Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐད་ཡིག་གླེང་བ་ནི་ཁྲིམས་འགལ་མིན།

Posted on 2010-10-262010-10-26 By ཁ་བརྡ་ No Comments on སྐད་ཡིག་གླེང་བ་ནི་ཁྲིམས་འགལ་མིན།

གཅན་མེ་སྟག

ཉེ་ལམ་ཞིང་ཆེན་སློབ་གསོ་ཐིན་དང་སྲིད་གཞུང་གིས་༢༠༡༠— ༢༠༢༠ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་གྱི་འཆར་འགོད་རྩ་གནད་ཞེས་པ་ཞིག་གཏན་འབེབས་བྱས་ཏེ་བོད་རྒྱ་ཡིག་རིགས་གཉིས་ཀྱི་གཙོ་ཕལ་ཐག་གཅོད་དང་སློབ་ཁྲིད་སྐད་ཆའི་སྟེང་ནས་གཅིག་གྱུར་བྱེད་པའི་གནད་དོན་གཙིགས་ཆེན་རེ་འགའ་ཐག་གཅོད་བྱས་འདུག་པ་དང་། དེའི་སྟེང་ཁུལ་དང་ས་གནས་རེ་གཉིས་ཀྱི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་མགྱོགས་མྱུར་སྒོས་ལག་བསྟར་བྱེད་པའི་གནས་ཚུལ་ལས་བོད་གནས་ས་ཁུལ་མང་དག་ཏུ་སློབ་མ་དང་ཁྱིམ་བདག་ཐམས་ཅད་ཀྱིས་མི་འདོད་པའི་སྐད་འབོད་དྲག་ཏུ་བྱས་ལ། དེ་ཡིས་རྒྱལ་སྤྱི་ཕྱི་ནང་ཀུན་ཏུ་ཤུགས་རྐྱེན་ཧ་ཅང་ངན་པ་ཞིག་བཞག་དང་འཇོག་ཀྱིན་ཡོད།

ཁོ་བོ་རང་ཉིད་ཀྱང་སློབ་གསོ་སྡེ་ཁག་ཏུ་བྱ་བ་སྒྲུབ་བཞིན་ཡོད་ཅིང་སྐད་ཡིག་དགེ་རྒན་གྱི་བྱ་བ་གཉེར་ནས་མི་ལོ་ཉི་ཤུར་ལོངས་པ་ཡོད་མཁན་ཞིག་ཡིན་པའི་ངོས་ནས་ཐེངས་འདིའི་དོན་རྐྱེན་གྱི་ཐད་དུ་སྐད་ཆ་རེ་གཉིས་ཤིག་མ་བཤད་ཐུ་མེད་དུ་འགྱུར་བཞིན་ཡོད་ཅིང་། སློབ་གསོ་ཐིན་གྱི་ཝང་ཡུས་པོ་ཡི་གཏམ་བཤད་དང་འབྲེལ་ཏེ་མི་རིགས་ས་ཁུལ་གྱི་སློབ་གསོ་ཕྱོགས་ཀྱི་གནད་དོན་རེ་འགའ་གླེང་དགོས་བྱུང་སོང་།

དེ་ཡང་ཁས་མ་བླངས་ཐུ་མེད་ཅིག་ནི་མི་རིགས་ས་ཁུལ་དུ་སྐད་གཉིས་སློབ་གསོ་སྤེལ་ཚུན་ནས་མཚོ་སྔོན་གྱི་མི་རིགས་སློབ་གསོའི་འཕེལ་སྟངས་ལ་འགྱུར་ལྡོག་སྔར་མེད་པ་ཞིག་བྱུང་ཞིང་མི་རིགས་ས་ཁུལ་གྱི་ཡིག་རྨོངས་སེལ་ཚད་ཀྱང་བརྒྱ་ཆའི་༩༦ཡན་དུ་སླེབས་ཡོད་ལ། དེ་བས་ཀྱང་སྐད་གཉིས་དང་སྐད་མང་ཤེས་ལྡན་མི་སྣ་འབོར་ཆེན་སྐྱེད་སྲིང་བྱས་དང་བྱེད་འགྱུར་ཡིན་པ་འདི་ཏང་དང་རྒྱལ་ཁབ་རིམ་པའི་རྒྱབ་སྐྱོར་དང་ཐུགས་འཁུར་ཡིན་པ་བཀའ་དྲིན་སྙིང་བཅངས་ཞུ་གི་ཡོད་ལ། གཉིས་ན་ཞིང་ཆེན་སློབ་གསོ་ཐིན་ནས་མ་དངུལ་དམངས་སྒོར་བྱེ་བ་བདུན་དང་ས་ཡ་དྲུག་བཏང་ནས་ལོ་ངོ་གསུམ་གྱི་དུས་ཡུན་ནང་སློབ་གསོ་འཕེལ་རྒྱས་དང་ལྷག་པར་དུ་སྐད་གཉིས་སློབ་གསོ་འཕེལ་རིམ་གསར་བ་ཞིག་ཏུ་སླེབས་ཐུབ་པའི་འཆར་འགོད་བཟོས་ཏེ་དེའི་ཕྱོགས་ཀྱི་ལས་དོན་ཁག་ལ་འབད་བརྩོན་བྱས་དང་བྱེད་བཞིན་པ་ལའང་དངོས་གནས་སེམས་འགུལ་དྲག་ཏུ་ཐེབས་བཞིན་ཡོད།

ཡིན་ནའི་རྩ་གནད་ཀྱི་ནང་བསྟན་པའི་རྒྱ་སྐད་གཅོ་བོ་དང་བོད་ཡིག་གཞོགས་ཁྲིད་ཡིན་ལ། རྒྱ་སྐད་ནི་སློབ་ཁྲིད་ཀྱི་སྐད་ཆར་བྱས་ཏེ་རྒྱ་ཡིག་སློབ་ཚན་སློབ་སྔོན་རིམ་པའི་སྐབས་ནས་འཛུགས་དགོས་པའི་གླེང་བྱ་བཏོན་པ་དེར་ཁོ་བོ་རྩད་ནས་འཐད་པ་མེད་དེ། ཝང་ཡུས་པོ་ཡིས་གཏམ་བཤད་ཁྲོད་དེ་ནི་ཀྲུང་དབྱང་གི་དགོངས་དོན་དང་མཐུན་ལ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མཐུན་པ། མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་དང་འདོད་མོས་དང་མཐུན་པ་གསུམ་གྱི་སྒོ་ནས་བཤད་པ་ཡང་དོན་དངོས་ལས་འགལ་བའི་གཞི་རྩ་མེད་པའི་གཏམ་འཆལ་ཞིག་སྟེ།

གཅིག་ན་ཀྲུང་དབྱང་གིས་༢༠༡༠—༢༠༢༠ལོའི་རྒྱལ་ཁབ་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་གྱི་འཆར་འགོད་རྩ་གནད་ནང་ཕྱོགས་ཡོངས་ནས་རྒྱའི་སྐད་ཡིག་སློབ་ཚན་སྒྲིག་འཛུགས་བྱས་ཏེ། རྒྱལ་ཁབ་སྤྱི་སྤྱོད་ཀྱི་སྐད་དང་ཡི་གེ་ཁྱབ་སྤེལ་བྱེད་དགོས་ལ། གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་ནས་སློབ་གསོ་མྱོང་བའི་བདག་དབང་ལ་སྲུང་སྐྱོབ་དང་ཁེག་ཐེག་བྱེད་དགོས་ཞེས་བསྟན་ཡོད་པ་སྟེ། དེའི་ནང་དོན་ནི་གྲངས་ཉུང་མི་རིགས་ས་ཁུལ་དུ་རྒྱའི་སྐད་ཡིག་ནི་སྐད་ཡིག་གཉིས་པ་ཡིན་པའི་གཏན་འབེབས་བྱས་པ་ཡིན་ལ། དེ་ནི་དོན་དངོས་གཞིར་བཞག་གིས་ཐག་གཅོད་བྱས་པ་ཞིག་ཡིན་པས་ན་ཝང་ཡུས་པོ་ཡིས་བཤད་པའི་ཀྲུང་དབྱང་གི་དགོངས་དོན་དང་མཐུན་པའི་རྒྱབ་རྩ་ཅི་ཞིག་ཡོད། རྩ་གནད་ལས་ད་དུང་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་ནས་སློབ་གསོ་མྱོང་བའི་བདག་དབང་དེ་ཁྲིམས་ལུགས་ཀྱིས་གཏན་འབེབས་བྱས་པའི་ཁེ་དབང་ཞིག་ཡིན་པར་བསྟན་ཡོད་ལ། དེ་མཚུངས་སུ་རྩིས་དངོས་རྫས་གསུམ་དང་ཆབ་སྲིད་ལོ་རྒྱུས་ས་ཁམས་སོགས་སྐད་ཆའི་སློབ་གསོ་རིགས་མ་ཡིན་པའི་བསླབ་ཚན་གང་ཡང་རྒྱའི་སྐད་ཡིག་གིས་འཁྲིད་དགོས་པའི་རེ་བ་དང་དམིགས་ཡུལ་ཅི་ཡང་བྲིས་མེད་ན། ཝང་ཡུས་པོ་ཡིས་བཤད་པའི་རྒྱལ་ཁབ་སྤྱི་སྤྱོད་ཀྱི་སྐད་དང་ཡི་གེའི་ལམ་ནས་སློབ་ཁྲིད་བྱེད་པ་གཙོ་བོ་དང་དུས་མཚུངས་སུ་མི་རིགས་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་པ། རྒྱལ་ཁབ་སྤྱི་སྤྱོད་ཀྱི་སྐད་དང་ཡི་གེ་ནི་སློབ་ཁྲིད་ཀྱི་སྐད་ཆར་བསྒྱུར་དགོས་པའི་རྒྱལ་ཁབ་ཀྱི་དམིགས་འབེན་ཞིག་གང་ནས་ཐོན་ནམ།

གཉིས་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མཐུན་ཟེར་བའང་དུམ་ཚན་དབྱེ་ནས་ཆད་ལྷག་མཐུད་པའི་སྐད་ཆ་འཆལ་བོ་ཞིག་ཡིན་འདུག་སྟེ། དེ་ནི་མི་རིགས་རང་སྐྱོང་ས་གནས་ཀྱི་ཁྲིམས་དང་འགལ་ལ། རྒྱལ་ཁབ་སྐད་ཡིག་གི་ཁྲིམས་སྲོལ་དང་འགལ་བ། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཡང་འགལ་བའི་སྐད་ཆ་ཞིག་རེད། རྒྱུ་མཚན་འདྲེན་རྒྱུ་ཡོད་དེ། རྩ་ཁྲིམས་ཀྱི་དུམ་པ་བཞི་བའི་ཚན་པ་བཞི་བར། རིགས་སོ་སོའི་མི་དམངས་ཡོངས་ལ་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་ཡོད་ཅེས་དང་། སྐད་ཡིག་ཁྲིམས་སྲོལ་གྱི་དུམ་ཚན་བརྒྱད་པར། རིགས་སོ་སོའི་མི་དམངས་ཡོངས་ལ་རང་གི་ སྐད་དང་ཡི་གེ་བཀོལ་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་ཡོད་ཅེས་པའི་མཇུག་མུ་མཐུད་དུ་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་བཀོལ་སྤྱོད་ལ་རྩ་ཁྲིམས་གཞིར་བཞག་གིས་མི་རིགས་རང་སྐྱོང་ས་གནས་ཀྱི་ཁྲིམས་སྲོལ་སོགས་ཁྲིམས་ལུགས་གཞན་དག་གི་འབྲེལ་ཡོད་གཏན་འཁེལ་ལྟར་བྱེད་དགོས་ཞེས་བྲིས་ཡོད་བཞིན་དུ་ཝང་ཡུས་པོ་ཡིས་གཏུབ་གཅོད་མཐུད་གསུམ་གྱིས་གཞི་ཁུངས་གཞན་དུ་བསྒྱུར་ཅིང་། མི་རིགས་མང་བའི་རྒྱལ་ཁབ་དང་མི་རིགས་མང་བའི་ཞིང་ཆེན་གྱི་རྒྱལ་ཁབ་གནས་ཚུལ་དང་ཞིང་ཆེན་གནས་ཚུལ་དག་སྣང་མེད་དུ་བསྐྱུར་ནས། མི་རིགས་སློབ་མའི་སློབ་སྦྱོང་གི་རང་དབང་དང་བཀོལ་སྤྱོད་རང་དབང་། འཕེལ་རྒྱས་རང་དབང་གི་མདུན་ལམ་རྦད་ཀྱིས་གཅོད་དོན་ཅི་ཡིན་ནམ།

གསུམ་ན་སློབ་གྲྭའི་སློབ་ཁྲིད་ཀྱི་སྐད་ཆ་ངེས་པར་དུ་རྒྱལ་ཁབ་གཅིག་གྱུར་ཀྱི་མཚོན་བྱེད་དུ་རྒྱའི་སྐད་ཡིག་གི་སྟེང་དུ་གཅིག་གྱུར་བྱེད་དགོས་ཞེས་པར་ཅི་ནས་ཀྱང་ཁྲིམས་ལུགས་ཀྱི་གཞི་རྩ་མི་འདུག་སྟེ། རང་སྐྱོང་བཅའ་ཁྲིམས་ལས། གྲངས་ཉུང་མི་རིགས་ཀྱི་སློབ་མ་བསྡུ་ལེན་བྱེད་པའི་སློབ་གྲྭ་(འཛིན་གྲྭ)དང་སློབ་གསོའི་སྡེ་ཁག་གཞན་དག་ལས། ཆ་རྐྱེན་ལྡན་པ་དག་གིས་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་སློབ་དེབ་སྤྱོད་པ་དང་དེ་བཞིན་གྲངས་ཉུང་མི་རིགས་ཀྱི་སྐད་ཀྱིས་སློབ་ཁྲིད་བྱ་དགོས་ཞེས་གོ་ཧ་ཅང་སླ་བོས་བྲིས་ཡོད་ལ། དེ་མཚུངས་སུ་སློབ་གསོའི་བཅའ་ཁྲིམས་ལས་ཀྱང་། གྲངས་ཉུང་མི་རིགས་ཀྱི་སློབ་མ་གཙོ་བོ་ཡིན་པའི་སློབ་གྲྭ་དང་སློབ་གསོ་སྡེ་ཁག་གཞན་ནས་རང་མི་རིགས་སམ་ས་གནས་དེ་ཀའི་མི་རིགས་སྤྱི་སྤྱོད་ཀྱི་སྐད་དང་ཡི་གེས་སློབ་ཁྲིད་བྱེད་དགོས་ཞེས་ཐག་གཅོད་བྱས་འདུག་ན། སློབ་གསོ་སྲིད་འཛིན་གྱི་འགན་འཛིན་པར་སྡོད་པའི་ཝང་ཡུས་པོ་ཡིས་མ་མཐོང་བ་ཡིན་ནམ་སྣང་མེད་དུ་བྱས་པ་ཡིན། མ་མཐོང་བ་ཡིན་ན་ཁྲིམས་རྨོངས་དང་སྣང་མེད་དུ་བཞག་ན་ནི་ཁྲིམས་འགལ་ཡིན་ནོ།

བཞི་ན་ཝང་ཡུས་པོ་ཡིས་རྒྱལ་ཁབ་སྤྱི་སྤྱོད་ཀྱི་སྐད་དང་ཡི་གེ་དེ་ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ཡིག་རིགས་ཉག་གཅིག་ཏུ་བཤད་པའང་ཤེས་མེད་ཀྱི་དན་རྟགས་ཤིག་སྟེ། དེ་ན་ཀྲུང་གོ་ནི་མི་རིགས་མང་པོའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན་པའི་གཞི་རྩའི་ཁྱད་ཆོས་མ་རྟོགས་པ་དང་མི་རིགས་ས་གནས་རང་སྐྱོང་གི་གཞི་རྩའི་སྒྲིག་སྲོལ་མ་ཤེས་པའི་མཚོན་རྟགས་འབའ་ཞིག་ལས་མ་འདས་ཏེ། ཝང་ཡུས་པོ་ཡིས་རྒྱའི་སྐད་ཡིག་ནི་སློབ་ཁྲིད་ཀྱི་སྐད་ཆ་གཅིག་རྐྱང་དུ་བསྒྱུར་བའི་སྒྲུབ་བྱེད་དུ། རྒྱའི་སྤྱི་སྐད་དམ་ཚད་ལྡན་གྱི་ཡི་གེ་དེ་ནི་རྒྱལ་ཡོངས་གཅིག་གྱུར་གྱི་སྲིད་གཞུང་ཡིག་རིགས་ཤིག་ཡིན་པར་ཤོད་པ་དེ་ནི་རྐང་མི་ཚུགས་པའི་ཤོད་སྟངས་ཤིག་རེད་ལ། དེས་སྲིད་གཞུང་ཡིག་རིགས་ཟེར་བ་དང་རྒྱལ་ཁབ་སྤྱི་སྤྱོད་ཀྱི་སྐད་ཡིག་ཟེར་བ་གཉིས་ཀྱི་ནང་དོན་མི་ཤེས་པའི་རྟགས་འབའ་ཞིག་ཡིན་པ་མ་ཟད། མི་རིགས་རང་སྐྱོང་གི་སྒྲིག་སྲོལ་དང་འགལ་ཞིང་རྒྱལ་ཁབ་སྐད་ཡིག་གི་ཁྲིམས་སྲོལ་དང་མི་མཐུན་པའི་ཤོད་སྟངས་ཤིག་རེད། དེ་ལྟར་ཤོད་དོན་ནི་སྐད་ཡིག་ཁྲིམས་སྲོལ་ལས། རྒྱའི་ཡུལ་སྐད་དང་ཡིག་གཟུགས་འབྲི་སྟངས་ཐད་ནས་ཚད་ལྡན་གྱི་སྤྱི་སྐད་དང་ཡིག་གཟུགས་ཉིད་གདམ་གསེས་བྱ་དགོས་ཞེས་པ་ལས་གཞན་དེ་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བར་དུ་འབྲེལ་བ་ཅི་ཞིག་ཡོད་པ་རྩད་ནས་གླེང་མེད་པས་ཡིན་ལ། དེ་བས་ཀྱང་མི་རིགས་རང་སྐྱོང་ཁྲིམས་སྲོལ་ལས། མི་རིགས་རང་སྐྱོང་ས་གནས་སུ་རང་སྐྱོང་ལས་ཁུངས་ཀྱིས་ལས་དོན་ལག་བསྟར་བྱེད་པའི་སྐབས་སུ། རང་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་སྲོལ་ཡིག་གི་གཏན་འབེབས་ལྟར་རང་གནས་སུ་སྤྱི་སྤྱོད་བྱེད་ཀྱིན་པའི་སྐད་རིགས་སྣ་གཅིག་གམ་སྐད་རིགས་སྣ་མང་བཀོལ་བ་དང་། སྐད་རིགས་སྣ་མང་གིས་ལས་དོན་ལག་བསྟར་བྱེད་ཀྱིན་པའི་ས་གནས་སུ་ས་གནས་རང་སྐྱོང་གི་མི་རིགས་སྐད་ཡིག་བཀོལ་བ་གཙོ་བོར་བྱེད་དགོས་ཞེས་བྲིས་ཡོད། དེ་ན་རྒྱལ་ཁབ་སྤྱི་སྤྱོད་ཀྱི་སྐད་ཡིག་དེ་སྲིད་གཞུང་གི་ཡིག་རིགས་སྣ་གཅིག་ཡིན་པར་སྒྲུབ་སྟངས་དེ་ནི་མི་རིགས་ཆེན་པོའི་རིང་ལུགས་ཤེད་ཆེ་བའི་མངོན་རྟགས་ཤིག་ལས་རང་རེའི་ཞིང་ཆེན་ལྟ་བུའི་མི་རིགས་མང་བོ་འདུས་སྡོད་ཀྱི་ས་གནས་ཤིག་ལ་མཚོན་ན་ཤིན་ཏུ་ནས་མི་འོས་པ་ཞིག་ཡིན་པ་མངོན་གསལ་ཡིན་འདུག

ལྔ་བར་ནི་རྩ་གནད་ལས་སྐད་གཉིས་སྤེལ་ཚུན་དུ་འཕེལ་རྒྱས་ཤིན་ཏུ་ཆེན་པོ་བྱུང་ཚུལ་གྱི་གདེང་འཇོག་བྱས་ཡོད་བཞིན་དུ། བོད་ཀྱི་སྐད་ཡིག་ཁོ་ན་བསྒྱུར་བཅོས་བྱ་དགོས་པའི་གནད་འགག་གང་ལ་ཐུག་ཡོད། དེ་བཞིན་དུ་སྐད་གཉིས་སློབ་གསོ་སྤེལ་བའི་གོ་རིམ་ཁྲོད་བྱུང་བའི་གནད་དོན་དང་དཀའ་ཁག་ཡོད་ཚད་ཀྱི་ནག་ཉེས་ཀྱང་བོད་ཡིག་ཁོ་ན་ལ་འགེལ་བའི་གླེང་ཅི་ཡོད། ད་དུང་སྐད་གཉིས་སློབ་གསོ་མྱངས་བའི་སློབ་མའི་ལོ་རིམ་འཕར་ཚད་དམའ་ཞིང་སློབ་ཆེན་རིམ་པ་འགྲིམས་པའི་སྒོ་ལམ་དོག་པ། ལས་ཞུགས་ཀྱི་ལམ་གཞུང་དོག་པ་ལ་སོགས་པའི་གནས་ལུགས་མང་དུ་བགྲངས་ནའང་དེ་ནི་སློབ་མའི་གནད་དོན་མིན་ལ། སྐད་གཉིས་སློབ་གསོའི་གནད་དོན་ཀྱང་མིན་པར་དེ་ནི་སློབ་བསྡུ་སྲིད་འཛིན་སྡེ་ཁག་གི་སྲིད་ཇུས་གཏན་འབེབས་དང་ཐབས་ལམ་ལ་རག་ལས་ཏེ། རང་རེའི་ཞིང་ཆེན་དུ་སྐད་གཉིས་སློབ་གསོའི་སྔོན་ཐོན་རིགས་སུ་གྱུར་བའི་ནང་སོག་དང་ཡུ་གུར་ལ་སོགས་པའི་བྱེད་ཐབས་ལག་བསྟར་དུ་བྱེད་མི་རུང་བ་ཅི་ཡོད། སྐད་གཉིས་ཞེས་ན་མི་རིགས་ས་ཁུལ་དུ་སྐད་གཉིས་མིང་འཛིན་གྱི་དགེ་རྒན་སྣ་གྲངས་མང་བོ་འདུག་ནའང་བོད་ཡིག་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་མ་གཏོགས་པའི་དགེ་རྒན་གཞན་ལ་སྐད་གཉིས་ཀྱི་རེ་བ་དང་དམིགས་འདུན་མི་འཇོག་པ་ཅིའི་ཕྱིར་ཡིན་ནམ།

གོང་གསལ་རྒྱུ་རྐྱེན་དེ་དག་གི་དབང་གིས་ཁོ་བོས་ཀྱང་ལུགས་མཐུན་གྱི་སྐད་འབོད་ཐེངས་གཅིག་སྒྲོགས་འདོད་དེ། གཅིག་ནི་སྐད་འབོད་བྱས་ཟིན་པ་དང་བྱེད་འགྱུར་གྱི་སློབ་གསོ་མྱོང་མཁན་དང་མི་རིགས་རང་སྐྱོང་ས་གནས་ཀྱི་ལས་བྱེད་མང་ཚོགས་རྣམས་ཀྱི་དམིགས་བསལ་དབང་ཆར་བརྩི་འཇོག་སྒོས་སྔར་ཡོད་སློབ་ཁྲིད་བྱེད་སྟངས་ལ་ཚུལ་མིན་གྱི་བཅོས་བསྒྱུར་མི་བྱེད་པ་དང་། མི་རིགས་འཆམ་མཐུན་ལ་བརྩི་སྲུང་སྒོས་དངོས་ཡོད་གནས་ཚུལ་གཞིར་བཞག་གིས་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བའི་དམིགས་ཚད་ལེགས་འགྲུབ་འབྱུང་ཕྱིར་ས་གནས་སོ་སོའི་དགེ་རྒན་དང་སློབ་མ། ཁྱིམ་བདག་དང་འབྲེལ་ཡོད་མི་སྣའི་བསམ་འཆར་བསྡུ་ལེན་གྱིས་བསྐྱར་བཟོ་བྱ་རྒྱུ།

གཉིས་ནི་བོད་སྐད་ཡིག་དང་རིག་གནས་འདི་ཡང་ཀྲུང་ཧྭ་རྒྱལ་ཁབ་གྱི་མི་རིགས་མང་པོའི་རིག་གནས་ཁྲོད་ཀྱི་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པའི་ངོས་ནས་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་བ་དང་། བརྩི་བཀུར་དང་འདྲ་མཉམ་ཡོད་པའི་སྒོ་ནས་མིའི་རིགས་ཀྱི་ཤེས་ཡོན་རྒྱུན་བསྲིངས་ཀྱི་རང་དབང་ཡོད་པའི་ཤེས་རིག་ཅིག་ཏུ་འགྱུར་བར་སྲུང་འཛིན་བྱེད་དགོས། དེང་གི་དུས་སུ་མི་རིགས་གནད་དོན་ཅུང་འབུར་ཐོན་དུ་ཡོད་ཙང་། བོད་ཡིག་གི་གནད་དོན་འདི་ཡང་སྲིད་གཞུང་ལས་ཁུངས་ཁག་གིས་ཆབ་སྲིད་ཀྱི་གནད་དོན་ཙམ་པོར་འགྱུར་བཞིན་པའི་སྣང་ཚུལ་མང་དུ་འདུག་ན། སྔ་ཕྱི་དྲན་མཁས་ཤིང་འཆམ་མཐུན་གྱི་དམིགས་འབེན་རྒྱང་རིང་མཐོང་ནུས་པའི་སྲིད་འཛིན་སྡེ་ཁག་གིས་ཁྲིམས་མཐུན་ལུགས་སྲུང་གིས་ལེགས་བཅོས་མགྱོགས་མྱུར་ཡོང་དགོས་པའི་འབོད་སྐུལ་ཞུས་པ་ཡིན་ལ།

༣༡༤འི་གནད་དོན་དང་ཡུ་གུར་གྱི་༧༥འི་གནད་དོན་སོགས་ཀྱི་ཚབས་ཆེའི་དོན་རྐྱེན་མི་འབྱུང་བའི་ཞི་བདེའེ་འབོད་སྐུལ་འོག་ནས་ལྷག་བསམ་དག་པས་བྲིས་སོ།

ཡོང་ཁུངས།[སེང་རྡོར་དྲ་བ།]

རྩོམ་རིག

Post navigation

Previous Post: ཞིང་ཆེན་ལྔ་ཡི་ས་ཁུལ་གྱིས་ད་ལྟ་ལག་ལེན་བྱེད་བཞིན་པའི་བོད་ཡིག་གི་སློབ་དེབ་ཀྱི་་དབྱེ་ཞིབ་རགས་ཙམ།
Next Post: ད་དུང་སྐད་ཡིག ད་དུང་སྐད་ཡིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme