Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནང་ནས་བཙིར། ཕྱི་ནས་རུལ།

Posted on 2010-11-232010-11-23 By ཁ་བརྡ་ 19 Comments on ནང་ནས་བཙིར། ཕྱི་ནས་རུལ།

མདོ་འདུམ་ཚང་།

ང་སུ་ཇ་སློབ་གྲྭར་ཡོད་དུས། བོད་ཡིག་ལ་དོ་སྣང་དང་སྤྲོ་སྣང་དམིགས་བསལ་བ་ཞིག་ཡོད། འོན་ཀྱང་། དོ་སྣང་དང་སྤྲོ་སྣང་དེ་སུས་སྤྲད་པ་རེད་དམ། བོད་ཡིག་གི་དགེ་རྒན་ཚོ་རེད་དམ། ཕལ་ཆེར་མ་རེད། བཙན་བྱོལ་དུ། བོད་ཡིག་གི་དགེ་རྒན་ཞིག་གིས་སློབ་ཕྲུག་ཚོ་བོད་ཡིག་ལ་དགའ་མཁན་བཟོས་བའི་ལོ་རྒྱུས་མེད།
སྔོན་ཆད་མེད་ལ་དེང་སང་ཡང་མེད་པ་འདྲ། སུ་ཇ་སློབ་གྲར་བོད་ཡིག་གི་དུས་དེབ་གསུམ་ཡོད། ལོ་འཁོར་དུས་དེབ་ཟམ་པ།
ལོ་ཕྱེད་དུས་དེབ་སྐྱ་རེངས། ཟླ་རེའི་ཚགས་དེབ་གངས་ཟླ་བཅས་རེད། དུས་དེབ་འདི་གསུམ་གྱིས། ངའི་སེམས་ལ་བོད་ཡིག་གི་ངར་ཤུགས་ལྡུད་མཁན་དུས་དེབ་འདི་གསུམ་ཡིན། དུས་དེབ་འདི་གསུམ་འདོན་མཁན། བོད་ཡིག་ལ་ཤ་ཞེན་ཡོད་མཁན་གྱི་སློབ་མ་རྒན་པ་དག་རེད། ཐོག་མར། སློབ་མ་རྒན་པ་ཚོས། རང་གི་ལག་པས་བྲིས།
རང་གིས་འགྲོ་སོང་བཏང་སྟེ་དཔར་གློག་བརྒྱབ། དེ་ནས་འཛིན་གྲ་སོ་སོར་བཀྲམས། དེའི་རྗེས་སུ་གཞི་ནས་སློབ་གྲའི་གཞུང་གིས་བདག་པོ་རྒྱག་གི་རེད། སློབ་མས་བོད་ཡིག་ལ་བཅིངས་བའི་ཤ་ཞེན་དེ་སློབ་གྲའི་འཛིན་སྐྱོང་ལས་ཆེ། འོན་ཀྱང་། སློབ་གྲའི་འཛིན་སྐྱོང་གི་གཏམ་བཤད་དེ་དག་སློབ་མའི་གྲངས་ཀ་ལས་མང་། ལག་ལེན་ཐོག་སློབ་མ་ཚོ་ངར། གཏམ་བཤད་ཐོག་འཛིན་སྐྱོང་རྫིག

བོད་ནང་དུ། བོད་མི་རྣམས་རྒྱའི་བཙན་གནོན་འོག་ན་ཡོད། དེ་ཡང་། ཆབ་སྲིད་དང་འཛིན་སྐྱོང་གི་བཙན་གནོན་གཅིག་པོ་མིན། སྐད་ཡིག་གི་བཙན་གནོན་འོག་ལ་ཡང་ལྷུང་ནས་ཡོད། ད་ལོར་བོད་དུ། སྐད་ཡིག་གི་རང་དབང་དང་ཐོབ་ཐང་གི་སླད་དུ། སློབ་མ་ཚོས་སྐད་འབོད་བྱས། དགེ་རྒན་ཚོས་མཚན་རྟགས་བསྡུས་ནས་གཞུང་ལ་སྙན་ཞུ་བརྒྱབ།
ལས་བྱེད་རྒན་པ་ཚོས་གཞུང་ལ་བསམ་ཚུལ་བཤད། རྩོམ་པ་པོ་ཚོས་རང་གི་བསམ་ཚུལ་མངོན་སུམ་འཛེམ་མེད་ཀྱིས་བྲིས། བཙན་བྱོལ་དུ། ཁུ་སིམ་མེར་ཡོད། སྐད་འབོད་ཆུང་ཆུང་འགའ་མ་གཏོགས་གྲགས་འགུལ་གཞན་ཅང་མེད།
སྐད་འབོད་ཆུང་ཆུང་རྒྱག་མཁན་དེ་ཚོ་ཡང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་དགེ་སློབ་ཚོ་ཡིན། གཞན། ཐེངས་འདིའི་སྐད་ཡིག་གི་གནད་དོན་ཐད། རྒྱལ་བ་རིན་པོ་ཆེ་ཡང་ཁ་སྔོན་བར་དུ་ཁུ་སིམ་མེར་བཞུགས་ཡོད། བཙན་བྱོལ་བོད་གཞུང་ཡང་དལ་ཅག་གེར་བསྡད་ཡོད། ཁ་སྔོན་བོད་ཁྱིམ་གྱི་མཛད་སྒོའི་སྟེང་དུ་བཀའ་བློན་ཚེ་རིང་ཕུན་ཚོགས་ཀྱིས་དེའི་སྐོར་ཟུར་ཙམ་གླེང་འདུག ཨ་རོ། རྒྱལ་བ་རིན་པོ་ཆེ་ལ་བསམ་ཚུལ་བཤད་ན་ཨེ་འགྲིག བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་རེད་ད། རེད། དེ་བདེན་པ་རེད། ང་ཡང་རྒྱལ་བ་རིན་པོ་ཆེ་ལ་དམ་པ་དམ་ཚིག་གཙང་མ་ཡོད། འོན་ཀྱང་། བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་དང་རྒྱལ་བ་རིན་པོ་ཆེ་གཉིས་ལས། ངེད་ནི། གཞིས་ལུས་རྒྱ་ཆེའི་མི་མང་དང་པོ་དང་རྒྱལ་བ་རིན་པོ་ཆེ་གཉིས་པར་འཇོག་མཁན་གྱི་གྲས་དེ་ཡིན།

བོད་ཀྱི་སྐད་ཡིག་གི་འཆི་གསོན་ཐད། བོད་ནང་གི་རྩོམ་པ་པོ་ཚོས་རང་གི་བསམ་ཚུལ་དྲང་བཤད་བྱས་ཡོད། བསམ་ཚུལ་དྲང་བཤད་བྱས་བ་ལ་བརྟེན་ནས། བོད་ཡིག་གི་སེང་རྡོར་དྲ་བ་སོགས་སྒོ་ཡང་རྒྱག་བཅུག་འདུག
བཙན་བྱོལ་དུ། སྨྱུ་གུ་ཐོགས་མཁན་མང་། དུས་ཚོད་ལ་སླེབས་ན་འབྲི་མཁན་ཉུང་། བྲིས་ན་ནུས་བ་ཐོན་མཁན་དེ་ལས་ཀྱང་ཉུང་། བོད་ནང་དུ་སློབ་མའི་ངོ་རྒོལ་དེ་བྱུང་རྗེས། བཙན་བྱོལ་གྱི་རྩོམ་པ་པོ་ཚོས་ཀྱང་རྩོམ་ཐ་ཐོར་རེ་སྤེལ་ཡོད།
བོད་ཡིག་ཏུ་འབྲི་མཁན་ཚོས་བསམ་ཚུལ་མང་ཙམ་བྲིས་འདུག དབྱིན་ཡིག་ཏུ་འབྲི་མཁན་ཚོས་ཉུང་ཙམ་བྲིས་འདུག དབྱིན་ཡིག་ཏུ་ད་ཕན་རྩོམ་པ་པོ་གསུམ་གྱིས་མ་གཏོགས་བྲིས་མི་འདུག བསྟན་འཛིན་བདེ་སྐྱིད་ཀྱིས་ཨ་རིའི་སྐད་གྲགས་ཅན་གྱི་དྲ་དེབ་(The Huffington Post)ཀྱི་སྒང་དུ་ཕྱི་ཟླ་བཅུ་བའི་ཚེས་༢༥ཉིན་རྩོམ་ཡིག་གཅིག་སྤེལ་འདུག དེ་ལ་མཆན་ཡང་༢༢༨ཙམ་འདུག བུ་ཆུང་ལྡུམ་ར་བསོད་ནམས་ཀྱིས་རང་བཙན་དྲ་རྒྱའི་ཐོག་ལ་སྤྱི་ཟླ་བཅུ་གཅིག་པའི་ཚེས་༩ཉིན་རྩོམ་གཅིག་སྤེལ་འདུག ད་དུང་། སྤྱི་ཟླ་བཅུ་གཅིག་པའི་ཚེས་༡༢ཉིན། འཇམ་དབྱངས་ནོར་བུ་ལགས་ཀྱིས་(The Huffington Post) སྒང་ལ་རྩོམ་གཅིག་སྤེལ་འདུག ངེད་ཀྱིས། དབྱིན་ཡིག་ཏུ་རྩོམ་འདི་གསུམ་ལས་གཞན་མ་མཐོང་། བོད་ཡིག་ཏུ་འགའ་ཤས་བྲིས་འདུག བྲིས་བ་རེ་འགའ་དབྱིན་ཡིག་ཏུ་ཡང་བསྒྱུར་འདུག

བོད་ནང་དུ་སྐད་ཡིག་གི་ཡར་ལངས་བྱེད་དུས། བཙན་བྱོལ་དུ་བཀའ་བློན་ཁྲི་བའི་འོས་བསྡུ་ལ་འུར་ལངས་ནས་ཡོད། འོན་ཀྱང་། བཀའ་བློན་གྱི་འོས་མིར་ལངས་མཁན་ཚོའི་སྤྲོད་ན། བོད་ཀྱི་སྐད་ཡིག་གི་གནད་དོན་ཐད་སྐད་ཆ་བཤད་མཁན་མི་འདུག མ་འོངས་བའི་ལོ་ལྔའི་ནང་ཚུན་དུ་སྐད་ཡིག་ཡར་རྒྱས་ལ་ཤུགས་རྒྱག་གི་ཡིན་ཟེར་མཁན་ཡང་མི་འདུག
མི་མང་གིས་ཀྱང་སྐད་ཡིག་གི་སྐོར་ནས་བཀའ་ཁྲིའི་འོས་མི་ཚོར་དྲི་བ་གཏོང་གི་མེད། གཅིག་བྱས་ན། སྐད་ཡིག་སྐྱོབ་མཁན་དང་སྐད་ཡིག་ཐོག་ཕྱག་ལས་གནང་མཁན་གྱི་བཀའ་ཁྲི་ཞིག མི་མང་ལ་ཡང་དགོས་ཀྱི་མེད་པ་འདྲ། ཡ་མཚན་པ་ཞིག་ལ། བཀའ་ཁྲིའི་འོས་མིར་ལངས་མཁན་ཚོས་བོད་རྒྱའི་གནད་དོན་སྐོར་ལ་མང་པོ་བཤད་བཞིན་ཡོད། དེ་ཡང་ཞིབ་ཏུ་ཚགས་ན། ད་ལྟའི་སྐབས་སུ། བོད་རྒྱའི་གནད་དོན་དེ་། “བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་”ཟེར་བ་དེའི་སྒང་ན་ཡོད།
ཡིག་ཆ་དེའི་ནང་དུ། གཙོ་བོ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཉིས་གླེང་གི་ཡོད། ཁྱེད་ཀྱིས་ཡིག་ཆ་དེ་ྐློག་ཨེ་མྱོང་། སྐུ་མཁྱེན། ཐེངས་གཅིག་ྐློགས་རོགས་གནང་། ད། བོད་ནང་དུ། རྒྱ་ནག་གཞུང་གིས་གཉའ་ནས་བཙུར་ན་ཡང་། རང་གི་ཐོབ་ཐང་རྩོད་བཞིན་ཡོད། བཙན་བྱོལ་དུ། བཙུར་མཁན་མེད་པར་རུལ་བཞིན་ཡོད།

རྩོམ་རིག

Post navigation

Previous Post: བོད་ གཞི་བྱེས་གཉིས་ཀྱི་རྒྱལ་ཕམ།
Next Post: ཕྱི་ནས་བལྟས་ན་ང་ཞིག་རེད།

Comments (19) on “ནང་ནས་བཙིར། ཕྱི་ནས་རུལ།”

  1. བོད། ལྷ་ཀླུ་གཉན་གསུམ། says:
    2010-11-23 at 2:23 pm

    སྐད་ཆ་དམར་དམར་ཤོད། སེམས་པ་གཙང་མ་ཡིན་ན་ད་གཟོད་དོན་དག་ཞིག་འཁྱོངས་ཀི་རེད།

  2. འབྲོང་བུ་སོག་ཚ། says:
    2010-11-23 at 2:42 pm

    ༈ བུ་ཁྱོད་ཀྱིས་སྐད་ཆར་རྒྱབ་སྐྱོར་ཡོད་ལ་གསལ་འདེབས་ཡང་ཡོད། དང་པོ་རྒྱབ་སྐྱོར་བྱས་དོན་ནི། བོད་མི་རིགས་འདི་ཡི་སྲོག་རྩ་ངོ་མ་ནི་བོད་ཡིག་དང་དེའི་སྟེང་བསྐྲུན་པའི་ཡིག་ཚོགས་དེ་དག་ཡིན་ལ། དེ་ལྟ་བུའི་ཚེ་སྲོག་འདི་འཚོ་དགོས་ན་བོད་ཀྱི་སྐད་ཡིག་འདི་ངེས་པར་དུ་གནས་དགོས་ཤིང་། དེ་ཙམ་དུ་མ་ཚད་༧རྒྱལ་བའི་བཀའ་འགྱུར་རིན་པོ་ཆེས་དབུས་ནང་དོན་རིགས་པའི་དཔེ་ཚོགས་རྣམས་ཀྱང་སྐད་ཡིག་འདིའི་སྟེང་ཡོད་པ་དེ་སྐད་ཡིག་གཞན་གྱི་སྟེང་མེད་པ་ནི་དེང་སང་མངོན་འགྱུར་ཡིན་པས་རྒྱུ་མཚན་དང་།
    གསལ་འདེབས་ནི། ཁྱེད་ཀྱིས་བཀའ་མོལ་ནང་གཞི་བྱེས་གཉིས་བར་འགལ་ཟླ་ལྟ་བུའི་བསམ་ཚུལ་དང་། རྒྱུ་མཚན་མེད་པའི་ལུང་ཁག་གཅིག་ཀྱང་བགྲངས་གནང་འདུག་པས་དེ་ལྟ་བུའི་རིགས་མི་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། གང་ལགས་ཤེ་ན། ད་ནས་བཟུང་སྐྱེ་བ་འདིའི་ཚེ་ཡི་འདུས་བྱས་མ་སྟོང་བར་བོད་པའི་སྤྱི་ཚོགས་ཤིག་གི་ནང་གནས་དགོས་སྟབས་རང་རེ་བོད་པ་ཡོད་དོ་ཅོག་གཅིག་སྒྲིལ་གྱི་ནུས་པ་འདོན་རྒྱུ་དེ་རྒྱུ་མཚན་གཙོ་བོ་ཡིན་པས་དེ་དོན་ཐུགས་ལ་བཞག་རོགས།

  3. ཟླ་བ་ཆོས་འཛོམས་། says:
    2010-11-23 at 4:35 pm

    བོད་ཀྱི་སྐད་ཡིག་གི་ཐད་ལ་བོད་ཕྱི་ནང་གཉིས་ཀྱི་སེམས་ཚོར་ལ་ཆེ་ཆུང་ཡོད་པ་ནི་དངོས་ཡོད་རེད་། གོང་གི་རྩོམ་ཡིག་དེས་ས་ཕྱར་ན་རྡོ་ཕྱིར་ལ་བསྟན་འདུག། བོད་ཀྱི་སྐད་ཡིག་སྲུང་སྐྱོབས་ཀྱི་ཐདལ་་བོད་ཕྱི་ནང་གཉིས་ཀྱི་ལགས་ལེན་འགལ་ཟླ་རེད་། མི་འདོད་ན་ཡང་དངོས་ཡོད་ཡིན་པས་། མི་འདོད་བཞིན་དུ་ཁས་ལེན་དགོས་པ་ཞིག་རེད་།

  4. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-11-23 at 6:06 pm

    བཙན་བྱོལ་ནང་གི་བོད་ཡིག་གི་གནས་བབ་ལ་གཞིགས་ན། བཙན་བྱོལ་དུ་ཡོང་ཉིན་ནས་ཐོག་མའི་འཆར་གཞི་ནོར། བར་གྱི་གོམ་སྟབས་ནོར། མཐའ་མའི་གྲུབ་འབྲས་ཀྱང་ནོར་ཡོད་པ་རེད།

  5. Ogyend says:
    2010-11-23 at 10:04 pm

    ཕྲན་ནས་བོད་ནང་གི་མཁས་དབང་མཁྱེན་རབ་དབང་ཕྱུག་མཆོག་གི་གསུང་བཤད་འདི་སྒྲ་འཛིན་འཁོར་ཐག་ནས་སྒྲ་སྐད་ཡིག་ཐོག་ཏུ་ཕབ་པ་ཞིག་ཡིན་པས་ངས་མཆན་གྱི་ཚུལ་དུ་དུམ་བུ་གསུམ་པ་འདི་འདོན་སྤེལ་ཞུ་རྒྱུ་ཡིན་ན་དྲ་གྲོགས་རྣམ་པས་ལྗགས་ཀློག་གནང་བ་ཞུ། ཐུགས་ཕན་གསོ་བའི་རེ་བ་ཡོད། བཀྲིས་བདེ་ལེགས།
    མཁས་དབང་མཆོག་གི་གསུང་བཤད་དུམ་བུ་གསུམ་པ་དབུ་འཛུགས་ཞུ་རྒྱུ།
    སྔོན་ཆད་ང་རང་ཚོའི་སྤྱི་ཚོགས་རྙིང་པའི་དུས་སུ་ཡིན་ན། མི་རིགས་རང་གི་ཆེད་དུ་བསམ་བློ་གཏོང་མཁན་ཟེར་ཡག་དང༌། གཏོང་དགོས་ཀྱི་རེད་ཅེས་བཤད་མཁན་ཞིག་གོ་མ་མྱོང༌། ང་རང་གི་ཡིན་ནའང་གོ་མ་མྱོང༌། མི་རིགས་ཀྱི་དོན་དག་ལ་བསམ་བློ་གཏོང་དགོས་ཀྱི་རེད་ཟེར་མཁན་ཞིག་བྱུང་མ་མྱོང་ལ། རང་གི་ཡང་མི་རིགས་ཀྱི་དོན་དག་ཟེར་ཡག་དེ་ག་འདྲ་གཅིག་ཡིན་དང༌། དེ་འདྲའི་བསམ་བློ་བཏང་མ་མྱོང༌། དེ་འདྲ་ཡིན་ཙང༌། ད་ལྟ་ང་རང་ཚོའི་སྤྱི་ཚོགས་གསར་པ་རེད། ང་ཚོ་བོད་ཀྱི་མི་རིགས་ཡིན་ནའང་འདྲ། བོད་ཀྱི་རིགས་གནས་ཡིན་ནའང་འདྲ། ས་གཞི་ཆེན་པོ་འདིའི་ཐོག་ལ་ཡུན་རིང་པོའི་བར་དུ་གནས་ཐུབ་དང༌། མི་ཐུབ་ཀྱི་ཡར་འགྲོ་མར་འགྲོ་ཡི་ས་མཚམས་རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟ་བུ་དེ་འདྲ་ཡི་དུས་སྐབས་ཤིག་ཤར་སྡོད་ཡོད་རེད། ད་ལྟ། བོད་མི་རིགས་ཡིན་ནའང་འདྲ། བོད་ཀྱི་རིགས་གནས་ཡིན་ནའང་འདྲ། འཇིག་རྟེན་འདིའི་ཁམས་ལ་རྒྱུན་རིང་པོའི་བར་དུ་སྐུ་ཚེ་རིང་པོའི་བར་དུ་བཞུགས་དང་མ་བཞུགས་ཀྱི་གནད་འགག་དང་འགག་ས་དེ་འདྲ་ཞིག་ལ་ཐུག་སྡོད་ཡོད་རེད།
    དེ་འདྲ་ཞིག་བཤད་དགོས་ཡག་གི་རྒྱུ་མཚན་ག་རེ་རེད་ཟེར་ན། ང་ཚོ་སྔོན་མ་སྤྱི་ཚོགས་རྙིང་པའི་སྒང་ནས་ལོ་བརྒྱ་སྟོང་མང་པོ་ཞིག་གི་རིང་ལ། ང་རང་ཚོ་ལ་རིག་གནས་བཅུ་ཕྲག་རིག་པའི་གནས་ཟེར་ཡག་གཅིག གཞན་ལ་སྨོན་མི་དགོས་པའི་རིག་གནས་ཆ་ཚང་བ་ཞིག་ཡོད་རེད། དེ་རང་གི་ངང་གི་ང་རང་ཚོས་བསྡད་བཞག་པ་རེད། བསྡད་བཞག་དུས། སྐབས་དེ་དུས་ཡིན་ན། སྤྱི་ཚོགས་དེའི་སྒང་ལ། འགྲིགས་འགྲོ་ཡི་ཡོད་རེད། ཁོ་རང་རང་གི་འདང་འགྲོ་ཡི་ཡོད་རེད། དེ་འདྲ་ཡིན་ཙང༌། ད་ཆ་ཡར་འགྲོ་མར་འགྲོ་ས་མཚམས་རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟ་བུ་ཞིག་ཡིན་དགོས་ཡག་དེ་ག་རེ་རེད་ཟེར་ན། དེང་སང༌། ཆེ་ས་ནས་བཤད་ན་ང་རང་ཚོའི་འཛམ་གླིང༌། འབྲིང་གི་ཐོག་ནས་བཤད་ན། ང་རང་ཚོའི་རྒན་ཡོག་མི་རིགས་ཀྱི་གྲངས་ཉུང་ ༥༦ གམ་ ༥༥ ཡོད་པའི་གྲངས་ཉུང་མི་རིགས་རྒྱལ་ཁབ་ཆེན་པོ། ཆུང་ས་ནས་བཤད་ན་ང་རང་ཚོ་བོད་མི་རིགས་བོད་ཆོལ་ཁ་གསུམ། དབུས་གཙང༌། མདོ་སྟོད། མདོ་སྨད། ཆོལ་ཁ་གསུམ་གང་གི་ནང་ལ་ཡིན་ནའང༌། སྔོན་ཆད་ང་རང་ཚོ་ནང་བཞིན། ལོ་སྟོང་ཕྲག་གི་རིང་ལ་བཅུ་ཕྲག་རིག་པའི་གནས་ལ་མགོ་འཁོར་ནས་སྡོད་ཡག་གི་དུས་ཚོད་དེ་ཡོལ་བ་རེད། སྡོད་དགོས་བསམ་ནའང་སྡོད་ཐབས་མེད་པ་གཅིག་ཆགས་པ་རེད། མ་གཏོགས་མི་ཁ་ཤས་གཅིག་གིས་སྡོད་འདོད་པ་དེ་ཁག་གཅིག་གིས་སྡོད་དུ་མ་འཇུག་པ་བྱས་ནས་བཙན་པོ་བྱས་བཞག་པ་གང་ཡང་མ་རེད། དེ་ཁོ་རང་གི་འཇིག་རྟེན་གྱི་འགྲོ་སྟངས་ཤིག་རེད། འཛམ་བུ་གླིང་དེ་འདྲ་ཞིག་རེད། འཛམ་བུ་གླིང་འགྲོ་སའི་ལམ་དེ་ཁག་ཁག་གཅིག་ལ་འགྲོ་ཡི་ཡོད་རེད། དེ་འདྲ་ཞིག་ལ་ཡོད་དུས། ད་ང་རང་ཚོ་ཡར་འགྲོ་མར་འགྲོ་ས་མཚམས་ཡིན་དགོས་ཡག་ག་རེ་རེད་ཟེར་ན། ང་ཚོ་བོད་ལ་གཞན་ལ་སྨོན་མི་དགོས་པའི་བཅུ་ཕྲག་རིག་པའི་གནས་དེ་ཡོད་རེད། ཡོད་དེ་ཡོད་རེད། དེ་ཡིན་ན་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཀྱང་རེད། སྤོབས་པ་སྐྱེ་དགོས་པའི་རིག་གནས་ཤིག་རེད། དེ་ག་དུས་རེད་ཟེར་ན། དེ་དུས་རེད། གནད་འགག་དེ་གར་སྡོད་ཡོད་རེད། ང་ཚོར་དེ་ཕན་ཐོགས་པ་གཅིག་མ་རེད། རླབས་ཆེན་མ་རེད། སྤོབས་པ་སྐྱེ་དགོས་པ་ཞིག་མ་རེད་ཟེར་གྱི་ཡོད་མ་རེད། དུས་ཚོད་ག་དུས་རེད་ཟེར་ན། དེ་དུས་རེད་ཟེར་ཡག་རེད་མ་གཏོགས་ད་ལྟ་རེད་ཟེར་གྱི་ཡོད་མ་རེད། ང་ཚོ་བཅུ་ཕྲག་རིག་པའི་གནས་དེ་ནི་ལོ་སྟོང་ཕྲག་གཉིས། ཨ། ལོ་སྟོང་ཕྲག་གཉིས་གསུམ་གྱི་གོང་གི་རིག་གནས་གཅིག་རེད། སྐབས་དེ་དུས་ཡིན་ན། ང་རང་ཚོ་གཞན་སུ་ལའང་རེ་མི་དགོས་པ་ཞིག་དང༌། ང་རང་ཚོ་སྤོབས་པ་སྐྱེ་ཆོག་ཡག་གི་ང་རང་ཚོར་རིག་གནས་ཆ་ཚང་གཅིག་ཡོད་རེད། ད་དེ་ཡི་ཁོ་རང་སྐབས་དེ་དུས་ཀྱི་སྤྱི་ཚོགས་ཀྱི་ནང་ལ་འདང་གི་ཡོད་རེད། ཡིན་ནའང༌། ད་ཆ། སྤྱི་ཚོགས་ཡར་རྒྱས་ཕྱིན་པའི་སྐབས་འདིར་ང་ཚོ་བཅུ་ཕྲག་རིག་པའི་གནས་གཅིག་པུ་ལ་མགོ་འཁོར་ནས་སྡོད་བསྡད་ན། ད་འགྲིགས་ཀྱི་ཡོད་མ་རེད། དེ་གཅིག་རེད།

  6. kalsang dorjee says:
    2010-11-23 at 11:42 pm

    what happaned to woser?

  7. གངས་ཕྲུག says:
    2010-11-24 at 1:46 am

    ཨ་རོགས་མདོ་འདུམ་ “རྒྱལ་བ་རིན་པོ་ཆེ་ཡང་ཁ་སྔོན་བར་དུ་ཁུ་སིམ་མེར་བཞུགས་ཡོད།” ཞེས་པའི་ནང་༸རྒྱལ་བ་རིན་པོ་ཆེ་དུས་ཚོད་ག་དུས་ནས་ག་དུས་བར་ཁུ་སིམ་མེར་བཞུགས་པ་རེད་དམ། ལན་གསལ་པོ་ཞིག་ཁྱེར་ཤོག་དང་ངེད་གཉིས་ཁ་བརྡ་ལྷོད་ལྷོད་ངང་བྱེད་ཆོག

  8. མདོ་འདུམ་ཚང་། says:
    2010-11-24 at 3:26 am

    Read the link below.
    http://www.tibettimes.net/news.php?showfooter=1&id=3643

  9. རྡོ་རྗེ། says:
    2010-11-24 at 3:45 am

    ང་ཚོ་བོད་མི་རིགས་འདི་ཉིད་འཛམ་གླིང་གི་ས་སྒང་འདིའི་སྟེང་གནས་དགོས་ཤིང་། གནས་འདོད་ཡོད་ན་ང་ཚོས་གཅིག་གི་གཅིག་ལ་ང་ལན་ཁྱོད་ལན་བྱས་པས་མི་ཕན་པར་བོད་མི་ཞིག་ཡིན་ཕྱིན་སོ་སོའི་ནུས་ཚོད་ལ་དཔག་པའི་སྐད་ཡིག་སྲུང་སྐྱོབ་བྱ་དགོས་ཤིང་། བྱ་ཚུལ་ཡང་སོ་སོའི་གདོང་ལ་སོ་སོས་འཛུབ་མོ་འཛུགས་ནས་ང་བོད་མི་ཞིག་ཡིན་པའིོ་ངོ་བོ་ངོས་འཛིན་ཡང་དག་ཞིག་བྱས་ཏེ་དེ་ཉིད་ཡུན་གནས་ཆེད་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་ལས་ལ་འབད་དགོས་སོ།།

  10. ཨ་རུ་ར། says:
    2010-11-24 at 8:18 am

    མདོ་འདུམ་ཚང་ཁྱེད་རང་སུ་ཇ་སློབ་གྲྭར་ཡོད་དུས། བོད་ཡིག་ལ་དོ་སྣང་དང་སྤྲོ་སྣང་དམིགས་བསལ་བ་ཞིག་ཡོད་པའི་རྒྱུ་མཚན་ནི། བོད་དུ་ཁྱེད་རང་གི་གནས་ཡུལ་དེ་གྲོང་གསེབ་ཅིག་ཡིན་པའི་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པ་དང་གཅིག སློབ་སྦྱོང་མེད་པའི་རྒྱུ་མཚན་གྱི་འཚོ་གནས་མ་ཐུབ་པ་དང་གཉིས། རྒྱུ་མཚན་འདི་གཉིས་ཀྱི་དེད་ནས་ཁྱེད་རང་བཙན་བྱོལ་དུ་ཡོང་དགོས་ཐུག་པ་རེད། བཙན་བྱོལ་གཞུང་གི་ཁྱེད་རང་ལ་རིན་མེད་ཐོག་འཚོ་གོས་གནས་མལ་དང་། སློབ་སྦྱོང་གི་གོ་སྐབས་སྤྲད་དུས་བོད་ཡིག་ལ་དོ་སྣང་དང་སྤྲོ་སྣང་དམིགས་བསལ་པ་ཞིག་བྱུང་བ་རེད།
    བོད་ནས་ཡོང་མཁན་ཚང་མ་ཁྱེད་རང་དང་གཅིག་པ་མིན། ཤེས་ཡོན་སློབ་སྦྱོང་གི་རབ་ཏུ་ཕྱུག་པའི་ཁར་བོད་ཀྱི་བསྟན་པ་ཆབ་སྲིད་སླར་གསོ་ཆེད་ཕྱི་ནང་གསང་གསུམ་སྒོ་ནས་ཕྱག་ལས་གནང་སྟེ། བོད་དུ་སྡོད་ཐབས་བྲལ་བ་མང་དག་ཅིག་འབྱོར་གྱི་ཡོད་ནའང་འདི་དག་ཁྱེད་རང་ནང་བཞིན་སུ་ཇ་སློབ་གྲྭ་རུ་སློབ་སྦྱོང་བྱེད་མི་དགོས་པར་འཕྲད་དུ་བཙན་བྱོལ་གཞུང་གི་ལས་ཁུངས་སོ་སོའི་ནང་དུ་ཕྱག་ལས་གནང་གི་ཡོད་པ་ཀུན་གྱི་ཤེས་གསལ་རེད།

  11. སྟག་འབུམ says:
    2010-11-24 at 9:17 am

    མདོ་འབུམ་ཚང་སྐུ་ཉིད་བཙན་བྱོལ་དུ་ཁྲོན་པ་ཆུང་ཆུང་ཞིག་གཏིང་ནས་འཛམ་གླིང་ལ་རྒྱང་ལྟ་བྱས་ཏེ། ད་བར་ཁུ་སིམ་མེར་བཞུགས་ཡོད་པ་ཉིད་ཀྱིས་༧གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་ཟུར་ཟ་གནང་སྟངས་ལས་ཤེས་ཐུབ་ཀྱིན་འདུག འུག་པས་ཉིན་མོ་མི་མཐོང་བ་ཉི་མའི་སྐྱོན་མིན་པ་རྣམ་དཔྱོད་ཅན་སྐྱེ་བོས་མཐུན་སྣང་དུ་གྲུབ་བས་ཁ་ནང་དུ་ཕྱོགས་ཏེ་མཛུབ་མོ་རང་ལ་གཟུགས་རྒྱུ་གལ་ཆེ །

  12. སྟག་འབུམ says:
    2010-11-24 at 9:49 am

    རང་ཉིད་མི་རིགས་འདི་ལ་ཤ་ཚ་དང་ཆབ་སྲིད་ཀྱི་གོ་རྟོགས་ཡོད་མཁན་ཞིག་ཡིན་ན ། ཆིག་སྒྲིལ་གྱི་ནུས་པ་ཕྱོགས་གཅིག་ཏུ་སྤུངས་ཐབས་ལས་གཞིས་ལུས་སྤུན་ཟླའི་སེམས་ཤུགས་ཆག་གཞིའི་བཀའ་མོལ་མ་གནང་ན་ལེགས་པར་སེམས །

  13. མདོ་འདུམ་ཚང་། says:
    2010-11-24 at 3:22 pm

    དང་པོ།
    སྐྱོན་རྒྱག་མཁན་དང་མོས་མཐུན་ཞུ་མཁན་གྱི་གྲངས་ལ་མ་ལྟོས་པར།
    ཕྱོགས་གཉིས་ཀར་ཐུགས་རྗེ་ཆེ་ཞུ་གི་ཡོད། བསམ་ཚུལ་མི་མཐུན་པ་ཡོང་གི་རེད། དགག་པ་རྒྱག་རེས་ཀྱང་ཡོང་གི་རེད།
    གཙོ་བོ། གནད་་དོན་ངོ་འཕྲོད་དགོས་རྒྱུ་དེ་གལ་ཆེན་པོ་རེད། གནད་་དོན་ངོ་འཕྲོད་སོང་ན། དགག་པ་རྒྱག་མཁན་ག་ཚོད་བྱུང་རུང་དེ་ལ་དགའ་བསུ་ཡོད།
    གཉིས།
    འདི་གཞིས་བྱེས་གཉིས་ཀྱི་དབར་ལ་འགལ་ཟླའི་བསམ་ཚུལ་མ་རེད། འདི་དངོས་ཡོད་གནས་ཚུལ་རེད། དངོས་ཡོད་ཡིན་པ་དེ་ཁས་ལེན་དགོས་རེད།
    དངོས་ཡོད་ངོ་མ་འཕྲོད་ནས་ཆིག་སྒྲིལ་ཟེར་བ་ལས། དངོས་ཡོད་ངོ་འཕྲོད་ནས་བསམ་ཚུལ་བཤད་ན་དགེ་ཕན་ཆེ་བར་འདོད།
    བོད་ནང་དུ་བོད་ཡིག་གི་ཆེད་དུ་རང་སྲོག་འཇོག་གི་འདུག བཙན་བྱོལ་དུ་བོད་ཡིག་ལ་བདག་པོ་རྒྱག་གི་མི་འདུག འདི་དངོས་ཡོད་རེད།
    དངོས་ཡོད་འདི་ཆིག་སྒྲིལ་ཡོད་མེད་ཀྱི་སྐད་ཆ་མ་རེད།
    གསུམ།
    བོད་མི་རིགས་ཟེར་བ་འདི་ས་སྒང་རིལ་མོ་འདིའི་སྒང་གནས་དགོས་བ་དེ་ཡང་དངོས་ཡོད་རེད། དེ་གནས་བ་ལ།
    དེའི་སྲོག་རྩ་སྐད་དང་ཡི་གེ་དེ་སྲུང་སྐྱོབ་བྱེད་དགོས་བ་ཡང་དངོས་ཡོད་རེད། སྲུང་སྐྱོབ་ཀྱི་སྲོག་ཤིང་དེ་ཆིག་སྒྲིལ་ཙམ་མ་རེད།
    གནད་དོན་ངོ་འཕྲོད་རྒྱུ་དེ་རེད། གནད་དོན་ངོ་འཕྲོད་ན་ཆིག་སྒྲིལ་ཡོང་གི་རེད། གནད་དོན་ངོ་མ་འཕྲོད་ན། ཆིག་སྒྲིལ་ཕ་རིའི་སྤང་རྒྱན་རེད།
    བཞི།
    ད་ལྟའི་གནས་སྟངས་འདི། བོད་ཕྱི་ནང་གི་དངོས་ཡོད་གནས་སྟངས་ངོ་འཕྲོད་ནས་ཕྱག་ལས་གནང་དགོས་བའི་དུས་ཚོད་ཞིག་རེད།
    ཆིག་སྒྲིལ་ཟེར་བཞིན་མགོ་རུམ་ལ་བཏང་ནས་འདུག་པའི་དུས་ཚོད་ཞིག་མ་རེད། འདི་སེམས་ལ་ཟུངས།
    དེ་ཙམ་ཡིན།

  14. མདོ་འདུམ་ཚང་། says:
    2010-11-24 at 3:30 pm

    སྤྱི་ཡོངས་ཀྱི་བསམ་ཚུལ་དེ་བཤད་ཚར་བའི་རྗེས་སུ།
    དྲ་གྲོགས་སྒེར་བ་གཉིས་ལ་ལན་རྒྱག་གི་ཡིན། དེ་གངས་ཕྲུག་དང་ཨ་རུ་ར་གཉིས་ལ་ཡིན།
    དང་པོ།
    བོད་ནང་དུ་སློབ་མའི་ངོ་རྒོལ་དེ་བྱུང་བའི་སྐབས་སུ། ༧གོང་ས་མཆོག་གིས་ཨ་རིར་ཆིབས་བསྒྱུར་བསྐྱངས་དང་སྐྱོང་བཞིན་པའི་སྐབས་རེད།
    དེ་དུས་དེའི་སྐོར་ལ་བཀའ་སློབ་གནང་མི་འདུག དེའི་རྗེས་ནས་ཀྱང་བཀའ་སློབ་འདྲ་མི་འདུག ཉེ་ཆར་སིས་ཨན་ཨན་གྱི་གསར་འགོད་པ་ཞིག་གི་དྲི་བར་ལན་གནང་་འདུག
    འདིའི་འབྲེལ་ཐག་གོང་དུ་བཞག་ཡོད། ཁྱེད་ཚོར་ཁུངས་སྐྱེལ་དམིགས་བསལ་ཡོད་ན། འབྲེལ་ཐག་འདི་ལ་འཇོག་རོགས་གནང་།
    གཉིས།
    ང་རྒྱ་གར་དུ་༡༩༩༩ལོར་ཡོང་བ་རེད། དེ་དུས་ལོ་བཅུ་དྲུག་རེད། བོད་ནས་སླེབས་པའི་ལོ་བཅུ་དྲུག་ཅན་ཞིག། ཐད་ཀར་བཙན་བྱོལ་བོད་གཞུང་གི་དཀྱིལ་འཁོར་ལ་འཛུལ་ནས་ཕྱག་ལས་གནང་གི་ཡོད་པ།
    ངེད་ཀྱིས་མཐོང་མ་སོང་། གོ་ཡང་མ་སོང་། དེའི་ཁུངས་སྐྱེལ་རོགས།
    དེ་ཙམ་ཡིན།

  15. གཡུ་འབྲུག says:
    2010-11-24 at 3:55 pm

    བཙན་བྱོལ་དུ་བོད་ཡིག་ལ་ཟམ་གདོང་རིན་པོ་ཆེས་བདག་པོ་མི་བརྒྱག་ཚེ། ཆབ་སྲིད་པ་གཞན་ཚོའི་ཁྲོད་ན་བདག་པོ་བརྒྱག་མཁན་ཞིག་ཨེ་ཡོད། ཆབ་སྲིད་པ་བླ་རྒན་ཚོ་ཆོས་བཤད་ཀྱི་ནང་ནས་ལུས་པ་རེད། རྒྱ་ལོ་དང་རྒྱ་རི་སོགས་ཕྱི་སྲིད་ལ་འཐམ་པ་རེད། ད་བར་དུ་བོད་ཡིག་ལ་བརྩི་འདང་ཏོག་ཙམ་སྟོན་མཁན་ནི་བཀའ་ཟུར་སྐལ་བཟང་ཡེ་ཤེས་ལགས་རེད། གཞན་ཡང་ཡོད་སྲིད་དེ་ཤེས་ཀྱི་མེད། ཨ་ཁུ་པད་མ་འབུམ་གྱིས་དམངས་གཙོ་ཚགས་པར་དང་ལྗང་གཞོན་སོགས་བཏོན་ཏེ། བཙན་བྱོལ་གྱི་བོད་ཡིག་ལ་བྱས་རྗེས་ཆེ་ཤོས་འཇོག་མཁན་གྱི་ནང་ནས་གཅིག་རེད།

  16. མི་ says:
    2010-11-24 at 6:00 pm

    བྲིས་པ་ཡག་པོ་འདུག ཡིན་ནའང་མ་ཤེས་བ་ཡང་མང་པོ་འདུག
    མི་མང་གིས་ཀྱང་སྐད་ཡིག་གི་སྐོར་ནས་བཀའ་ཁྲིའི་འོས་མི་ཚོར་དྲི་བ་གཏོང་གི་མེད། ཟེར་
    བློ་སེང་གི་དྲ་ཚིགས་ནང་མང་པོས་དྲིས་འདུག་པ་བལྟ་ཉན་བྱེད་ཐུབ་གི་འདུག ད་དུང་གསལ་བོར་དྲན་པ་ཞིག་ལ་ཟློས་གར་ཁང་ནས་བཀའ་ཁྲི་བགྲོ་གླེང་སྐབས་མི་ཞིག་གིས་སྐད་ཡིག་སྐོར་ལ་དྲི་བ་དྲིས་སོང། བཀྲས་མཐོང་བསྟན་གནམ་ཀྱིས་ལན་གསུངས་སོང། ང་ལ་མགོ་ལོག་གི་སྤྲུལ་སྐུ་ཆུང་ཆུང་ངོ་ཤེས་ཅིག་ཡོད། ཁོང་གི་ཨ་མ་ལོ་དྲུག་ཅུ་་ཡིན་ནའང་བོད་ཡིག་སློབ་ཡོད་ཟེར་གི་འདུག ཞེས་ཧ་ལེ་འདུག

  17. ལོ་ལོན། says:
    2010-11-24 at 6:30 pm

    མི་རིགས་འདིའི་རང་གཤེས་གསོན་པོ་ཞིག་ལ་རང་སྐྱོན་ཁས་ལེན་གཏན་ནས་མི་བྱེད་པ་འདི་ཡ་མཚར་བོ་རེད་། ནད་པས་ན་ཚ་སྦས་ན་མཐར་སླེབ་ས་གཅིག་ལས་མེད་དེ་རེད་། ད་ནི་དངོས་ཡོད་བཤད་པ་དུས་ལ་སླེབས་པ་མ་ཚད་ཕྱི་དྲག་ཡོད་པ་རེད་། བོད་ཕྱི་ནང་གི་གི་ཁ་བཤད་ཀྱི་ཆར་གཅིག་མཐུན་དང་གཅིག་སྒྲིལ་ཡིན་མོད་། ལགས་ལེན་གྱི་ཆ་ནས་སྤད་དེ་ཐ་དད་རེད་།

  18. གཡག་རྒོད། says:
    2010-11-26 at 8:05 am

    བུ་ཁྱེད་ཀྱིས་བསམ་རྒྱ་ཆེ་བའི་འགན་ཞིག་འཁུར་ནས་འུ་ཚོའི་བོད་ཀྱི་སྐད་ཡིག་དང་དེ་སྐྱོབ་ཚུལ་སྐོར་སོགས་བསམ་འཆར་ཧ་ཅང་ཡག་པོ་ཞིག་འཁྱེར་གནང་འདུག། འོན་ཀྱང་ཁྱེད་ཀྱིས་ཚིག་ཟུར་ནས་ྋགོང་ས་མཆོག་ལ་ཟུར་ཟ་བྱས་པ་མཐོང་བྱུང༌། དེ་ནི་ཁྱེད་ཀྱི་ཞན་ཆ་ཆེན་པོ་ཞིག་རེད། བཀའ་ཁྲི་ཟམ་གདོང་གིས་ལྷོ་ཕྱོགས་སུ་ད་ནི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་དང༌། འཛིན་སྐྱོང༌། དཔལ་འབྱོར་སོགས་ལ་སེམས་ཁྲེལ་མེད་ཀྱང་ད་ཆ་སཻམས་འཚབ་ཆེ་ཤོས་སྤྱི་དང་སྒེར་པ་རེ་ཟུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་མགོན་པ་གང་ལ་སྐྱོན་བརྗོད་དམ་ཟུར་ར་ལྟ་བུ་ཇེ་མང་དུ་འགྲོ་བཞིན་པ་འདི་ཡིན་གསུངས་འདུག། དེ་ནི་དགྲ་དགའ་གཉེན་སྡུག་གི་བྱ་བ་ཞིག་ཡིན་པས་ཁྱེད་ཀྱིས་དེ་ལྟར་མ་གནང་རོགས་ཞུ་རྒྱུ་ཡིན།

  19. གཡག་རྒོད། says:
    2010-11-27 at 7:37 am

    གོང་ས་མཆོག་དང་བོད་གཞུང་གིས་དེའི་སྐོར་ལས་འགུལ་དང་བཀའ་མོལ་མ་ཕེབས་པ་དེ་གནད་འགག་ཅིག་ཡོད་རྒྱུ་རེད་བསམ་ཡོད། སྔ་ལོ་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་གཞུང་གིས་ཞི་རྒོལ་དེར་རྡུང་བཅོམ་འཕྲོག་གསུམ་དང༌། ཏཱ་ལི་རུ་ཚོགས་ཀྱིས་ཇུས་བཀོད་བྱས་པ་རེད་ཅེས་ང་ཚོ་ལ་ནག་ཉེས་གནམ་ས་མི་གཤོང་བ་ཞིག་གཡུགས་ཡོད། ད་ལན་ཡང་ང་ཚོས་གཟབ་གཟབ་མ་བྱས་ཚེ་རྒྱ་ནག་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ལ་ཐོབ་ཐང་ཡོད་ལུགས་གསལ་བ་ལྟར་བོད་ནང་གི་སློབ་ཕྲུག་ཚོས་མ་བསྐུལ་དང་བླངས་ཐོག་བོད་ཀྱི་སྐད་ཡིག་གི་རང་དབང་དང་མི་རིགས་འདྲ་མཉམ་དགོས་སྐོར་གྱི་ཞི་རྒོལ་འདི་ལའང་ཕྱི་ལོག་ནས་འཆར་གཞི་ལྡན་པའི་བརྒྱུད་སྐུལ་བྱེད་ལུགས་ཀྱི་བསྐྱར་དུ་ནག་ཉེས་ཆེན་པོ་ཞིག་གཡུགས་སྲིད། དེ་འདྲ་ཡིན་དུས་ད་ལྟའི་བོད་ནང་གི་སློབ་ཕྲུག་ཚོའི་ཞི་རྒོལ་དེ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་རྣམ་པ་གང་ཡང་མ་ཐོན་ན་ལེགས་པ་དགོངས་བཞིན་ཡོད་པ་འདྲ། དེ་ལ་རྒྱུ་མཚན་འདུག ང་ཚོ་དྲ་གྲོགས་ཚོའི་ཆབ་སྲིད་ཐོག་གོ་རྟོག་ཅུང་ཞན་སྟབས་ལང་སེང་སྐད་ཅོར་མ་བརྒྱབ་པར་ཞིབ་ཏུ་བསམ་བློ་གཏོང་དགོས་པ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme