Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནུ་མའི་འབྲས་ནད་དམ་ཀན་སར།

Posted on 2010-11-112010-11-12 By འཚོ་བྱེད་བུ 22 Comments on ནུ་མའི་འབྲས་ནད་དམ་ཀན་སར།

འབྲས་ནད་ནི་ཕྱི་ལུགས་ཀྱི་ཀན་སར་(cancer) དང་སྐྲན་ནད་ནི་ཀྲུ་སྨར་(tumar)ཡིན། དེ་ལྟར་ནུ་མ་ལ་སྐྲན་ནད་དང་འབྲས་ནད་བཅས་རིགས་གཉིས་ཡོད། ཨ་རིའི་ནང་བུད་མེད་ལ་པགས་འབྲས་རྗེས་ནས་ནུ་འབྲས་འབྱུང་མང་ཤོས་ཆགས་ཀྱི་ཡོད་པས་འདིར་ནུ་འབྲས་སྐོར་ཅུང་བརྗོད་པར་བྱ།

རྒྱུ་རྐྱེན།

imagesབོད་ལུགས་སྨན་གཞུང་ལས། རྒྱུ་ནི་འགྲམས་འཁྲུགས་ཁ་ཟས་མ་སྨིན་པས། ངན་ཁྲག་རྒྱས་ཏེ་རླུང་གིས་བསྒྲིལ་ལས་བྱུང་། ཞེས་དང་། ཡང་། ནད་རྒྱུ་ཁྲག་ཡིན་ནད་རྐྱེན་གཉན་ཡིན། ཡང་། མེ་མཉམ་རླུང་གིས་དྭངས་སྙིགས་མ་ཕྱེད་པའི། སྙིགས་མ་དྭངས་མའི་རྩ་མིག་ཤོར་བ་ཡིས། མདངས་བསྒྱུར་མཁྲིས་པས་ཟུངས་ཁྲག་མ་སྨིན་ཏེ། ཡུན་རིང་མཆིན་གནས་དྭངས་མ་མ་ཞུ་ཡིན། རྙིངས་ནས་དྭངས་མ་འདྲིལ་ཟགས་བྱེར་འགྱིངས་བཞི། འདྲིལ་བས་སྐྲན་རྣམས་སྐྱེད་པར་བྱེད་པ་སྟེ། ཡང་། རྒྱུ་རྐྱེན་དྲག་ཤུལ་རྐྱེན་གྱིས་འགྲམས་པའམ། རླུང་ཁྲག་འཁྲུགས་པ་རྨེན་བུ་ལ་བརྟེན་སྐྲངས། ཞེས་གསུངས་པ་ལྟར་ཡིན།
ནུབ་ལུགས་སྨན་གཞུང་ལས། ནུ་འབྲས་ཇི་ལྟར་འབྱུང་གི་ཡོད་མེད་གསལ་བོ་ཤེས་ཀྱི་མེད་མོད། སྨན་པ་ཚོས་ནུ་མའི་སལ་(cell)གྱི་རྣམ་པ་འགྱུར་ཏེ་མང་དུ་འཕེལ་བས་ཀན་སར་འབྱུང་གི་ཡོད་པ་ཤེས་ཀྱི་ཡོད།
ཤར་ཕྱོགས་མི་ལས་ནུབ་ཕྱོགས་མི་ལ་ནུ་འབྲས་མང་བ་འབྱུང་བའི་རྐྱེན་གཞན་ཞིག་ནི། ནུབ་ཕྱོགས་པས་སྦྲུམ་འགོག་སྨན་ཟ་འཐུང་ཆེ་བ། ཆགས་སྤྱོད་སྐབས་ནུ་མ་འཕུར་མཉེ་་བྱེད་ཤུགས་ཆེ་བ། ནུ་མར་ལྷོད་ཡངས་མི་སྟེར་བར་ནུ་ཁེབས་གོན་ཤུགས་ཆེ་བ་བཅས་ཀྱང་ཡིན་སྲིད་དོ།

གཟུགས་པོའི་ཆ་ཤས་གང་ལ་འབྱུང་ངམ།

ནུ་མའི་ཤ་སྒྲིམ་མམ་ནུ་རྡོག ལྷག་པར་དུ་འོ་མ་རྒྱུ་སའི་སྦུ་གུའམ་རྩ་ལམ་ནང་འབྱུང་།

ཕོ་མོ་སུ་ལ་འབྱུང་ངམ།
images-1
ཁྱོ་ག་དང་བུད་མེད་གཉིས་ཀར་འབྱུང་། ཡིན་ནའང་བུད་མེད་ལ་འབྱུང་མང་། ལོ་ན་ ༣༠ ཡར་སྔོན་བུད་མེད་ལ་འབྱུང་དཀོན། སྤྱིར་བུད་མེད་ལོ་ན་ ༤༥ ནས་ ༦༥ བར་ནུ་འབྲས་འབྱུང་སླ་བའི་དུས་ཡིན་པས་ཟླ་མཚན་ཆད་པའི་རྗེས་ཀྱི་ལོ་དུས་ནང་འབྱུང་ཉེན་ཆེ།
ནད་རྟགས་ཇི་ཡོད།
ཐོག་མའི་དུས་སྐབས་ན་ལུགས་ཆེར་མི་སྟོན། ཡིན་ནའང་ཕྱི་ལུགས་ནུ་འབྲས་བརྟག་ཐབས་སྨམ་མོ་གྷི་རམ་(mammogram)གྱིས་མངོན་རྟགས་རྙེད་ཐུབ།
ནུ་མ་སྐྲངས་པའམ་སྐྲངས་རྡོག་ཡོད་པ།
ན་ཟུག་མེད་མོད་ནུ་མའི་ཐད་བདེ་བོ་མེད་པ།
ནུ་རྡོག་ནང་དུ་སིམ་པའམ་ཐིམས་འགྲོ་བ།
ནུ་མའི་ཕྱི་དབྱིབས་འགྱུར་བ།
ནུ་རྡོག་གི་པགས་པ་གས་པའམ་སྐོགས་ཤུན་འདོན་པ།
ནུ་མའི་ཕྱི་ངོས་ལ་ཀོང་ཀོང་ངམ་ཨི་ཁུང་འདོན་པ།
དུས་ཕྱིས་མཆན་འོག་ནུ་མའི་ཐད་ཀྱི་རྨེན་བུ་སྐྲངས་པ།
མཚམས་རེར་ནུ་མ་ནས་ཁྲག་འདོན་པ།

མི་སུ་ལ་འབྱུང་ཉེན་ཆེ་འམ།

images-3བུད་མེད་ཀྱི་ལུས་རྟེན་ཡིན་པ།
མི་རྒྱུད་ལ་ནུ་འབྲས་ཡོད་རིགས། ལྷག་པར་དུ་ཨ་མ་དང་སྤུན་ལྕམ་བུད་མེད།
བུད་མེད་ཕྲུ་གུ་སྐྱེ་མ་མྱོང་རིགས།
ལོ་མ་ ༡༢ ཡར་སྔོན་ཟླ་མཚན་བབས་པའི་བུད་མེད།
ལོ་ན་ ༥༥ རྗེས་ནས་སམ་ཟླ་མཚན་འཕྱི་བོ་ཆད་པའི་བུད་མེད།
ལུས་ཤ་རྒྱགས་དྲགས་པ།
ཆང་རག་ཚད་མེད་འཐུང་མཁན།
སྦྲུམ་འགོག་སྨན་ཁ་ནས་འཐུང་མྱོང་བ་དང་འཐུང་བཞིན་པའི་བུད་མེད།
ལོ་ན་ ༥༠ ལས་རྒན་པའི་བུད་མེད།
དེ་སྔ་ནུ་མ་དང་བསམ་སེའུ། ལོང་ག་བཅས་ལ་འབྲས་ནད་ཡོད་རིགས།
གཞོན་ནུའི་སྐབས་བྲང་ཁར་འོད་འགྱེད་བཅོས་ཀ་བྱས་མྱོང་ཡོད་ཚེ། ཚེ་མཇུག་ལ་ནུ་འབྲས་འབྱུང་ཉེན་ཆེ་བ་ཡོད།
སྔོན་འགོག་བྱེད་ཐབས།
དུས་རྟག་ནུ་མའི་ཕྱི་དབྱིབས་དང་སྐྲངས་རྡོག་ཡོད་མེད་བརྟག་དཔྱད་བྱ་རྒྱུ།
སྨན་པ་ལ་དུས་རྟག་བསྟེན་གཏུགས་བྱ་རྒྱུ།
ལོ་ན་ ༣༥ ནས་ ༤༩ བར་སྨམ་མོ་གྷི་རམ་བརྟག་དཔྱད་ལོ་གཅིག་གམ་གཉིས་རེའི་ནང་ཐེངས་རེ་བྱ་རྒྱུ།
སྣུམ་ཞག་ཆེ་བའི་ཟས་རིགས་ཉུང་དུ་གཏོང་རྒྱུ།
ཕྲུ་གུར་ཨ་མའི་ནུ་མའི་འོ་མ་སྤྲོད་རྒྱུ། ནུ་མའི་འོ་མ་སྤྲོད་པའི་བུད་མེད་ལ་ནུ་འབྲས་འབྱུང་ཉུང་།
ལུས་རྩལ་རྩེ་བ།
ལུས་སེམས་ལྷོད་བདེ་བག་ཕེབས་ཡོང་བ།

སྨན་བཅོས།

ནུ་འབྲས་ཀྱི་རིགས་དབྱེ་དང་དུས་རིམ་ལ་བལྟས་ནས་སྨན་བཅོས་བྱེད་དགོས། ཕྱི་ལུགས་པས་གཤག་བཅོས་ཀྱིས་ནུ་མའི་སྐྲངས་རྡོག་གམ་ནུ་མ་ཆ་ཚང་། ཡང་ན་རྨེན་བུ་བཅས་གཅོད་འདོན་བྱེད་པ། འོད་འགྱེད་བཙོ་བསྲེག་བཅོས་ཐབས། རྫས་སྦྱོར་བཅོས་ཐབས་བཅས་བསྟེན་པ། བོད་ལུགས་ཀྱིས་གཙོ་བོ་སྨན་དཔྱད་ཟས་སྤྱོད་བཞི་ཡི་བཅོས་ཐབས་ཚུལ་བཞིན་སྤེལ་དགོས།
ཡོ་ག་དང་སྒོམ་སྒྲུབ་ཉམས་ལེན་གྱིས་འབྲས་ནད་སྤྱིའི་ན་ཟུག་ཉུང་དུ་གཏོང་བ་དང་ལུས་སེམས་ལྷོད་བདེར་གཏོང་བར་བྱས་ནས་ཚེ་ཐག་རིང་དུ་གཏོང་བར་ཕན་ཐོགས་ཡོད།
ཉེན་ཁ་དང་དོ་སྣང་།
སྔ་བོར་སྨན་བཅོས་བྱེད་མ་ཐུབ་ཚེ། འབྲས་རྒྱུ་གནད་ཡོད་ཉེ་འབྲེལ་དབང་རྟེན་གཞན་ལ་ཁྱབ་འགྲོ་བ་ཡིན། སྔ་ས་ནས་བརྟག་ཤེས་དང་བཅོས་ཤེས་བྱུང་ཚེ། ནུ་འབྲས་མང་པོ་ཞིག་བཅོས་ལེན་དྲག་སྐྱེད་དུ་འགྲོ་ཡི་ཡོད།
སྤྱིར་འབྲས་སྐྲན་སྐོར་མན་ངག་རྒྱུད་ཀྱི་གཅོང་ཆེན་སྐྲན་ནད་དང་འབྲས་བཅོས་པ། རྨེན་བུ་བཅོས་པ། མོ་ནད་ཕལ་བ་བཅོས་པའི་ལེའུ་རྣམས་དང་། རྗེ་འབྲོང་རྩེ་ལྷ་སྲས་རྒྱ་མཚོས་མཛད་པའི་གསོ་རིག་བེའུ་བུམ་དཀར་པོ་བདུད་རྩིའི་གདམས་ངག་ནས་ཨ་པའི་སྡེ་ཚན། མན་ངག་བྱེ་བ་རིང་བསྲེལ་གྱི་གསོ་ཐབས་ཀྱི་སྐོར་གྱི་བཅུ་གསུམ་པ། རྨ་ནད་གསོ་བའི་ཁོངས་ཀྱི་འབྲས་བཅོས་ཤ་རུས་རྩའི་གདུང་སེལ་སོགས་ན་གསལ་བོ་ཡོད་པས་ནུ་མའི་འབྲས་སྐྲན་ཡང་དེ་དག་རིགས་བསྒྲེ་དཔྱད་བསྡུར་བྱས་ནས་གསལ་ཁ་བྱས་པས་འཐུས་སྙམ། འོན་ཀྱང་ནུ་འབྲས་དང་ནུ་སྐྲན་གཉིས་ནུ་ཚབས་ཁོ་ནར་སྦྱར་ཏེ་བཤད་ན་རྒྱ་ཆུང་དོན་ཆུང་འགྲེལ་བརྗོད་བྱེད་དཀའ་སེ་འདུག
དཔྱད་བཅོས་ཅུང་རེ་བརྗོད་ན། འབྲས་སྐྲན་སྤྱི་ལྟར། ནུ་མའི་འབྲས་སྐྲན་ཡང་ལུམས་ཀྱིས་འདུལ་བ། མེ་ཡིས་བཙོ་བསྲེག་བསྡིག་གསུམ་བྱེད་པ (ཕྱི་ལུགས་པའི་ radiation དང་འདྲ་བོ་ཡོད)། དུགས་ཀྱིས་བདུག་པ། གཤག་གཅོད་( ཕྱི་ལུགས་པའི་ surgery )བྱེད་པའི་བཅོས་སྤེལ་དགོས།

ཡང་གསོ་རིག་བེའུ་བུམ་དཀར་པོ་ན། སྐྱུར་དང་ཚྭ་གཉིས་འབྲས་ཀྱི་དུག་ཡིན་སྤང་། འདི་འདྲ་ (འབྲས་ནད་སྤྱི་ལ་གོ་དགོས) ས་བདག་ཀླུའི་དུག་ཡིན་པས། བརྔན་པ་བྱིན་ལ་སྔགས་ཆར་པ་ཕབ། རྫས་ཀྱི་བྱུགས་ཞིང་འཛིནཔ་མེ་ཡིས་བསྲེགས། སྦྱིན་བསྲེག་ཟུར་ཙམ་ལགས། འབྲས་ཀྱི་འདུམ་བཅོས་སོ། ངང་པས་ཆུ་ལས་འོ་མ་འཐུང་པ་བཞིན། རབ་གཅེས་ཕལ་ཆེར་མན་ངག་བསྡུས། ཨིཐི། ཅེས་གསུངས་པ་ལས་དཔྱད་བཅོས་ཟུར་ཙམ་ཤེས་ཡོང་ངོ་།
 

གསོ་རིག

Post navigation

Previous Post: ཡེས་ཅེ་ཡི་༼བདག་གི་ཕུགས་བསམ་མེ་རུ་སྤར་བ༽བཀླགས་པ། བོད་འགྱུར།
Next Post: བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་མི་གསལ་བསྒྲཊ།

Comments (22) on “ནུ་མའི་འབྲས་ནད་དམ་ཀན་སར།”

  1. ལས་རླུང་། says:
    2010-11-12 at 2:59 am

    གཞོན་ནུ་ཟླ་མེད་གཙོས་པའི་མང་པོ་ཞིག་གི་དགོས་མཁོ་དང་འཚམས་པར་བརྗོད་གཞི་འདིར་དཔྱད་པ་བྱས་པ་ཙམ་དུ་མ་ཟད། བོད་ལུགས་གསོ་རིག་གི་བསྟན་པ་འཛིན་པ་ཚོས་ལས་དོན་གྱི་ཆ་ཤས་ལེན་སྟངས་དུས་ཀྱི་དགོས་མཁོ་དང་མཐུན་པར་གྱུར་འདུག་འདོད་པས་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ།

    ཡིན་ཡང་། ནུ་སྐྲན་ཆགས་སྟངས་དང་། བསམ་སེའུའི་ངོས་འཛིན་སོགས་དཔྱད་པ་བྱས་ཏེ་བགྲོ་གླེང་བྱེད་དགོས་པའི་གནས་རེ་གཉིས་མཐོང་ཡང་། དེ་རིང་བྲེལ་བ་ཆེ་བས་དེ་ཙམ་བྱེད།

    རྗེས་སུ་མཇལ་འདོད་ཡོད།

  2. གཞོན་ནུ་ཟླ་མེད། says:
    2010-11-12 at 5:00 am

    དེ་རིང་མ་གཏོགས་དགོང་མོ་ཆུ་ཚོད་བཞི་བ་ལ་གཉིད་སད་མ་མྱོང་། དེ་རིང་གློ་བུར་དུ་འདི་འདྲའི་སྔ་བོ་ནས་གཉིད་སད་པ་དང་མདུན་གྱི་གློག་ཀླད་ཀྱང་ཁ་ཕྱེས་ཕྱེས་པ་རེད་འདུག མིག་གཡས་པ་བཙུམས་ཞིང་གཡོན་པ་ཕྱེས་ཐུབ་ལ་མི་ཐུབ་ཀྱི་བལྟས་པ་ན་རིན་ཐང་བྲལ་བའི་རྩོམ་ཡིག་འདི་འདྲ་སྤེལ་འདུག འཚོ་བྱེད་བུ་ཐུགས་རྗེ་ཆེ། ད་དུང་སྨན་གྱི་ཕྱོགས་ནས་བཀའ་སློབ་མང་ཙམ་གནང་རོགས། ངོ་ནས་ཕན་ཐོག་ཆེན་པོ་འདུག

  3. འཇིགས་མེད། says:
    2010-11-12 at 5:58 am

    བཀྲ་ཤིས་བདེ་ལེགས།

  4. དོལ་སྨྱོན། says:
    2010-11-12 at 7:23 am

    སྨན་པ་འཚོ་བྱེད་བུ་ལགས་ལ་ཐུགས་རྗེ་ཆེ་ལན་བརྒྱར་ཞུ།

    དེ་ནི་ཁ་བརྡའི་དྲ་རྒྱའི་ནང་དུ་སྨན་གྱི་འཇིགས་རྟེན་སྐྲུན་མཁན་གྱི་ཐོག་མ་ཡིན་པ་དང་།
    ལྷག་པར་དུ་དེ་རིང་འདི་ནས་ནུ་སྐྲན་གྱི་སྐོར་ལ་རླབས་ཆེན་གྱི་ཟིན་བྲིས་ཤིག་སྤེལ་བས་རེད།

    ད་་་འདི་ནས་འཚོ་བྱེད་བུ་དང་གཞོན་ནུ་ཟླ་མེད།
    དམུ་ཐག་དཀར་པོ་དང་ལས་རླུང་།

    ད་དུང་གཅན་བཟོད་རྒྱམ་སོགས་གསོ་རིག་དང་འཁྲོད་བསྟེན་གྱི་སྐོར་ལ།
    དོ་སྣང་ཆེ་བའི་དྲ་གྲོགས་རྣམས་ནས་མུ་མཐུད་བགྲོ་གླེང་གནང་རོགས།

    དེ་རིང་དུས་ཚོད་མི་འདུག
    རྗེས་ནས་ལྷོད་ལྷོད་བྱས་ནས་རྩོམ་ཡིག་ཀློག་རྒྱུ་ཡིན།

    དེ་ནས་བསམ་ཚུལ་དང་དོགས་གཞི་འདྲ་བྱུང་ན།
    འདིར་ཡོང་ངེས་ཡིན།

  5. དོལ་སྨྱོན། says:
    2010-11-12 at 7:38 am

    འདི་ནས་ཞིབ་ཚགས་ཀྱིས་ཀློག་རྒྱུ་མ་བྱུང་ཡང་།

    གོང་གི་རྩོམ་ཡིག་ནང་ཉིས་ཤད་དགོས་ས་མང་པོ་ཞིག་ལ།
    ཆིག་ཤད་ལས་བྲིས་མི་འདུག་པས།

    དེ་ནི་སྨན་རྩིས་ཁང་གི་དབུ་འཛིན་ཆེན་པོ་རྟ་མགྲིན་ལགས་ཀྱི་རིམས་ནད་དེ།
    རྗེས་འཇུག་གི་སྨན་པ་ཡོངས་ལ་འགོས་སོང་བ་མིན་གྲོ།

  6. དོལ་སྨྱོན། says:
    2010-11-12 at 8:12 am

    འཚོ་བྱེད་བུ་ནས། བསྐྱར་དུ་ནུ་སྐྲན་ནུ་འབྲས་སྐོར་རྒྱས་བཤད་གནང་བ་ཤིན་ཏུ་ལེགས།

    འོན་ཀྱང་སྐུ་ཉིད་ཀྱིས་ནུ་འབྲས་དང་ནུ་སྐྲན་གཉིས་མོ་ནད་ཀྱི་ཁོངས་ནུ་ཚབས་དང་སྦྱར་ནས་ཞུས་ན།
    བཤད་སྟངས་ཅུང་རྒྱ་ཆུང་བའི་སྐྱོན་ཞིག་ཡོད་ཚུལ་ཐེངས་གཉིས་ཙམ་གསུངས་འདུག་པས།

    དེ་ལ་དོགས་གཞི་ཞིག་འཆར་གྱི་འདུག གང་ཡིན་ཞེ་ན། བུད་མེད་ཀྱི་ནུ་སྐྲན་དང་ནུ་འབྲས་མོ་ནད་སྐབས་དང་སྦྱར་ནས་འཆད་དགོས་སྙམ། ནུ་ཚབས་ཞེས་པའི་ཚིག་ལ་བསམ་ནའང་ནུ་མ་དང་འབྲེལ་བའི་ནད་ཚབས་ཆེ་བ་འམ་ཉེན་ཆེ་བའི་ནད་ཀྱི་སྤྱི་མིང་རེད།

    སྤྱི་མིང་དེའི་ཁོངས་སུ་གཞུང་ཚིག་ཏུ་དངོས་སུ་མི་གསལ་ནའང་། ཚབས་ཞེས་པའི་ཤུགས་ཀྱིས་ནུ་སྐྲན་དང་ནུ་འབྲས་གཉིས་ཀྱང་བསྟན་ཞེས་འགྲེལ་ན་ཉེས་བཤད་ཅི་ཞིག་ཡོད་དམ།

    དེ་མིན་ན་རང་རེའི་སྨན་གཞུང་ནས་ནུ་སྐྲན་དང་ནུ་འབྲས་སྐོར་གསུངས་མེད་པར་འདོད་དགོས་པས་དེ་ནི་ག་ལ་འཐད།
    ཉིད་ཀྱིས་མན་རྒྱུད་ལེའུ་མང་པོའི་དོན་གོང་འོག་དཀྲུགས་ཏེ་ནུ་སྐྲན་དང་ནུ་འབྲས་སྐོར་བཤད་ཐབས་ལ་འབད་འདུག་ཀྱང།

    དེ་ནི་རྒྱུད་དོན་ལ་བཟོ་བཅོས་གསར་བ་ཞིག་མིན་ནམ་སྙམ།
    གོང་དུ་ནུ་ཚབས་གཅིག་བུར་སྦྱར་ཏེ་བཤད་ན་གནས་ཚུལ་རྒྱ་ཆུང་ཟེར་བ་ནི་ནུ་ཚབས་ཀྱི་གཞུང་དོན་རྒྱ་ཆུང་བ་མིན་པར་ཉིད་ཀྱི་གོ་བ་ཏོག་ཙམ་རྒྱ་ཆུང་བ་མིན་ནམ་བསམ་བྱུང་།
    དེས་ན་འདིའི་སྐོར་ལ་སྐུ་ཉིད་ཀྱིས་བསྐྱར་དུ་དགོངས་ཚུལ་ཞིག་གནང་རོགས་ཞུ།

  7. དོལ་སྨྱོན། says:
    2010-11-12 at 8:18 am

    ཨ་རོ་ལས་རླུང་དང་དོལ་སྨྱོན་ལགས།
    འཚོ་བྱེད་བུ་ལ་བསྔགས་བརྗོད་གཅིག་བུར་བྱས་ནས་མ་འདུག
    མིག་གཉིས་ཀ་བེད་སྤྱད་བཏང་སྟེ་
    ཤེས་བྱ་གསར་བ་དེ་འདྲ་འཁྱེར་ཡོང་རྒྱུ་མིན་འདུག་གམ།

    དམུ་ཐག་ངས་ཁྱེད་རང་ཚོའི་སྟུ་ཁུངས་ནས་དྲི་མ་རེ་བསྣུམ་རྒྱུ་ལས་ཅུང་མི་འདུག

  8. དོལ་སྨྱོན། says:
    2010-11-12 at 8:27 am

    དྲ་གྲོགས་ཚོ།
    མཆན་རྟགས་ ༥ དང ༦ དམུ་ཐག་དཀར་པོ་ནས་མཆན་བཀོད་པ་ཡིན་ཀྱང་དོལ་སྨྱོན་གྱི་མིང་ཐོག་ནས་ཤོར་སོང།

    གང་ཡིན་ཟེར་ན་ལོ་མང་པོ་ཞིག་གི་རྗེས། དེ་རིང་དོལ་སྨྱོན་དང་དམུ་ཐག་ངེད་རྒ་རྒས་གཉིས་རྒན་མོ་ཞིག་གི་རུམ་ཁ་ནས་ཐུག་སྐབས། གནས་ཚུལ་འདི་བྱུང་བ་ལགས་ན་ཐུགས་སྣང་ཞུ།

  9. དོལ་སྨྱོན། says:
    2010-11-12 at 8:38 am

    དེ་རིང་དམུ་ཐག་དཀར་པོ་དངོས་གནས་ཆགས་པས་བཟི་འདུག

    ཁོ་རང་གི་ཀློག་ཀླད་ཟུར་ཞིག་ལ་བཞག་ནས།
    མཆན་ཡོད་ཚད་ངའི་ཀློག་ཀླད་ནས་བཏང་འདུག
    དངོས་གནས་རྒན་མོ་འདི་ཆགས་རྩལ་མ་འདྲ་བ་ཞིག་རེད།

    དོན་དངོས་ཐོག་གོང་གི་མཆན་བུ༼་་་་༥་་་ནས་་་་༧་་་་༽བར་གྱི་མཆན་གསུམ་ཆ།
    དམུ་ཐག་དཀར་པོས་བཏབ་པ་རེད།

    འོན་ཀྱང་ངའི་མིང་ནས་སོང་འདུག
    ནོར་འཁྲུལ་ཡོད་ཚད་རྒན་མོས་བྱས་པ་རེད།

  10. དམུ་ཐག་དཀར་པོ། says:
    2010-11-12 at 8:45 am

    དྲ་གྲོགས་འཚོ་བུ་ལགས།

    གོང་དུ་དོལ་སྨྱོན་མིང་ཐོག་ནས་ཤོར་མཆན་རྟགས་ལྔ་པར་ངེས་པར་དགོངས་ཚུལ་ཞིག་གནང་རོགས་ཞུ།

    སྐུ་ཉིད་ལ་དེའི་ཐད་བསམ་ཚུལ་ཟབ་མོ་ཞིག་གསུང་རྒྱུ་ཡོད་ངེས།

  11. དམུ་ཐག་དཀར་པོ། says:
    2010-11-12 at 9:04 am

    ཨ་ལེ་འཚོ་བྱེད་བུ་ཆུང་ལགས།།
    ནུ་མ་འཕུར་ན་ནུ་སྐྲན་འབྱུང།།
    ནུ་མ་བཏུམས་ན་ནུ་སྐྲན་འབྱུང།།
    ནུ་མ་བཏེགས་ན་ནུ་སྐྲན་འབྱུང།།
    ནུ་མ་འཇིབས་ན་ནུ་སྐྲན་འབྱུང།།

    ཨ་ཅེ་བུ་མོ་ལས་ངན་མའི།།
    བྲང་གི་ཤ་ལྷག་རྡོག་པོ་གཉིས།།
    ཇི་ལྟར་བྱས་ན་ན་ཚ་རེད།།
    ག་རེ་བྱས་ན་ཕན་རེ་འདུག།

  12. ལས་རླུང་། says:
    2010-11-12 at 11:44 am

    དེ་རིང་སྨན་པ་དོལ་སྨྱོན་དང་དམུ་ཐག་དཀར་པོ་གཉིས་རྒན་མོ་ཞིག་གིས་བཟི་བཅུག་འདུག

  13. ལས་རླུང་། says:
    2010-11-12 at 11:53 am

    སྐྲན་ཞེས་པའི་ནད་འདི་གཙོ་བོ་ཟས་ཀྱི་དྭངས་མ་དང་སྙིགས་མ་གང་རུང་མ་ཞུ་བར་གྱུར་ནས་ལུས་ཀྱི་ཕྱི་ནང་གང་སར་འབྱུང་བའི་དབྱིབས་གོང་བུར་འདྲིལ་ལ་ངོ་བོ་སྲ་མཁྲེགས་ཅན་གྱི་ནད་སྤྱི་ལ་གོ་དགོས་པ་ལྟར། ནུ་སྐྲན་ཡང་རྒྱུ་རྐྱེན་འདི་དཔྱད་གཞིར་གཙོ་བོར་བཟུང་ནས་ངོས་འཛིན་པ་དང་བཅོས་ཐབས་བྱ་དགོས་པ་ཞིག་མ་རེད་དམ།

  14. ཀླུ་སྨྱོན། says:
    2010-11-12 at 3:33 pm

    འཚོ་བྱེད་བུ་ལགས། སྐྱེས་པ་ལ་ནད་འདི་འབྱུང་བའི་རྒྱུ་རྐྱེན་དང་དེའི་ནད་རྟགས། དེ་བཅོས་ཐབས་བཅས་གསུང་རོགས།

  15. གཞོན་ནུ་ཟླ་མེད། says:
    2010-11-13 at 8:55 am

    དེ་ནས་སྨན་པ་ཚོ་ལ་ཡང་དྲི་བ་ཞིག་ཡོད། དེ་ནི་གཤང་འབྲུམ་སྐོར་ལ་རེད། གོ་ཐོས་ལ་རྒྱ་ནག་གི་ཞིང་ཆེན་ཞིག་ན་སྐྱེས་པ་ཕོ་ཡི་བརྒྱ་ཆའི་༩༨ ལ་གཤང་འབྲུམ་ཡོད་པས། གཤང་འབྲུམ་ཟེར་ན་ས་ཆ་དེར་སྨན་ཁང་ཆེན་པོ་ལ་འགྲོ་དགོས་པ་དེ་འདྲ་མ་རེད་ཟེར། ཕྱི་ཕྱོགས་ན་ཡང་རྒྱ་ནག་ནས་ཕྱི་འགྲེམ་བྱས་པའི་གཤང་འབྲུམ་གྱི་སྨན་དབྱིབས་མེ་མདའི་མདའ་དང་མཚུངས་པ་ཞིག་ཡོད་པ་དེ་ག་ས་ག་པར་བཙོངས་རྒྱུ་འདུག འོན་ཀྱང་ཕྱི་ཕྱོགས་ལ་མཚོན་ན་གཤང་འབྲུམ་ཁ་ཤས་ལ་ངེས་པར་ཉེན་ཁ་ཆེན་པོར་བརྩི་བཞིན་འདུག ད་དུང་ཉིན་རྒྱབ་ནས་ཟ་མ་ཟ་མི་ཆོག་པ་དེ་འདྲ་ཡང་འདུག་ལ། མ་ཟད་མཚན་མོ་རེ་ལ་ཐེངས་བཅུ་ལྷག་ལ་ཆབ་བསང་ལ་འགྲོ་དགོས་པའི་བཤང་འབྲུམ་དེ་འདྲ་འདུན་ན། བཤང་འབྲུམ་སྐོར་ལ་བོད་སྨན་གྱི་ལམ་ནས་གང་བགྲོ་གླེང་ཞིག་གནས་རོགས། རིགས་མ་འདྲ་བ། དེ་དག་རེ་རེའི་བཅོས་ཐབས་སོགས།

  16. གཞོན་ནུ་ཟླ་མེད། says:
    2010-11-14 at 7:07 pm

    ལྷ་རྗེ་དེ་ཚོ་མི་སྒེར་བ་ལ་སྐྱོན་་བརྗོད་དང་། སྤྱི་ཚོགས་ལ་སྐྱོན་་བརྗོད། ཚོགས་པ་ལ་སྐྱོན་་བརྗོད་བཅས་བྱེད་དགོས་ན་གཅིག་ལས་གཅིག་ངར་རེད། སྟག་མོ་ངར་མ་སེམས་ཅན་ཤྭ་བའི་སྟེང་དུ་མཆོང་བ་དང་མཚུངས། འོན་ཀྱང་སྨན་པའི་ཤེས་བྱའི་སྐོར་ལ་ལྐུག་པའི་ཁ་ལ་ཚྭ་བླུགས་པ་ལྟར། གཉེར་ཙམ་གཉེར་ཙམ་བྱས་ནས་བསྡད་འདུག

  17. yangbum2 says:
    2010-11-15 at 10:23 am

    དྲ་གྲོགས་རྣམ་པ། གུས་པ་ད་ལྟ་ས་ཐག་རིག་པོ་ཞིག་ཏུ་ཡོད་པས་ཕྱིར་རང་ཡུལ་དུ་སླེབས་མཚམས་གོང་གསལ་མཆན་བཀོད་དྲི་བ་ཁག་ལ་རིམ་པས་ལན་འདེབས་ཞུ་གི་ཡིན། གཞོན་ནུ་ལགས་ངར་ནས་ངར་ཚོད་མ་རེད། ཚོགས་གཏམ་ངར་མ་གཏོང་གྲབས་འདུག

    དོལ་སྨྱོན་ལགས།  གུས་ནས་རྒྱུད་ཚིག་ལ་བཟོ་བཅོས་བྱས་པ་མིན་པར་རྒྱུད་ཚིག་གི་གོ་དོན་ལེན་པ་དང་འབྲེལ་ཡོད་ལེའུ་ཕན་ཚུན་རིགས་བསྒྲེ་སྟེ་རྒྱུད་གཞུང་གི་བརྗོད་བྱ་གང་ཞིག་དེང་སང་གི་མིག་གིས་གཟུགས་ཅན་བཞིན་མཐོང་རྒྱུ་མེད་ན་ཡིད་ཆེས་དཀའ་བའི་དོན་གཉེར་ཅན་ཚོར་སྨན་པའི་བློ་སྐྱེད་གྲོས་འདེབས་ཤིག་ཡིན། སྤྱིར་ནུ་ཚབས་སྟེང་ནས་ནུ་མའི་འབྲས་སྐྲན་སྐོར་འགྲེལ་བཤད་བྱས་ན་མི་ཆོག་པ་མི་འདུག་མོད།  འབྲེལ་ཡོད་རྒྱུད་གཞུང་ལེའུ་ཁག་དང་འགྲེལ་བ། མཁྱུད་དཔྱད་སོགས་དང་སྦྱར་ནས་བཤད་ན་རང་རེའི་གསོ་བ་རིག་པ་འདི་དེ་ལས་ཀྱང་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་གི་འདུག
     
    ཀླུ་སྨྱོན་ལགས། ཕོ་སྐྱེས་ལ་ནད་འདུ་འབྱུང་དཀོན། དཔེར་ན་མི་སྟོང་གི་ནང་ནས་གཅིག་ཙམ་མིན་འགྲོ། ནུ་མའི་ཐད་སྐྲངས་རྡོག་གམ་ནུ་མའི་གཡས་གཡོན་གྱི་ཤ་སྒྲིམ་སྲ་མཁྲེགས་ཆགས་པ། མཐའ་མ་འབྲས་སྐྲངས་རང་ཉིད་ཆེར་རྒྱས་ནས་ལུས་ཟུངས་ཟད་ཅིང་ལུས་སྟོབས་ཉམས་ནས་འཚོ་བ་གསུམ་ཟད་དེ་རིམ་བཞིན་འཆི་བར་འགྱུར།

  18. པད་དཀར་ཕོ་ཉ། says:
    2011-05-03 at 3:45 pm

    ཉེ་ཆར་ཁོ་བོས་བལ་ཡུལ་འཕགས་ཤིང་མཆོད་རྟེན་གྱི་ཉེ་འགྲམ་ཟ་ཁང་ཞིག་ཏུ། བོད་པའི་ལྷ་རྗེ་འགའ་ཞིག་དང་མཉམ་དུ། ཕོ་མོའི་ལུས་ཀྱི་ཁམས་དཀར་དམར་གྱི་རྒྱུ་ཚུལ་སྐོར་ལ་གླེང་མོལ་བྱས་པ་ཡིན། ང་ཚོའི་གཏམ་བརྗོད་དེ་དུས་ཡུན་ཐུང་ངུ་ཙམ་ཡིན་རུང་། ཕྲན་ལ་མཚོན་ན་ཕན་ཐོགས་ཞེ་དྲག་བྱུང་། འོན་ཀྱང་། སྐབས་དེར། ལྷ་རྗེ་ག་གེ་མོ་ཞིག་གིས་གསུངས་པར། བསམ་སེའུ་ཞེས་པ་དེ་ནི། བུད་མེད་ཁོ་ན་ལས་ཕོ་ལ་མེད་ཚུལ་བཤད་བྱུང་། ད་ལྟ་ཁོ་བོས་དེའི་སྐོར་ལ་ལེགས་པར་ཚོལ་ཞིབ་བགྱིས་ཙ་ན། དེ་ནི་ཁོང་གིས་ཕྲན་ལ་དྲང་གཏམ་གནང་མེད་པ་གསལ་བོར་རྟོགས་བྱུང་། ཡང་། ཕྱོགས་གཅིག་ནས་བསམ་ན། ཁོང་གིས་བསམ་སེའུ་རྩ་བ་ནས་མེད་མཁན་གྱི་སྐྱེས་པ་ཡང་མང་དག་ཅིག་མཐོང་ཡོད་ཤས་ཆེ། གལ་སྲིད་དེ་འདྲ་ཡིན་པའི་དབང་དུ་བཏང་ན། དེ་ལས་ཁྱད་མཚར་བ་འདྲ་འཇིག་རྟེན་གནམ་འོག་ན་ཨེ་ཡོད་དམ། མི་དེ་རིགས་ཀྱི་མཁལ་རྩ་རྣམས་གསང་གནས་སུ་འབྲེལ་སྟངས་མ་འདྲ་བ་ཞིག་བྱས་ནས་ཡོད་ཐག་ཆོད་རེད།
    དངོས་གནས། ལྷ་རྗེ་གཡུ་ཐོག་པ་མཁྱེན། དེང་སང་བསྐལ་བ་ཐ་མའི་དུས་འདིར་འདྲ་མིན་མང་པོ་འབྱུང་ཡ་འདུག

  19. བདུད་རྩི་མ says:
    2011-08-21 at 12:48 pm

    འཚོ་བྱེད་བུ་ལགས་ཐོག་མར་མཚམས་འདྲིས་བཀྲིས་བདེ་ལེགས་ཞུ། དེང་སང་དར་ཁྱབ་ཆེ་བའི་ནད་གཞིའི་ཡ་གྱལ་དུ་གྱུར་པ་ནུ་སྐྲན་སྐོར་བྲིས་གནང་བའི་སྐུ་ངཌྷལ་སྐྱོན་པ་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀྲིན་ཆེ་ཞུ། འཚོ་བྱེ་བུ་ལགས་ང་ལ་བཀའ་དྲི་ཞིག་ཞུ་རྒྱུ་ཡོད། དེ་ནི་གཉན་རིམས་བཅོ་བརྒྱད་མན་ངག་ལྷན་ཐབས་དང་དེའི་ལྡེ་མིག་མ་གཏོགས་པའི་དེང་སང་འགྲེལ་བ་འོས་ཤིང་འཚམ་༷པ་ཞིག་གང་ལ་བཞག་གི་ཡོད་རེད། ཁྱེད་རྣམས་ལ་དགེ་རྒན་གྱིས་སློབ་འཁྲིད་གནང་སྐབས་འགྲེལ་བ་གཙོ་བོ་གང་གི་ཐོག་གཞིར་བཞག་གནང་སོང་། ངས་འགྲེལ་བ་དག་འཚོལ་རུབ་བྱ་དགོས་ཚེ་ཕྱག་དཔེ་དང་དེབ་སོགས་གང་དུ་བལྟ་དགོས་སམ།

  20. དུང་ཅན་མ says:
    2011-08-21 at 1:04 pm

    དེང་སང་དར་ཁྱབ་ཆེ་བའི་ནད་གཞི་ནུ་སྐྲན་སྐོར་བྲིས་གནང་བ་བཀྲིན་ཆེ་ཞུ། འཚོ་བྱེད་བུ་ལགས་ང་ལ་བཀའ་དྲི་ཞིག་ཞུ་རྒྱུ་ཡོད། དེ་ནི་གཉན་རིམས་བཅོ་བརྒྱད་མན་ངག་ལྷན་ཐབས་དང་དེའི་ལྡེ་མིག་མ་གཏོགས་པའི་གཞན་འགྲེལ་བ་འོས་ཤིང་འཚམས་༷པ་གང་དུ་བཞག། ཁྱེད་རྣམས་དགེ་རྒན་གྱིས་སློབ་འཁྲིད་གནང་སྐབས་འགྲེལ་བ་གཙོ་བོ་དཔེ་དེབ་གང་གི་སྟེང་དུ་བཞག་གནང་སོང་། གལ་ཏེ་ངས་དེའི་འགྲེལ་བ་འཚོལ་རུབ་བྱ་དགོས་ཚེ་དཔེ་དེབ་སོགས་གང་དུ་བལྟ་ན་རག་གི་རེད།

  21. སངས་རྒྱས་སྐྱབས། says:
    2012-05-24 at 7:42 am

    དྲ་གྲོགས་རྣམ་པ་ལ་བཀའ་འདྲི་ཞུ་རྒྱུར། ཁྱེད་རྣམ་ལ་ནུ་འབྲས་ཟེར་བའི་ན་ཚ་འདི་མིག་མཐོང་ལག་འཛིན་དུ་གྱུར་མྱོང་ངམ། ད་དུང་ཕྱི་ལུགས་ཀྱིས་བཤད་པ་ལྟར་cancer(འབྲས) ལས་tumor (སྐྲན)འགྱུར་ཟེར་བར་སྣང་བས་། དེ་ང་ཚོ་བོད་ཀྱི་གསོ་བ་རིག་པའི་ལུགས་དང་མཐུན་མིན་གྱི་ཐད་འགྲེལ་བཤད་གནང་རོགས།

  22. བོུ་ཆུང་ཆུང says:
    2012-12-31 at 5:24 am

    ཐོག་མར་་་་་་བཀྲིས་བདེ་ལེགས་ཞུ།

    ང་རང་གི་དོག་པ་ཞིག་ཞུས་ན་་་་་་འབྲས་ནད་དང་སྐྲན་ནད་གཉིས་ཀྱིས་བར་ལ་ཁྱད་པར་ཡོད་དམ་མེད་

    གལ་ཏེ་ཡོད་མེད་གཉིས་ཀྱི་དབང་དུ་བཞག་་ཡོད་ན་་རྒྱུ་མཚན་གང་ཡིན།
    ཐ་དད་དུ་མི་གསུངས་བ་གང་ཡིན་ནམ།

    འབྲས་ཡིན་ན་སྐྲན་ཡིན་པ་ཁྱབ་བམ།
    ཁོང་གཉིས་ནང་མི་གཅིག་ཡིན་ནམ།་་་་་་་་་་ཞེས་དོག་པ་དེ་ལ་ལེན་གནང་རོགས་གནང་་་་་

    བཀའ་དྲིན་ཆེ་ཞུ།།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme