Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཕྲུག་ཁྱིམ་སྡེ་ – བཙན་བྱོལ་ནང་ཤེས་རིག་གི་མྱུ་གུ་རྒྱས་སའི་ཞིང་ས།

Posted on 2010-10-292010-10-29 By ཁ་བརྡ་ 10 Comments on བོད་ཕྲུག་ཁྱིམ་སྡེ་ – བཙན་བྱོལ་ནང་ཤེས་རིག་གི་མྱུ་གུ་རྒྱས་སའི་ཞིང་ས།

(མ་ཡུམ་བོད་ཕྲུག་ཁྱིམ་སྡེ་བཙན་བྱོལ་ནང་ལོ་ངོ་ལྔ་བཅུ་སོན་པའི་ལེགས་སྐྱེས་སུ།)
དབང་གྲགས་འབུམ། བྷ་རོ་ཊ་མཐོ་སློབ།།
ལོ་རྒྱུས་སྟེང་མི་རིགས་འདི་དུས་རབས་དང་མཐུན་པའི་ཤེས་ཡོན་གྱིས་ཕངས་སྟེ་རྗེས་ལུས་དང་ཤེས་རྨོངས་ཀྱི་དུས་རབས་མང་པོ་བརྒྱུད་པ་ཞིག་དང་།ལོ་རྒྱུས་སྟེང་ཕམས་མྱོང་མེད་པའི་རྒྱ་ནག་གི་བཤུ་གཞོགས་དང་མནར་གཅོད་དེ་མྱོང་རྗེས་ང་ཚོ་མི་ཡུལ་ལུང་པར་སྐྱབས་བཅོལ་དུ་ཡོང་དོན་ཡང་དོན་ངོ་མར་ཤེས་ཡོན་གྱིས་སློང་བའི་དབང་གིས་ཡིན།
མི་ཡུལ་འདིར་སླེབས་པ་དང་སྐུའི་གཅེན་མོའམ་ལྷ་ལྕམ་ཚེ་རིང་སྒྲོལ་མས་སློང་མོའི་མཐེ་བོང་འཛམ་གླིང་གང་སར་བསྒྲེངས་བའི་དཀའ་སྡུག་དང་ཧུར་ཐག་གི་གྲུབ་འབྲས་ལ་བརྟེན་ནས་བོད་ཕྲུག་ཁྱིམ་སྡེ་འདི་མེད་པ་ནས་ཡོད་པ་དང་ཡོད་པ་ནས་རྒྱ་བསྒྱེད་བཏང་ཐུབ་ཡོད་པ་ནི་ང་ཚོའི་བློ་ཡུལ་དུ་ཤོངས་དཀའ་ཞིང་བོད་མི་རིགས་ཀྱི་གཟི་བརྗིད་ཏུ་བརྩི་རུང་བའི་ལོ་རྒྱུས་ཀྱི་རྒྱལ་ཁ་ཆེན་པོ་ཞིག་ཆགས་ཡོད།

བོད་ཕྲུག་ཁྱིམ་སྡེ་ནི་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ཤེས་རིག་གི་མྱུ་གུ་འཕེལ་སའི་ཞིང་ས་ཆེན་པོ་ དེ་ཡིན་ལ་བཙན་བྱོལ་ནང་
བོད་ཕྲུག་ཁྱིམ་སྡེ་ཚུགས་པ་ནས་ང་ཚོའི་སྤྱི་ཚོགས་སུ་ཤེས་རིག་གི་མྱུ་གུ་འཕེལ་ཞིང་ལྗང་མདོག་གི་འཇིག་རྟེན་བསྐྲུན་ཡོད། བཙན་བྱོལ་ནང་བོད་ཕྱུག་ཁྱིམ་སྡེའི་ཡན་ལག་རྒྱས་བ་ནས་བཟུང་ལོ་རྒྱུས་སྟེང་ཤེས་ཡོན་གྱིས་ཕངས་བའི་བོད་མི་རིགས་འགྱེལ་ས་
ཡར་ལངས་ཐུབ་ཡོད་ལ། ཡིག་རྨོངས་དང་མུན་འཐོམ་གྱི་སྤྱི་ཚོགས་དང་བྲལ་ཏེ་དུས་རབས་ཉེར་གཅིག་པའི་ཤེས་རིག་གི་སྡིངས་ཆའི་སྟེང་ལངས་ཐུབ་ཡོད། འདི་ནི་བོད་ཕྲུག་ཁྱིམ་སྡེས་མི་རིགས་ལ་ཕུལབའི་ལེགས་སྐྱེས་ཡིན་ལ་བཙན་བྱོལ་ནང་བོད་ཕྲུག་ཁྱིམ་སྡེ་ཚུགས་པའི་ཐོག་མའི་དམིགས་ཡུལ་དང་ལངས་ཕྱོགས་ཀྱང་ཡིན།

ད་ལོ་ནི་བོད་ཕྲུག་ཁྱིམ་སྡེ་འཇིག་རྟེན་འདིར་འཁྲུངས་ནས་མི་ལོ་ལྔ་བཅུ་སོན་པའི་ལྔ་བཅུའི་འཁྲུངས་སྐར་གྱི་དགའ་སྟོན་ཡིན་ལ་དགའ་སྟོན་འདི་གཞིས་སུ་ལུས་བའི་ང་ཚོའི་ཕ་མ་སྤུན་མཆེད་རྣམས་ཀྱིས་ངེས་པར་དུ་གཙི་སྲུང་བྱ་འོས་པ་ཞིག་ཆགས་ཡོད གང་ཡིན་ཟེར་ན་། བོད་ཕྲུག་
ཁྱིམ་སྡེ་བཙུགས་པའི་ཐོག་མའི་དམིགས་ཡུལ་དང་ད་ལྟའི་དངོས་ཡོད་ཀྱི་ཁྱད་ཆོས་ཀྱང་བོད་ནས་སློབ་སྦྱོང་གི་གོ་སྐབས་མ་རག་པ་དང་བཙན་བྱོལ་ནང་གསར་དུ་འབྱོར་བའི་ཕྲུ་གུ་ཡོངས་ཀྱི་ཕ་མའི་སྐུ་ཚབ་ཏུ་ལངས་ནས་བོད་ཕྲུག་ཁྲི་ཁྲག་མང་པོར་ཤེས་ཡོན་སློབ་སྦྱོང་སྤྲོད་པ་ཁོ་ན་
ཙམ་མ་ཡིན་པར་ཕ་མའི་བྱམས་སྐྱོང་དང་བརྩེ་བ
ཐུགས་ཁུར་འོག་ཕ་མ་ཡོད་པའི་བུ་ཕྲུག་ལས་ལྷག་ཅིག་བསྐྱངས་ཡོད།

བོད་ཕྲུག་ཁྱིམ་སྡེའི་ཕྲུ་གུ་རྣམས་ཀྱིས་ཨ་མ་རྗེ་བཙུན་པདྨའི་བྱམས་བརྩེ་དང་ཨ་མས་ཕྲུ་གུར་བརྩེ་བའི་སྙིང་རྗེའི་ཞལ་འཛུམས་མཐོང་བ་དང་སེམས་སུ་བཅོས་མིན་ལྷན་སྐྱེས་ཀྱི་བདེ་སྐྱིད་ངོ་མ་ཞིག་རང་བཞིན་གྱིས་བསྐྲུན་ཐུབ་ལ།འདི་ནི་ལས་དབང་གིས་གྲུབ་པའི་མ་བུ་དབར་གྱི་ལྷད་མེད་དྭངས་གཙང་གི་བརྩེ་བ་དེ་ཡིན། ཨ་མ་ལགས་ཁོང་སློབ་གྲྭ་གང་དུ་ཕེབས་ཀྱང་དེ་རུ་ཕྲུ་གུ་བརྒྱ་ཕྲག་མང་པོས་ཨ་མ་ལར་འཐམས་ཞིང་གཡོགས་ནས་བསྡད་ཡོད།ཁོང་སློབ་གྲྭ་རུ་ཕེབས་རྒྱུར་ཕྲུ་གུ་མང་པོ་ཞིག་ལ་དུས་རྟག་ཏུ་ངང་སྒུག་ཧ་ཅང་ཆེ།འདི་ནི་ཨ་མས་ལ་ཡིས་དབང་དང་འབྱོར་བས་མི་སེམས་བཀུགས་པ་མིན་པར་ཨ་ལགས་ཀྱི་ལྷན་སྐྱེས་ཀྱི་བྱམས་སྐྱོང་དང་སྙིང་རྗེ་ཡིས་མི་སེམས་དབང་མེད་དུ་འཕྲོག་པ་རང་རེད།

གུས་པ་ང་ཡང་ཅི་ཡང་མེད་པ་དང་ཅི་ཡང་མི་ཤེས་བའི་བུ་ཕྲུག་སློང་གཟེད་པ་ཞིག་ད་ལྟ་བོད་ཕྲུག་ཁྱིམ་སྡེའི་གཟིགས་སྐྱོང་འོག་ནར་སོན་ནས་མཐོ་སློབ་དུ་རང་བཙན་ཡོད་པའི་སློབ་གཉེར་བ་དང་དཔུང་བ་མཉམ་གཤིབ་ཀྱིས་སློབ་སྦྱོང་གི་གོ་སྐབས་རླབས་ཆེན་ཞིག་རགས་པ་ཡང་བོད་ཁྱིམ་སྡེའི་གཟིགས་སྐྱོང་དང་བཀའ་དྲིན་རང་ཡིན།དེ་རིང་བོད་ཕྲུགཁྱིམ་སྡེ་བཙུགས་ནས་ལོ་ངོ་ལྔ་བཅུའི་དྲན་གསོ་སྐབས་ང་རང་ཡངགཟི་བརྗིད་ལྡན་པའི་ཚོགས་པ་འདིའི་སློབ་ཕྲུག་ཞིག་ཡིན་པས་སྤོབས་པ་སྐྱེས་བྱུང་ལ་དུས་འདིར་མཛད་མཐའ་བྲལ་བའི་བོད་ཕྲུག་ཁྱིམ་སྡེ་འི་ཐུགས་རྗེའི་བཀའ་དྲིན་དག་གང་ནས་འགོ་འཛུགས་དགོས་བ་དང་མཇུག་ཇི་ལྟར་བསྡུ་དགོས་མིན་ཡང་ཤེས་མ་སོང།

ད་ནི་བྱེའུ་ཕྲུག་བྱ་ཚང་ནས་ནར་སོན་ཏེ་མཁའ་དབྱིངས་སུ་གཤོག་རྩལ་ངོམ་པའི་དུས་ལ་སླེབས་མོད། འོང་ཀྱང་ང་མ་ཡུམ་བོད་ཕྲུག་
ཁྱིམ་སྡེའི་བྱམས་སྐྱོང་དང་ཐུགས་ཁུར་གྱི་གཤོག་འོག་ནས་དུས་རྟག་ཏུ་བྲལ་འདོད་ཀྱི་འདུན་པ་དང་སྤོབས་པ་རྩ་བ་ནས་མི་འདུག་ལ།འདི་ནི་བོད་ཕྲུག་ཁྱིམ་སྡེས་ང་ལ་བསྐྱངས་བའི་བྱམས་སྐྱོང་དང་བརྩེ་བའི་རིན་ཐང་དེ་ཡིན་ལ་ངའི་གློ་སྙིང་མཆིན་གསུམ་བོད་ཁྱིམ་སྡེ་ལ་ཆགས་པའི་ལྷད་མེད་ཀྱི་བརྩེ་བ་ངོ་མ་དེ་ཡང་ཡིན།

ད་དུང་། མ་ཡུམ་བོད་ཕྲུག་ཁྱིམ་སྡེའི་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པ་དང་མ་འོངས་བོད་རང་བཙན་བསྐྱར་ལེན་པ་དང་ཆོལ་གསུམ་བོད་ཀྱི་དབུ་ཁྲིད་རྣམ་པ་དང་མཁས་དབང་ཁྲི་ཕྲག་མང་པོ་བོད་ཕྲུག་ཁྱིམ་སྡེའི་་ནང་འཚར་ལོངས་ཡོང་བའི་་རེ་བ་དང་ཡིད་ཆེས་ཡོད། བོད་རང་བཙན་ཐོབ་པའི་རྗེས་སུ་ཡང་བོད་ཕྲུག་ཁྱིམ་སྡེ་བོད་ནང་སྔར་ལས་ལྷག་པའི་རྒྱ་བསྐྱེད་ངང་གནས་ཐུབ་པའི་སྨོན་འདུན་དང་བཅས། བོད་རྒྱ་ལོ། བོད་ཕྲུག་ཁྱིམ་སྡེ་རྒྱལ་ལོ།།

སྣ་ཚོགས།

Post navigation

Previous Post: རང་ལུས་མེར་བསྲེག་གི་ལས་འགུལ་སྐོར་གྱི་ཁ་སྣོན་གསལ་བཤད།
Next Post: ལྷག་པ་ཚེ་རིང་ལགས་རྡ་སར་འབྱོར་བ།

Comments (10) on “བོད་ཕྲུག་ཁྱིམ་སྡེ་ – བཙན་བྱོལ་ནང་ཤེས་རིག་གི་མྱུ་གུ་རྒྱས་སའི་ཞིང་ས།”

  1. ༜࿋དབྱངས་བུ། says:
    2010-10-30 at 10:12 am

    བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནང་ཁ་ཡོད་ལག་ཡོད་ཀྱི་ཤེས་ཡོན་ཐོག་ལག་རྗེས་འཇོག་མཁན་གྱི་ཚོགས་པ་དང་པོ་ནི་བོད་ཕྲུག་ཁྱིམ་སྡེ་དེ་ཡིན་ལ། ཤེས་ཡོན་ཐཽག་ཞབས་ཕྱི་རྒྱུན་རིང་ཤོས་གནང་མཁན་དེ་གངས་ཅན་བོད་ཀྱི་ཨ་མ་ལྷ་སྐུ་རྗེ་བཙུན་པདྨ་ཡིན་ངེས། དེས་ན་ང་ཚོས་དེ་རིང་བོད་ཁྱིམ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་ཉིན་མོར་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་རྗེས་དྲན་ཞུ་བ་ལྷན་དུ།་ཨ་མ་ཚེ་རིང་སྒྲོལ་མ་ལགས་དང། གངས་ཅན་བོད་ཀྱི་ཨ་མ་བཀའ་ཟུར་ལྷ་སྐུ་རྗེ་བཙུན་པདྨ་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་ལོས་དགོས།།།

  2. བོད་ཀྱི་བུ་ཆུང་། says:
    2010-10-30 at 10:20 am

    འོ་དེ་ངོ་མ་རེད་ཡ
    ཐམས་ཅད་ཀྱིས་ཐུགས་ལ་བཟུང་རོགས

  3. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-10-30 at 11:19 am

    བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཤིང་གངས་ལྗོངས་ལོ་རྒྱུས་ཆེན་མོའི་ཤེས་ཡོན་གྱི་འཕེལ་རྒྱས་ལ་བྱས་རྗེས་བླ་མེད་བཞག་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་བཟང་གི་ཉིན་མོ་འདིར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

  4. བཀྲ་ཤིས་དོན་གྲུབ། says:
    2010-10-31 at 9:27 am

    མེད་པ་ལས་ཡག་པོ་རེད། རང་གི་རིག་གཞུང་ལ་ཕྱག་རྗེས་བཞག་ཐུབ་ཡོད་མེད་ཀྱི་ཚད་ཐིག་གིས་བལྟས་ན་མི་རིགས་དང་རིག་གཞུང་ལ་དུང་མཁན་ཚོའི་སྙིང་ན་བྱེད་ཀྱི་སྨན་མཆོག་རེད། པདྨའི་བྱམས་བརྩེ་དང་ལྷག་བསམ་དེ་བུད་མེད་ཅིག་གི་གཤིས་ཀ་ཡིན་ཕྱིར། དེ་ངོ་མ་ལྷད་མེད་ཅིག་ཡིན་ངེས། འོན་ཏང་རང་མི་རིགས་དང་རིགས་གཞུང་ལ་བྱས་རྗེ་ཡོད་པའི་མི་སྣ་ཞིག་ལས་དབྱིན་ཡིག་ཁྱབ་སྤེལ་གཏོང་མཁན་གྱི་ཡི་ཤེའི་ཆོས་ལུགས་པ་ཞིག་ལ་དངོས་འཛིན་བྱེད་ཀྱི་ཡིན།

  5. ཚེ་རིང་། says:
    2010-10-31 at 11:00 am

    བཀྲིས་དོན་གྲུབ།
    སྨྲ་བརྗོད་རང་དབང་རེད། འོན་ཀྱང་ཁུངས་མེད་ལུང་མེད་ཀྱི་སྐད་ཆ་མ་ཤོད། ཨ་མ་རྗེ་བཙུན་པདྨ་ལགས་ཡེ་ཤུ་རེད་ཟེར་བ་དེ་ལ་ཁུངས་ལུང་རྒྱུ་མཚན་ཅི་ཡོད། ཡེ་ཤུའི་སློབ་གྲྭར་ཕྱིན་པས་སོ་ཟེར་ན། ཡེ་ཤུའི་སློབ་གྲྭར་ཕྱིན་པ་ཙམ་གྱིས་ཡེ་ཤུ་ཡིན་པའི་ཁྱབ་པ་གང་དུ་ཡོད། ཡེ་ཤུའི་སློབ་གྲྭར་ཕྱིན་ཟིན་པ་དང་འགྲོ་བཞིན་པའི་བོད་པ་མང་དག་ཡོད། ཚང་མ་ཡེ་ཤུ་རེད་ཟེར་གྱི་ཡིན་ནམ། ཁ་ཕོ་མ་ཆེ། བཀྲིས་དོན་གྲུབ་ལགས།
    ཨ་མ་ལགས་ཁོང་རང་ཉིད་ཀྱི་བརྩམས་པའི་ཁོང་རང་ཉིད་ཀྱི་ལོ་རྒྱུས་འཁོད་པའི་དཔེ་དེབ་དེར་གཟིགས་དང་། ཁོང་དབྱིན་ཇིའི་སློབ་གྲྭར་ཡོད་དུས་ཡེ་ཤུའི་བཙུན་མ་ཚོས་ཆོས་ལུགས་བསྒྱུར་དགོས་པའི་སྐུལ་མ་ག་ཚོད་བྱས་ཀྱང་ཁོང་གིས་ཆོས་ལུགས་བསྒྱུར་མེད་ཅེས་གསལ་པོ་བྲིས་ཡོད། དེབ་དེར་འཁོད་དོན། ཨ་མ་ལགས་ཁོང་༧རྒྱལ་བ་རིན་པོ་ཆེའི་གཅུང་མོ་ཡིན་པ་ཤེས་ཀྱི་ཡོད་པའི་དབང་གིས་དམིགས་བསལ་གྱིས་ཡེ་ཤུ་ལ་བསྒྱུར་རྒྱུར་དོ་སྣང་བྱེད་ཀྱི་འདུག་ཅེས་བྲིས་ཡོད།
    ཨ་མ་ལགས་ཁོང་གི་ལམ་སྟོན་འོག་བོད་ཁྱིམ་སློབ་གྲྭ་ཡོངས་རྫོགས་སྡ་ས་འཛིན་རིམ་ལྔ་པ་བར་དབྱིན་སྐད་དང་ཧིན་སྐད་སློབ་ཚན་མ་གཏོགས་ཚང་མ་བོད་ཡིག་ཐོག་བཟོས་ཡོད། བོད་སྒྱུར་སློབ་དེབ་དེ་ཚོའི་འགོ་བརྗོད་ཐོག་ཏུ་ཁོང་གི་ཆེད་བརྗོད་ཀྱང་བོད་ཡིག་ཐོག་བྲིས་ཡོད། དབྱིན་ཡིག་ཁྱབ་སྤེལ་བཏང་ཟེར་ན་ད་དེ་ཚོ་གང་རེད། སློབ་གྲྭ་གཞན་གང་ནས་དེ་འདྲ་བྱས་འདུག ཤེས་རིག་ལས་ཁུངས་ནས་ཀྱང་གཅིག་བྱས་པའི་ལོ་རྒྱུས་བཤད་རྒྱུ་ཨེ་ཡོད།
    མི་ལ་སྐྱོན་མེད་པ་དང་ཤིང་ལ་འཛེར་པ་མེད་པ་མ་རེད། འོན་ཀྱང་དྲང་པོ་དྲང་ཤག་གི་སྐྱོན་བརྗོད་བྱས་ན་དངོས་གནས་རིག་པའི་དཔའ་བོ། མི་རིགས་ཀྱི་ཡར་རྒྱས་ཀྱི་ཆེད་དུ་མདོང་མཆོང་དཔའ་བོ་རེད། གཞན་གང་བྱུང་ཞལ་ནས་གང་ཐོན་གསུངས་ན་ཕན་ཐོགས་མེད་པར་གནོད་སྐྱེལ་མཁན་ཞིག་ཏུ་ཆགས་ཉེན་ཡོད།
    བོད་རྒྱལ་ལོ། བོད་ཁྱིམ་རྒྱལ་ལོ། བོད་ཕྲུག་རྣམ་པར་རབ་ཏུ་རྒྱལ་ལོ།།

  6. མེ་ཏོག་དཀར་པོ། says:
    2010-11-01 at 3:32 am

    བོད་ཀྱི་ཨ་མ་རྗེ་བཙུན་པདྨ་ལགས། སྐུ་ཚེ་བརྟན། བོད་ཁྱིམ་ཡང་དེ་བཞིན་ནོ།།

  7. བོད་ཀྱི་བུ་ཆུང་། says:
    2010-11-01 at 5:05 am

    བོད་ཞེན་ཅན་གྱི་དྲ་གྲོགས་ཚོ།
    བོད་ཀྱིས་དོན་དུ་བསམ་བློ་གཏང་།
    བོད་ལ་དགའ་བའི་དྲ་གྲོགས་ཚོ།
    བོད་དོན་ཡིད་ལ་བཅིང་ནས་འདུག
    བོད་མི་ཡོངས་ཀྱི་སེམས་ཁུང་ནས།
    བོད་རྒྱལ་༧་གོང་ས་མཆོག་ལ་དགའ།
    བོད་ཡུལ་མཐའ་དབུས་ཐམས་ཅད་དུ།
    བོད་དོན་མི་བསམ་གཅིག་ཀྱང་མེད།
    བོད་མི་ཤ་ཁྲག་གཅིག་པ་ཀུན།
    བོད་སྐད་གཙང་མ་གལ་ཆེ་འོ།
    བོད་ལ་དགའ་བའི་མི་ཡིན་ན།
    བོད་པའི་རིགས་གཞུང་ཤེས་པ་དགོས།
    བོད་ཡུལ་གང་འདྲ་ཤེས་འདོད་ན།
    བོད་ལ་འགྲོ་བ་གཙོ་བོ་ཡིན།
    བོད་ཆོས་ཡང་དག་རྟོག་འདོད་ན།
    བོད་ཀྱི་བླ་མ་རྟེན་དགོས་སོ།
    བོད་ཀྱི་དགོན་པར་མཇལ་འདོད་ན།
    བོད་ཀྱི་ལྷ་ངོ་ཤེས་དགོས་སོ།
    བོད་མི་ཡང་དག་བྱེད་འདོད་ན།
    བོད་ནས་འགྲོ་གཏང་རྟོག་དགོས་སོ།
    བོད་ཀྱི་ནོར་ལུག་མཐོང་དགོས་ན།
    བོད་ཡུལ་བྱང་ཕྱོགས་འགྲོ་དགོས་སོ།
    བོད་ཀྱི་ཡུལ་ལྷ་མཐོང་འདོད་ན།
    བོད་ཡུལ་རི་ཆེན་མཐོང་དགོས་སོ།
    བོད་པའི་ཁྱད་ཆོས་བོད་ན་ཡོད།
    བོད་པའི་རིགས་གཞུང་བོད་ན་ཡོད།
    བོད་པའི་འགྲོ་གཏང་བོད་ནས་ཤེས།
    བོད་པའི་དད་པ་བོད་ན་ཡོད།
    བོད་པའི་སྙིང་རྗེ་བོད་ན་ཡོད།
    བོད་པའི་ལྷག་བསམ་བོད་ན་ཡོད།
    བོད་པའི་བརྩེ་གདུང་བོད་ན་ཡོད།
    བོད་པའི་རྒྱལ་ཞེན་བོད་ན་ཡོད།
    བོད་པའི་དཔའ་བོ་བོད་ན་ཡོད།
    བོད་པའི་མཛེས་མ་བོད་ན་ཡོད།
    བོད་པའི་སྟག་ཤར་བོད་ན་ཡོད།
    བོད་པའི་མཁས་པ་བོད་ན་ཡོད།
    བོད་པའི་བཙུན་པ་བོད་ན་ཡོད།
    བོད་པའི་བཙུན་མ་བོད་ན་ཡོད།
    བོད་པའི་གྲུབ་ཐོབ་བོད་ན་ཡོད།
    བོད་པའི་སྡུག་བསྔལ་བོད་ན་ཡོད།
    བོད་པའི་འཇིགས་སྐྲག་བོད་ན་ཡོད།
    བོད་པའི་དགྲ་བོ་བོད་ན་ཡོད།
    བོད་པའི་བཙོན་པ་བོད་ན་ཡོད།
    བོད་པའི་འཐབ་རྩོད་བོད་ནས་བྱེད།
    བོད་པའི་རེ་སྒུག་བོད་ནས་བྱེད།
    བོད་པའི་དོག་པ་བོད་ནས་བྱེད།
    བོད་པའི་མི་ཚོ་སྙིང་རེ་རྗེ།
    བོད་ཡུལ་མི་ཚོ་ཡ་རེ་ང།
    བོད་ས་དགྲ་ལ་ཤོར་ནས་འདུག།
    བོད་མི་ཕྱི་ཡུལ་འཁྱམས་ནས་འགྲོ།
    བོད་པའི་རེ་ལྟོས་སུ་ལ་བྱེད།
    བོད་ལྷ་ཡོད་ན་སྐྱོབས་རན་འདུག།
    བོད་གྲོགས་ཡོད་ན་ཡོངས་རན་འདུག།
    བོད་རྒྱལ་དགོང་ལོ་མཐོ་དང་གཅིག།
    བོད་ཡུལ་རང་དབང་མེད་དང་གཉིས།
    བོད་མི་གར་འགྲོ་མེད་དང་གསུམ།
    བོད་མི་ང་ཚོ་ཡི་རེ་མུག།

  8. ཚེ་རིང་། says:
    2010-11-01 at 5:21 am

    ཀིྭ་ཀིྭ་བསྭོ་བསྭོ་ལྷ་རྒྱལ་ལོ།།
    བདེན་པའི་བདག་པོ་བོད་མི་ཡིན།།
    བདེན་པའི་དཔུང་རོགས་བོད་མི་ཡིན།།
    བདེན་པའི་གྲོགས་པོ་བོད་མི་ཡིན།།
    བདེན་པའི་ཚེ་སྲོག་བོད་མིར་ཡོད།།
    བདེན་པ་དར་ཞིང་རྒྱས་དགོས་ན།།
    བདེན་པར་བདེན་པའི་ཐོབ་ཐང་དགོས།།
    བདེན་པ་ཡོད་ན་ཞི་བདེ་ཡོད།།
    བདེན་པ་མེད་ན་ཞི་བདེ་མེད།།
    བདེན་པ་རྣམ་པར་རྒྱལ་བའི་ཕྱིར།།
    བདེན་པའི་རྒྱབ་ལངས་བྱེད་རེ་རན།།

  9. བོད་ཀྱི་བུ་ཆུང་། says:
    2010-11-01 at 6:22 am

    སྙིང་ནས་གཏམ་ཞིག་བཤད་འདོད་ན།
    སྙིང་མེད་རྣམས་ཀྱིས་རྣར་མི་འགྲོ།
    སྙིང་སྟོབས་ཅན་གྱི་བོད་མི་ཚོ།
    སྙིང་ནས་ལ་རྒྱ་མ་བརྗེད་རོགས།
    སྙིང་བོ་ལོན་པའི་བོད་མི་བྱེད་བསམ་ན།
    སྙིང་རྗེས་བདག་ཉིད་༧གོང་ས་མཆོག་གི་ཞལ།
    སྙིང་པོ་ཅན་གྱིས་བདུད་རྩི་འདྲ་བའི་བཅུད།
    སྙིང་དང་འདྲ་བའི་གངས་ཅན་སྐྱེ་འགྲོ་ལ།
    སྙིང་ནས་བརྩེ་བའི་ཞལ་གདམས་མ་བརྗེད་དགོས།
    སྙིང་མེད་བོད་མིའི་རང་སྐད་མི་ཤེས་མཁན།
    སྙིང་དང་འདྲ་བའི་རང་གི་ཕ་ཡུལ་བརྗེད།
    སྙིང་བོ་ཅན་གྱི་དམ་པའི་ལྷ་ཆོས་མེད།
    སྙིང་གི་བྱམས་པ་རང་གི་མི་རིགས་མིན།
    སྙིང་མེད་དེ་འདྲ་བོད་པའི་ནང་ལ་མང་།
    སྙིང་ནས་ཡིད་ཐང་ཆད་པའི་བོད་པ་དེ།
    སྙིང་གི་སྐད་ཆ་བཤད་ན་མི་ཉན་པའི།
    སྙིང་ཚོམས་མང་པོ་ཚུར་ལ་རྒྱག་གི་འདུག
    སྙིང་དང་འདྲ་བའི་བོད་རིགས་སྤུན་ཟླ་ཀུན།
    སྙིང་པོས་དོན་དང་ལྡན་པའི་མི་ཚེ་འདི།
    སྙིང་ནས་མཛད་ན་ཕྱི་རྒྱལ་འགྲོ་བ་མིན།
    སྙིང་བོ་ཅན་དེ་རང་གི་རིགས་གཞུང་རེད།
    སྙིང་ནས་སྙིང་ལ་བརྒྱུད་པའི་ནང་ཆོས་འདི།
    སྙིང་བོ་ངོ་མ་འདི་མིན་གཞན་མ་མཐོང་།
    སྙིང་ནས་སྐྱབས་ཡུལ་མཆོག་གསུམ་ནོར་བུ་འདྲ།
    སྙིང་གི་ལམ་སྟོན་དགེ་བའི་གཤེས་གཉེན་རེད
    སྙིང་གི་གྲོགས་པོ་འཕགས་པའི་དགེ་འདུན་ཡིན།
    སྙིང་གི་ཕ་ཡུལ་གངས་ཅན་ལྗོངས་སུ་གནས།
    སྙིང་གི་ཕ་མ་རྒྱང་རིང་ལམ་ན་བཞུགས།
    སྙིང་གི་སྤུན་མཆེད་རྒྱ་མཚོའི་ཕ་རོལ་ཡོད།
    སྙིང་གི་སྐྱབས་གནས་རྒྱ་གར་ཡུལ་ན་བཞུགས།
    སྙིང་དང་འདྲ་པའི་བོད་པའི་ག་འདྲ་བྱེད།
    སྙིང་ཁོག་སྟོང་པའི་གླུ་ཞིག་ང་ཡི་ལེན།
    སྙིང་ནས་མིག་ཆུ་དབང་མེད་ཤོར་བཞིན་དུ།
    སྙིང་ནད་ཆེན་པོས་དགྲ་ལ་བསམ་བློ་འཁོར།
    སྙིང་ནས་དགྲ་ལན་ལེན་པའི་བློ་ཞིག་འཁོར།
    སྙིང་གི་གྲོགས་རྣམས་མ་བཞུགས་ད་ལྟ་ཕེབས།
    སྙིང་གཏམ་འདི་ནི་བོད་རིགས་ཡོངས་ལ་ཕུལ།

  10. wangdakbhum says:
    2010-11-02 at 4:31 am

    མཐོ་རིམ་སློབ་མ་དང་བོད་དོན།
    ཨ་ཚོགས་དབང་གྲགས་འབུམ། བྷ་རོ་ཊ་མཐོ་སློབ།
    ༧སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་ཅིག་ཏུ་”གཞིས་ཆགས་ཁག་ཏུ་ཡོད་པའི་རྒན་ཁོག་ཚོ་བོད་དོན་ལ་སེམས་ཤུགས་ཤིན་ཏུ་ཆེ་རུང་ན་ཚོད་རྒས་བ་དང་སློབ་སྦྱོང་མེད་པས་ཅི་ཡང་བྱ་ཡ་མེད།དེ་འདྲ་སོང་ཙང་ཁྱེད་རང་ཚོ་གཞོན་སྐྱེས་ཤེས་ཡོན་པ་ཚོས་བོད་དོན་གྱི་ཕྱོགས་གང་ཐད་ནས་འཐབ་རྩོད་གྲུབ་འབྲས་ལྡན་བྱེད་དགོས་ཚུལ་གྱི་ཐུགས་རེ་གནང་ཡོད་”།སྤྱིར་བཏང་ནས་གཞོན་སྐྱེས་ཤེས་ཡོན་ཅན་རྣམས་ནི་མི་རིགས་དང་རྒྱལ་ཁབ།འཛམ་གླིང་ཁྱོན་ཡོངས་སྣེ་ཁྲིད་དང་འཛུགས་སྐྲུན།བསྒྱུར་བཅོས་ཅི་གཏོང་གི་བདག་པོ་ངོ་མ་དེ་ཡིན་པ་ཆོས་ཉིད་དུ་གྲུབ་ཡོད།

    མ་འོངས་པའི་བོད་དོན་འདི་ཡང་བོད་རིགས་གཞོན་སྐྱེས་ཤེས་ཡོན་ཅན་ཚོའི་འབྲལ་ཐབས་མེད་པའི་ལས་འགན་གལ་ཆེན་དེ་ཡིན།དེ་འདྲ་སོང་ཙང་བོད་ཕྱི་ནང་དང་གཞུང་དམངས་ཡོངས་ཀྱིས་བོད་རིགས་གཞོན་སྐྱེས་ཤེས་ཡོན་པ་ཚོར་རེ་བ་ཆེན་པོ་བརྒྱབ་ཡོད་ལ་རེ་བ་རྒྱག་ས་ཡང་ཡིན།འོང་ཀྱང་དོན་དངོས་ཐོག་ང་རང་ཚོས་མཐའ་གཅིག་ཏུ་རེ་བ་བརྒྱབ་ནས་མ་བསྡད་པར་རེ་བ་རྒྱག་སའི་མཐོ་རིམ་སློབ་གྲྭ་ཁག་གི་སློབ་མ་ཚོའི་སློབ་སྦྱོང་གི་སྤུས་ཚད་དང་བོད་དོན་ཐོག་མཁྱེན་རྒྱ་ཅི་ཙམ་ཡོད་མེད་ལ་ཞིབ་འཇུག་དང་མཐུན་རྐྱེན་རྒྱབ་སྐྱོར་དེ་ངེས་པར་དུ་དགོས་བའི་དུས་ལ་བབ་འདུག

    ད་ལོ་ང་རང་རྒྱ་གར་གྱི་མཐོ་སློབ་ཁག་གི་ནང་སློབ་གཉེར་གནང་བཞིན་པའི་བོད་པའི་སློབ་ཕྲུག་མང་པོ་ཞིག་དང་མཉམ་དུ་བོད་དོན་ཐད་ལས་འགུལ་འདྲ་མིན་སྤེལ་བའི་སྐབས་དོན་དངོས་དང་འབྲེལ་བའི་མྱོང་ཚོར་ཆེ་ཤོས་ཤིག་ནི་བོད་པའི་མཐོ་རིམ་སློབ་མ་མང་དག་ཅིག་བོད་དོན་ཐད་ལ་སེམས་ཤུགས་ཡོད་ཀྱང་བོད་དོན་གྱི་གནས་ཚུལ་ལ་ཤེས་རྒྱ་ཧ་ཅང་ཞན་པ།བོད་དོན་སྐོར་གྱི་གནས་ཚུལ་མ་རྟོགས་པས་གསར་འགོད་པས་བོད་དོན་སྐོར་དྲི་བ་འདྲ་མིན་བཏོན་དུས་དྲི་ལན་མེད་པའི་དཀའ་ངལ་དེ་ནི་དཀའ་ངལ་ཆེ་ཁག་ཅིག་ཆགསའདུག ཡང་མཐོ་རིམ་སློབ་མ་མང་དག་ཅིག་བོད་དོན་ཐད་སེམས་ཤུགས་ཁྱོན་ནས་མེད་པ་དང་ཁོང་ཚོར་མཚོན་ན་ད་ལྟའི་བོད་ཀྱི་ཛ་དྲག་གི་གནས་བབ་དང་རྒྱ་ཆེ་བའི་གཞིས་བྱེས་ཡོངས་ནས་གཞོན་སྐྱེས་ཤེས་ཡོན་པ་རྣམས་ལ་རེ་བ་ཅི་ཙམ་ཞིག་རྒྱག་གི་ཡོད་པ་ནི་ཁོོང་ཚོར་མཚོན་ན་འབྲེལ་བ་སྤུ་ཙམ་ཡང་མེད་པའི་གནས་སྟངས་འོག་བསྡས་ཡོད།དེ་འདྲ་སོང་ཙང་ད་ལྟ་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་པའི་སློབ་མ་བརྒྱ་ཆ་དགུ་ཅུ་ཙམ་གོང་གསལ་གྱི་གནས་སྟངས་དེ་གཉིས་ཀྱི་ཁོངས་སུ་ཚུད།

    ངས་གནས་སྟངས་འདི་ཛ་དྲག་གི་གནས་སྟངས་ཤིག་ཏུ་མཐོང་ལ་གནས་ཚུལ་འདིར་བསྒྱུར་བཅོས་གཏོང་དགོས་ན་བོད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་ཅིག་དང་སློབ་ཕྲུག་དོ་བདག་སོ་སོ་ཕྱོགས་གཉིས་ཐད་ནས་མཉམ་རུབ་ཀྱིས་འགྱུར་བ་ཞིག་དང་མཐུན་རྐྱེན་ངེས་མཁོ་ཁག་ཅིག་ལ་རྒྱབ་སྐྱོར་གནང་དགོས་ཀྱི་འདུག མཐོ་སློབ་པ་མང་ཤོས་ཤིག་ཁུངས་སོ་སོའི་སློབ་ཡོན་ལེན་སའི་ལས་ཁུངས་ལས་གཞན་མཐོ་སློབ་ལོ་ལྔའི་རིང་བོད་གཞུང་གི་ལས་ཁུངས་ཡོངས་དང་འབྲེལ་མེད་དུ་གནས་ཡོད།

    བོད་པའི་སྤྱི་ཚོགས་དང་ཁ་བྲལ་ནས་སྤྱི་ཚོགས་གཞན་ཞིག་ཏུ་ལོ་ངོ་དུ་མའི་རིང་འདུག་དགོས་དུས་བོད་དོན་ཐད་དོ་སྣང་ཡོད་རུང་ཁོར་ཡུག་གི་དབང་གིས་བོད་པའི་སྤྱི་ཚོགས་དྲན་བསྡད་པ་ཞིག་དང་བོད་དོན་གྱི་གནས་ཚུལ་ཁྱོན་ཡོངས་མ་རྟོགས་པའི་དཀའ་ངལ་ཞིག་ཏན་ཏན་འདུགདྲ་རྒྱ་ཁག་ཏུ་གསར་འགྱུར་གལ་ཆེ་ཁག་མཐོང་ཐུབ་མོད་བོད་དོན་གྱི་ཞིབ་ཕྲའི་གནས་ཚུལ་རྟོགས་དཀའ།

    མ་འོངས་བོད་ཀྱི་བདག་པོ་བོད་མི་རང་ཡིན་པ་དང་བོད་ཀྱི་རང་བཙན་བསྐྱར་གསོ་བ་ཡང་བོད་མི་རང་ཉིད་ཡིན་དགོས་བས། བོད་གཞུང་དྲིལ་བསྒྲགས་ལས་ཁུངས་དང་གསར་འགོད་བརྒྱུད་ལམ་ཁག་གི་འབྲེལ་ཡོད་ལས་ཁུངས་ཁག་གིས་བོད་དོན་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱེད་པའི་ལྷག་ཅིག་བོད་མི་སྤྱི་ཚོགས་ནང་ཁྱབ་བསྒྲགས་དང་འབྲེལ་བོད་དོན་ཐད་གོ་རྟོགས་ནུས་ཤུགས་ཆེར་སྤེལ་དགོས་བ་གལ་ཆེན་རེད་འདུག དམིགས་བསལ་གྱིས་ཐེངས་འདིའི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་སྐབས་གཞུང་དང་ཡུལ་ཕྱོགས་གཉིས་ནས་བོད་དོན་དང་འབྲེལ་བའི་གསར་ཤོག་གལ་ཆེན་ཁག དཔེར་ན་ བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན།བོད་མིའི་རང་དབང།དེ་བཞིན་དབྱིན་ཡིག་ནང་བཏོན་བཞིན་པའི་བོད་དོན་གྱི་ཚགས་ཤོག་དག་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་པའི་སློབ་ཕྲུག་དག་ལ་ཆེད་གཏོང་གནང་དགོས་བ་དང་དེ་བཞིན་གཞུང་འབྲེལ་གྱིས་བོད་པའི་མཐོ་སློབ་རྣམས་ལ་བོད་དོན་དང་འབྲེལ་བའི་ཟབ་སྦྱོང་མང་ཙམ་སྤྲོད་དགོས་པ་དེ་གལ་ཆེན་རེད།གཞུང་འབྲེལ་གྱི་བཀོད་སྒྲིག་འོག་བོད་པའི་མཁས་དབང་དང་།དེ་བཞིན་བོད་ནང་གི་ཁོར་ཡུག་གི་ཛ་དྲག་གནས་སྟངས་སྐོར་ཆེད་ལས་མཁས་དབང་གང་མང་མང་མཐོ་སློབ་ཁག་ཏུ་ཆེད་གཏོང་གིས་བཀའ་སློབ་གནང་བ་དང་བགྲོ་གླེང་བྱ་ཐུབ་ན་སློབ་མ་རྣམས་ཀྱིས་བོད་དོན་སྐོར་མཁྱེན་རྒྱ་ཡོང་བ་དང་སེམས་ཤུགས་རྒྱས་བར་ཧ་ཅང་དགེ་མཚན་ཆེ་བར་སྙམ།

    དེ་བཞིན་ཤེས་རིག་ལས་ཁུངས་དང་བོད་ཁྱིམ་ཁག་གི་འཛིན་སྐྱོང་ཁག་ནས་ཀྱང་སློབ་ཡོན་གཏོང་བ་ཙམ་ཁོ་ན་མ་ཡིན་པར་མཐོ་སློབ་ཁག་ཏུ་ཆེད་བསྐྱོད་ཀྱིསསློབ་མའི་སློབ་སྦྱོང་གི་གནས་སྟངས་ལ་ཞིབ་འཇུག སློབ་ཕྲུག་ཕྱོགས་ཀྱི་དཀའ་ངལ་དང་བསམ་ཚུལ་སོགས་ལ་དོ་སྣང་བྱེད་པར་གལ་ཆེན་མཐོང་སོང་། འདི་དག་ནི་འཛིན་སྐྱོང་ཁག་གིས་མཐོ་སློབ་པ་རྣམས་ལ་འགན་ཁུར་སྟངས་སྐོར་ཉམས་མྱོང་གཞིར་བཞག་ནས་ཕུལ་བའི་བསམ་ཚུལ་འགའ་ཡིན།

    གལ་ཆེ་ཤོས་དེ་ས་གནས་སློབ་ཕྲུག་རང་ཉིད་འགུལ་སྐྱོད་དང་མདུན་མཆོངས་ཆེན་པོ་ཞིག་རྒྱག་དགོས་པ་དེ་ཡིན། ལྡི་ལི་དང་ ཅན་རྒར།བྷ་རོ་ཊ།བྷེང་ལོར་སོགས་སུ་སློབ་སྦྱོང་བྱེད་བཞིན་བའི་བོད་པའི་སློབ་མ་དག་ས་གནས་གཞོན་ནུའི་འཛིན་སྐྱོང་འོག་ཡོད་པ་དང་མ་རྡུ་ར་སུ་ཕྱོགས་ཀྱི་སློབ་མ་ཡོངས་ས་གནས་བོད་རང་དབང་སློབ་ཕྲུག་ཚོགས་ཆུང་གི་འཛིན་སྐྱོང་འོག་ཡོད་ཙང་ས་གནས་འཛིན་སྐྱོང་ཁག་གིས་བཀོད་སྒྲིག་འོག་བོད་དོན་སྐོར་བགྲོ་གླེང་དང་དྲི་རྩལ།གཏམ་བཤད།དབྱིན་བོད་ཀྱི་དྲ་རྒྱ་ཁག་དང་ཚགས་ཤོག་དུས་དེབ་ཁག་མངགས་ཉོ་དང་ཟུར་དུ་ལྟ་ཀློག་ཅི་ཐུབ་བྱ་དགོས་བ་ཧ་ཅང་གལ་ཆེན་རེད་འདུག

    ང་ཚོ་མཐོ་སློབ་པ་རྣམས་ཀྱིས་བོད་དོན་སྐོར་སྐད་འབོད་རྒྱག་པ་ལས་ལྷག་ཅིག་བོད་དོན་སྐོར་སློབ་སྦྱོང་བྱེད་རྒྱུ་ད་ལྟའི་དུས་འདིར་གལ་ཆེ་ཤོས་མཐོང་སོང་།དེ་བས་ས་གནས་སློབ་ཕྲུག་འཛིན་སྐྱོང་ཁག་ནས་འདི་དོན་དོ་སྣང་དང་ལག་བསྟར་ཡོང་བའི་སྔོན་འགྲོའི་གྲོས་གཞི་རུ་བཏོན་པ་ཡིན།ཞིབ་ཕྲའི་བགྲོ་གླེང་དང་གྲོས་བསྡུར་སླེབས་ལ་ཉེ་བའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ལྔ་བའི་སྐབས་བྱ་ཆོག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme