུབ་ཆེན། says:
    2009-01-13 at 11:12 pm

    སྤྲུལ་སྐུ་འཚོལ་དུས་རྒྱབ་གཉེར་རེག་ཕྱིར་རྒྱལ་བ་རིན་པོ་ཆེ་ལ་སྒུག །
    དཔེ་དེབ་དཔར་དུས་གླེང་བརྗོད་འབྲི་ཆེད་རྒྱལ་བ་རིན་པོ་ཆེ་ལ་སྒུག །
    བྱིས་པ་སྐྱེས་དུས་མིང་ཞིག་གནང་ཕྱིར་རྒྱལ་བ་རིན་པོ་ཆེ་ལ་སྒུག །
    ཐ་ན་ཚོང་ཞིག་འགྲིག་པའི་ཆེད་དུའང་རྒྱལ་བ་རིན་པོ་ཆེ་ལ་སྒུག །

  9. མདའ་ཚན་པ། says:
    2009-01-13 at 11:26 pm

    སྒུག་ས་ཞིག་ཡོད་པ་ཡིན་ན་ཚང་མས་དེ་ལ་སྒུག། སྒུག་ས་ཞིག་མེད་པ་ཡིན་ན་སུ་གིས་སུ་ལ་སྒུག།
    རྒྱལ་པོ་ཞིག་ཡོད་པ་ཡིན་ན་བློན་པོས་དེ་ལ་སྒུག། རྒྱལ་པོ་ཞིག་མེད་པ་ཡིན་ན་བློན་པོ་རྣམས་གིས་བྱེད།།
    ནང་ན་ཨ་ཕ་ཡོད་ན་ཚང་མས་ཨ་ཕར་རེ།། ནང་ན་ཨ་ཕ་མེད་ན་རང་རང་སོ་སོས་བྱེད།།
    རྒྱལ་པོའི་སྐབས་རྒྱལ་ཁབ་ཉམས་ན་ལེ་ལན་རྒྱལ་པོར་འཁྲི།།ཨ་ཕའི་སྐབས་ཁྱིམ་ཚང་ཉམས་ན་ལེ་ལན་ཨ་ཕར་འཁྲི།།

  10. སྐྱོ་ལྷང་ལྷང says:
    2009-01-14 at 1:10 am

    དང་པོ་དེར་མི་སུམ་ཅུར་བསམ་པ་སུམ་ཅུ་དང་མཛོ་སུམ་ཅུར་ར་ཁ་དྲུག་ཅུ་ཡིན་པས་གསར་འབྱོར་་བ་རྒད་པོ་ར་ལགས་དང་གཞིས་ཆགས་བ་xxxགཉིས་ཀྱི་བསམ་བློའི་རྒྱབ་ལྗོངས་དང་ལྟ་བའི་འཁྱེར་སོ། རིན་ཐང་དཔྱད་འཇོག་སོགས་གཅིག་མཚུངས་སུ་མི་འགྲོ་བ་ཆོས་ཉིད་ཡིན།
    གཉིས་ནས། གཞི་ཆགས་བ་xxxནས་རྒད་པོ་ར་ལ་ནགས་ཚང་བྱི་ལའི་སྐྱིད་སྡུག་གི་རྩོམ་པ་པོ་འཛིན་བཟུང་ག་རེ་བྱས་ནས་མ་བྱས་བ་རེད་ཅེས་དོགས་འདྲི་དང་བཅས་རྒད་པོ་ར་ལ་ཆ་འཇོག་གནང་མི་འདུག་པས་རྒད་པོ་ར་སྐུ་རླུང་བཞེས་འདུག
    གསུམ་ནས སྐུ་ཞབས་གཞི་ཆགས་ལགས་ནས་རྒྱལ་བ་རིན་པོ་ཆེས་་དེབ་དེར་ཐུགས་མཉེས་བོ་གནང་ཕྱིར་ཁོས་ད་གཟོད་དེབ་དེ་ཀློག་འདོད་བྱུང་ཞེས་བར་རྒད་པོ་ར་ལགས་ཀྱིས་ཟུར་ཟ་བྱེད་ཁུལ་བྱས་འདུག་ཀྱང་དོན་དངོས་སུ་གཞི་ཆགས་ཞི་ལིས་རྒྱལ་བ་རིན་ཕོི་ཆེར་ཁོའི་ཡིད་ཆེས་ཀྱི་རྩེ་ཕུལ་ནས་རྒད་པོ་རའི་སྐད་ཆ་གད་སྙིགས་ནང་གཡུག་འདུག།
    དེ་ནས་རྒད་པོ་ར་ཕར་མཆོངས་ཏེ་བཙན་བྱོལ་ཤེས་རིག་སློབ་གསོ་ཐད་མ་འཇོན་མདོག་མདོག་གིས་ཁོ་སྔོན་ཐོན་པ་དང་ཁོ་ལ་རྣམ་དཔྱོད་ཆེན་པོ་ཡོད་མདོག་མདོག་བྱས་འདུག
    མདོར་ན་རྒད་པོ་རས་བརྗོད་གཞི་ཆེན་པོ་ཞིག་བློས་བསླངས་ཁུལ་བྱས་འདུག་ཀྱང་དོན་དངོས་སུ་ལུང་ཙི་ཆུང་ཆུང་ཞིག་ནང་རྩེད་མོ་རྩེ་གི་འདུག

  11. བྱམས་པ says:
    2009-01-14 at 4:23 am

    བོད་མི་ཚང་མ་རྒྱལ་བ་རིན་པོ་ཆེའི་བཀའ་ལ་དེ་འདྲའི་བརྩི་མཐོང་ཞིག་ཡོད་པ་ཡིན་ན་བོད་དོན་སྒྲུབ་མཁན་ཡིན་ཟེར་ནི་ཚོས་རྒྱལ་བ་རིན་པོ་ཆེའི་གསུངས་ཆ་ཚང་སེམས་ལ་ཁྲིག་ཁྲིག་ངེས་བ་ཞིག་བྱེད་དགོས་པ་དེ་ཤེས་དགོས་པ་ཞིག་ཡིན་པ་རྟོགས་དགོས།

  12. བོད། ལྷ་ཀླུ་གཉན་གསུམ། says:
    2009-01-14 at 6:29 am

    སེམས་ལ་ངེས་པ་དང་ཁ་ནས་བཤད་ཤེས་པ་དེ་ཙམ་གྱི་རྒྱལ་བ་རིན་པོ་ཆེ་ཚང་གི་ཐུགས་དགོང་འགྲུབ་ཀྱི་མེད། དེ་ལྟར་ཡོད་ན་དེ་ལྟར་བཤད་ཤེས་མཁན་དང་སེམས་ན་ཡོད་མཁན་གྱི་བོད་མི་གྲངས་མི་ཉུང་བ་ཞིག་ཡོད་པ་རེད། ངས་ནམ་རྒྱུན་དུ་བཤད་འདོད་པ་འང་དེ་ཡིན། མི་མང་བོ་ཞིག་གི་རྒྱལ་བ་རིན་པོ་ཆེའི་གསུང་འདུག དེ་རྒྱལ་བ་རིན་པོ་ཆེའི་བཀའ་རེད། དེ་རྒྱལ་རིན་པོ་ཆེའི་ལུང་བསྟན་རེད་ཟེར་ནས་ཡོད་ཚད་རང་ཉིད་ལ་འགན་མེད་པ་ལྟར། ཁོང་རྒྱལ་བ་རིན་པོ་ཆེ་ལ་འགེལ་རྐྱང་བྱས་པ་ལས་འགན་མ་བླངས་པ་དེ་དག་གི་བྱས་ཉེས་ཁོང་གི་མཁྱེན་ནས་ལོ་ངོ་གཉིས་ཀྱི་སྔོན་ནས་བཟུང་ཁོང་གི་དེང་སང་མི་མང་བོ་ཞིག་གི་ང་རང་གི་བཤད་པ་རེད་ཟེར་ནས་ང་རང་ལ་ལག་པ་འཕྱི་ས་མ་གཏོགས་དོན་དངོས་ལག་ལེན་ཐོག་མེད་པ་དེ་འདྲ་བྱེད་མཁན་མང་བོ་ཡོད་ས་རེད། དེ་ཚོ་དངོས་ནས་ཡག་པོ་མ་རེད། དགོས་པ་རྒྱུ་མཚན་ཡོད་ས་ནས་ཁྱེད་རང་ཚོས་ངས་བཤད་ཀྱི་འདུག་ཟེར་ནས་བེད་སྤྱོད་གནང་བ་ཡིན་ན་ངས་དེ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་ཡང་དང་བསྐྱར་དུ་ངེད་ཅག་ཁ་རྒྱག་པ་དག་ལ་ཐེངས་མང་བོ་ཞིག་གསུང་ཚར་ན་ཡང་། ད་དུང་བོད་མི་ལས་མགོ་འཛིན་མཁན་གང་མང་མང་ཞིག་གིས་སྔར་སོང་ལ་འགྱོད་བཤགས་དང་ཕྱི་མ་ལ་སྡོམ་སེམས་གང་ཡང་མེད་པར་སྔར་རྒྱུན་བཞིན་དགོས་པ་ཡོད་མེད་གང་སར་རྒྱལ་བ་རིན་པོ་ཆེའི་མིང་བེད་སྤྱོད་གཏོང་བ་ལས་འགན་འཁུར་གྱི་མེད་མཁན་གྱི་གྲངས་ཀ་སྔར་ལས་ཇེ་མང་དུ་འགྲོ་བཞིན་པ་འདི་དག་ལ་ངེད་ཅག་གི་བརྡ་ཞིག་སྤྲོད་དགོས་ཀྱི་ཡོད། མཚམས་རེར་ངས་གྲོགས་པོ་རེ་ཟུང་དང་གླེང་མོལ་བྱེད་དུས་སུ། ཁོང་ཚོས་ང་ལ་འདི་རྒྱལ་བ་རིན་པོ་ཆེའི་གསུང་བ་རེད་ཅེས་སྐད་ཆ་རེ་བཤད་འོང་དུས། ངས་ཁོང་ཚོ་ལ་རྒྱལ་བ་རིན་པོ་ཆེའི་མིང་འཁུར་ནས་འོང་དེ་ང་རང་ལ་སྐྲག་སྣང་མ་སྐུལ་ཟེར་ནས་ལན་ཡང་ལོག་མྱོང་ཡོད། དེ་ནི་མི་དེ་དག་གི་རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཐུང་ངུ་རེ་ཇ་ཁ་ཆང་ཁ་ནས་རང་རང་གི་གླེང་མོལ་ལ་རྒྱབ་བརྟེན་རེ་འཚོལ་གྱི་ཡོད་པ་ལས་འགན་ལེན་བྱེད་ཀྱི་མེད་པ་དེ་ལ་ངོ་རྒོལ་བྱས་པ་ལས། རྒྱལ་བ་རིན་པོའི་ཆེ་བཀའ་ལ་བརྩི་འཇོག་བྱེད་མི་དགོས་པའི་དོན་ཞིག་གཏན་ནས་མིན། དེ་ནི་གོང་ནས་གསལ་བཤད་བྱས་ཟིན་པ་དེས་ཆོག་པ་བྱོས། དེང་ཕྱིན་བོད་མི་སུ་ཞིག་ཡིན་ན་ཡང་ཆོག མཐོ་དམན་དང་རྒན་གཞོན་མེད་པར་རྒྱལ་བ་རིན་པོ་ཆེའི་བཀའ་གསུང་རེད་ཅེས་སྣང་མེད་དང་བརྩི་བཀུར་མེད་པར་བྱེད་མཁན་དེའི་རིགས་ལ་ངེད་ཅག་གིས་ཅི་ནས་བསམ་བློ་ཞིག་གཏོང་དགོས་པར་འབོད་སྐུལ་དང་རྩོམ་ཡིག་འབྲི་བ། ཕན་ཚུན་ལ་གྲོས་མོལ་བྱེད་པ་སོགས་མང་བོ་ཞིག་བྱེད་ཐུབ་པ་ཡིན་ན་ཡག་པོ་འདུག དེ་མིན་ཚོང་བདག་དག་གི་རྒྱལ་བ་རིན་པོ་ཆེའི་སྐུ་དཔར་ཞིག་ཚོང་ཁང་དང་ཟ་ཁང་ཇ་ཁང་དུ་གཤམ་པ་དང་། ཆོས་པ་ཚོས་མཆོད་ཁང་དང་གཙུག་ལག་ཁང་སོགས་ལ་རྒྱལ་བ་རིན་པོ་ཆེའི་སྐུ་དཔར་གཤམ་པ། མི་དམངས་ཀྱིས་རང་རང་གི་ནང་དང་བསྡོད་ས། ལས་ཁུངས་དང་འགྲུལ་ཁང་སོགས་ལ་རྒྱལ་བ་རིན་པོ་ཆེའི་སྐུ་དཔར་གཤམ་པ་དེ་ཙམ་གྱི་རྒྱལ་བ་རིན་པོ་ཆེ་ལ་དད་ཞེན་ཡོད་པ་མཚོན་མི་ཐུབ་ལ། རྒྱལ་བ་རིན་པོ་ཆེའི་གསུང་བརྩི་བཞིན་པར་དེ་བས་ཡིད་ཆེས་བྱེད་ཐུབ་གཏན་ནས་མེད་པ་དེ་རེད།

  13. བྱམས་པ says:
    2009-01-14 at 7:49 am

    གྲོགས་པོ་ལགས།
    པདེན་པ་རེད། ད་དུང་རྒྱལ་བ་རིན་པོ་ཆེ་སངས་རྒྱས་ཡིན་དུས་ཁོང་གིས་གསུངས་བ་ཐམས་ཅད་ང་ཚོས་ལག་ལེན་ལ་འདེབས་མི་ཐུབ་ཟེར་མཁན་གྱི་པསྐོར་ཞིག་ཀྱང་ཡོད་པ་རེད། ང་ཚོས་ཞིབ་ཏུ་པསམ་བློ་པཏང་ན་རྒྱལ་བ་རིན་པོ་ཆེ་དགུང་ལོ་པཅུ་དྲུག་ནས་བོད་པ་ཚང་གི་སྲིད་དབང་གི་འགན་བཞེས་ཏེ་ལས་དོན་ཆེ་ཆུང་མང་པོ་ཐག་བཅད་བྱས་ཡོད་པ་རེད་ལ། དེང་སང་ས་ཆེན་པོ་འདིའི་སྟེང་ན་བོད་པའི་མཚན་སྙན་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་པ་འདི་ནི་ཁོང་གི་རྣམ་དཔྱོད་ཀྱི་ཐོན་རྫས་ཤིག་ཡིན་པ་ཀུན་གྱིས་པཤད་ཀྱིན་འདུག དེ་ལྟ་ན་རྗེས་ཕྱོགས་ཀྱི་བོད་པ་ཚང་གི་འཐབ་རྩོད་ཀྱི་ངོ་བོ་ཡང་ཁོང་གི་ལམ་སྟོན་བྱས་པ་ནང་བཞིན་འགྲོ་ཐུབ་པ་ཡིན་ན་གྲུབ་འབྲས་ཤིག་ཡོད་པ་ཐག་གི་ཆོད་པ་ཞིག་རེད།

  14. མིག་གསུམ་པ says:
    2009-01-14 at 8:52 am

    དྲ་གྲོགས་རྣམ་པར་ཞུ་རྒྱུར། འུ་ཅག་བོད་པ་ཚང་གིས་ད་དུང་ཏཱ་ལའི་བླ་མ་འཚོལ་ནས་མ་རྙེད་པའི་གནད་དོན་དེ་ལ་ཐུག་འདུག་པར་བསམ། འཚོལ་ནས་རྙེད་པ་ཡིན་ན་བདེ་སྡུག་གི་ཚོར་ཤེས་མངའ་བའི་རླབས་ཆེན་གྱི་སྐྱེས་བུ་ཞིག་གི་འདུ་ཤེས་སྐྱེས་སམ་མི་སྑྱེས། གལ་ཏེ་ཁྱོད་ལ་འདུ་ཤེས་དེ་སྐྱེ་ཡོང་དུས་རང་ཉིད་ཀྱི་ཐེག་པའི་ཁོང་གི་གསུང་ཚིག་རེ་རེ་ཤ་གསེང་རུས་གསེང་དུ་ཟུག་ངེས།

  15. བསྟན་འཛིན། says:
    2009-01-14 at 11:08 am

    སྐུ་ཞབས་སྐྱོ་ལྷང་ལྷང་ལགས།

    ངས་ལྟས་ན། རབ་འབྱོར་གྱིས་བཏོན་པའི་དྭོགས་འདྲི་འདི་ཐད་ཀར་ངེད་ཚོའི་གསོན་འཇིགས་དང་འབྲེལ་བ་འདུག མི་ཞིག་ལ་རང་གིས་རྣམ་དཔྱོད་བེད་སྤྱོད་བྱེད་པའི་ནུས་པ་མེད་པའི་སྐབས་དང་། གཞན་གྱིས་གང་བཤད་ཀྱི་རྗེས་སུ་རྒྱུག་དགོས་ཚེ། མིའི་མཚན་ཉིད་ཚང་གི་མེད་ལ། རྒྱལ་ཁབ་དང་མི་རིགས་དང་། ཆོས་ཕར་ཞོག རང་གི་ལྟོ་བ་འདི་འདྲེན་ཐུབ་རྒྱུར་དཀའ་ངལ་ཡོད། དེ་ན་འདི་ལྟ་བུའི་གནད་འགག་མཐོང་མཁན་གྱི་མི་ལ་ར་མ་སོགས་ཀྱི་དཔེ་མཚོན་བཀོད་ན་འཚམ་པོ་མིན་འདུག 

     

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme