Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཉིད་ཉལ་བའི་སྤྱོད་ལམ་དང་འཕྲོད་བསྟེན།

Posted on 2010-10-05 By དགེ་རབ་ 7 Comments on གཉིད་ཉལ་བའི་སྤྱོད་ལམ་དང་འཕྲོད་བསྟེན།

དམུ་རབ་ཀྱིས།

སྤྱིར་གསོ་བ་རིག་པའི་གཞུང་ནས་རང་ཅག་གི་ལུས་ཁམས་འདི་ལ་མི་འདོད་པའི་ནད་འབྱུང་རྐྱེན་ལ་ཕྱིའི་དུས་གདོན་ཟས་སྤྱོད་བཞི་དང། ནད་བྱུང་བའི་ཚེ་དེ་གསོ་བྱེད་ཀྱི་གཉེན་པོ་ལའང་ཕྱིའི་ཟས་སྤྱོད་སྨན་དཔྱད་བཞིར་བསྡུས་ནས་བཤད་ཀྱི་ཡོད། དེས་ན་མི་རང་རང་གི་སྒོ་གསུམ་གྱི་སྤྱོད་ཚུལ་དེ་སོ་སོའི་ལུས་ཁམས་བདེ་ཐང་ཡོང་མིན་ལ་ཧ་ཅང་འབྲེལ་བ་ཆེན་པོར་ཡོད་པར་བརྟེན། ང་ཚོའི་ངག་རྒྱུན་ལ་འགྲོ་ཆགས་ཉལ་འདུག་གི་སྤྱོད་ལམ་ཞེས་གླེང་བཞིན་པའི་ཡ་གྱལ་གཉིད་ཉལ་བའི་སྤྱོད་ལམ་དེའང་ང་ཚོའི་ལུས་འཚོ་ལུགས་ཀྱི་གནས་སྟངས་ཐད་ངེས་པར་ཤེས་དགོས་པའི་དོན་དག་ཅིག་རེད། མ་ཟད་གཉིད་ཉལ་བའི་སྤྱོད་ལམ་དེ་ཕྱི་ལུས་ཀྱི་འཕྲོད་བསྟེན་གཅིག་བུ་མ་ཡིན་པར་ནང་སེམས་ཀྱི་འགྲོ་ལུགས་དང་བློ་སྦྱོང་གི་རིམ་པ་ལ་དེ་བས་ཀྱང་འབྲེལ་བ་ཆེན་པོ་ཡོད་པ་ནི་ལུས་སེམས་གཉིས་རྟེན་འབྲེལ་གྱི་གནད་འགོག་ཅིག་ཏུ་སེམས་སོ།། དེས་ན་འདིར་ལུས་སེམས་གཉིས་ལས་གཙོ་བོ་ལུས་ཀྱི་འཕྲོད་བསྟེན་དང་བསྟུན་ང་ཚོའི་ཉིན་ཞག་གཅིག་ཆུ་ཚོད་ཉེར་བཞི་རུ་ཕྱེས་པའི་ནང་ནས་གཉིད་ཉལ་བའི་དུས། ཇི་ལྟར་ཉལ་བའི་ཚུལ། དེ་ལྟར་ཉལ་བའི་ཕན་ཡོན། ཚུལ་བཞིན་མ་ཉལ་བའི་ཉེས་སྐྱོན་སོགས་དོན་ཚན་འགའ་ཞིག་གི་ཐོག་ནས་གཤམ་དུ་རིམ་པས་ཞུ་འདོད་བྱུང།

དང་པོ་གཉིད་ཉལ་བའི་དུས་ནི།

བཤེས་སྤྲིངས་ལས། རིགས་པའི་བདག་ཉིད་ཉིན་པར་མཐའ་དག་དང།།མཚན་མོའི་ཐུན་གྱི་སྟོད་སྨད་འདས་ནས་ནི།།མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་བར།།དྲན་དང་ལྡན་པར་དེ་དག་བར་དུ་མནོལ།། ཞེས་དང། རྗེ་ཙོང་ཁ་པ་ཆེན་པོའི་བྱང་ཆུབ་ལམ་རིམ་ལས། དེ་ཇི་ལྟར་བྱ་བ་ནི་ཉིན་མོ་དང་མཚན་མོ་ལ་ཆ་གསུམ་དུ་བྱས་པའི་བར་བ་ལ་བབ་པའི་ཚེ་ཉལ་བར་བྱ་སྟེ་གཉིད་ཀྱིས་རྒྱས་པར་བྱ་བའི་འབྱུང་བ་རྣམས་གཉིད་ཀྱིས་རྒྱས་པར་བྱ་བའི་ཕྱིར་རོ།།ཞེས་པ་ལྟར་ཉིན་ཞག་གཅིག་གི་དུས་ཡུན་ཆུ་ཚོད་ཉི་ཤུ་རྩ་བཞི་ཡོད་པའི་ནང་ནས་ཉིན་མོ་ཆུ་ཚོད་བཅུ་གཉིས་ཧྲིལ་བོ་དེ་གཉིད་ཉལ་བའི་དུས་མ་ཡིན་པ་དང། མཚན་མོ་ལ་ཆུ་ཚོད་བཅུ་གཉིས་ཡོད་པ་ཆ་གསུམ་དུ་ཕྱེས་ཚེ་ཆ་རེ་ལ་ཆུ་ཚོད་བཞི་རེ་ཡོད་པ་དང། དེའི་ནང་ནས་ནམ་སྟོད་སྨད་ཀྱི་ཆ་ཆུ་ཚོད་བརྒྱད་དམ་ཡང་ན་གསུམ་རེ་བྱས་པའི་ཆུ་ཚོད་དྲུག་གི་རིང་ལ་ཕྱི་ནང་གི་འགལ་རྐྱེན་ཉུང་བས་དགེ་སྦྱོར་ལ་འབད་པའི་དུས་དང། ནམ་གྱི་གུང་ཐུན་ཆུ་ཚོད་བཞིའམ་ཡང་ན་དྲུག་ཙམ་གྱི་རིང་ལ་རྣམ་དཀར་གྱི་ཕྱོགས་ལ་འཕེན་པ་དང་བཅས་ཏེ་ཉལ་བ་ནི་རང་ཉིད་ཀྱི་ལུས་སེམས་བདེ་ཐང་ཐད་ཤིན་ཏུ་ཕན་ཐོགས་ཡོད་པའི་ཉིན་རེའི་འཚོ་བའི་ཐོག་གི་སྤྱོད་ལམ་གལ་ཆེན་ཞིག་ཡིན།

གཉིས་པ་གཉིད་ཇི་ལྟར་ཉལ་བའི་ཚུལ་ནི།

མདོ་སྡེ་དཀོན་མཆོག་སྤྲིན་ལས། དེ་ཉལ་བ་ན་གློ་གཡས་པ་ཕབ་ནས་ཉལ་བར་བྱེད་དེ།རྐང་པའི་སྟེང་དུ་རྐང་པ་བཞག་ལུས་ཆོས་གོས་ཀྱིས་གཡོགས་ནས་དྲན་པ་དང་ཤེས་བཞིན་དང་ལྡན་བཞིན་དུ་ལྡང་བ་དང་སྣང་བའ་འདུ་ཤེས་ཀྱིས་ཉལ་བར་བྱའོ།།ཞེས་དང། སྤྱོད་འཇུག་ལས། མགོན་པོ་མྱ་ངན་འདས་གཟིམ་ལྟར།།འདོད་པའི་ཕྱོགས་སུ་ཉལ་བར་བྱ།།ཤེས་བཞིན་མྱུར་དུ་ལྡང་སེམས་ལ།།ཐོག་མ་ཉིད་དུ་ངེས་པར་བྱ།།ཞེས་པ་ལྟར་ཉིན་ཞག་གཅིག་གི་མཚན་མོ་ལ་ཆ་གསུམ་དུ་བྱས་པའི་བར་ཐུན་ཆུ་ཚོད་བཞིའམ་དྲུག་ཙམ་གྱི་རིང་ལ་ཉལ་བའི་སྤྱོད་ལམ་ངེས་པར་བསྟེན་དགོས། དེ་ཡང་མ་ཉལ་གོང་རང་གི་གནས་ཁང་ནས་ཕྱིར་བྱུང་སྟེ་གཤང་གཅི་འདོར་ཞིང་ཁ་གདོང་སོགས་གཙང་མར་བཀྲུ། ལྷག་པར་དུ་རྐང་པ་གཙང་མར་བཀྲུས་ནས་མལ་དུ་ཞུགས་ན་ཤིན་ཏུ་བཟང། དེ་ལྟར་ཉལ་བའི་ཚུལ་ཡང་མཉམ་མེད་ཤཱཀྱའི་རྒྱལ་པོ་མྱ་ངན་ལས་འདས་པའི་ཚུལ་ལྟར། ཡང་ན་སེངྒེ་འགྱིང་སྟབས་སུ་ཉལ་དགོས་པ་ཡིན། དེ་ཡང་ལུས་ཀྱི་ཕྱོགས་གཡས་པ་ས་ལ་བདེ་བར་ཕབ་སྟེ་རྐང་པ་གཡོན་པ་གཡས་པའི་སྟེང་དུ་ཤར་རེར་བརྐྱང་དགོས། ལག་པ་གཡས་པ་སྔས་ཀྱི་ཚུལ་དང་གཡོན་པ་རྐང་པའི་ཐོག་ཏུ་བཞག་སྟེ་རྐང་ལག་སོགས་ལུས་ཀྱི་ཆ་ཤས་ཀུན་ལ་ངལ་གསོའི་སྣང་བ་སྟེར་ཐབས་སུ་ཉལ་བ་ནི་ལུས་སེམས་གཉིས་ཀྱི་ནང་ནས་ཕྱི་ལུས་ཀྱི་སྤྱོད་ལམ་དང་། ནང་སེམས་ཀྱི་ཆ་ནས་ཀྱང་སློབ་སྦྱོང། སྤྱི་དོན། གཞན་ཕན། འཆད་ཉན། ཐོས་བསམ། སྒྲུབ་པ་ཉམས་ལེན་སོགས་རང་རང་སོ་སོའི་སྐབས་ཐོག་གི་རྣམ་དཀར་གྱི་ལས་རིགས་གང་ཞིག་ཉལ་ཁར་དྲན་པ་དང་ཤེས་བཞིན་གྱིས་གསལ་བཏབ་སྟེ། བླ་མ་མཆོག་གསུམ་གྱི་ཐུགས་རྗེ་ལས་དོ་དགོང་ལུས་ཀྱི་ཆུ་བུར་འདི་འཆི་བདག་གིས་མ་བཅོམ་པར་སང་ཞོགས་སྔ་མོར་ཡར་ལང་རྒྱུ་བྱུང་ན། རྣམ་དཀར་གྱི་བྱ་བ་དེ་དག་གི་རྒྱུན་འཁྱོང་དགོས་སྙམ་པའི་ཀུན་སློང་གི་འཕེན་པ་ཤུགས་ཆེར་བཏང་ན། སྒྲུབ་བཞིན་པའི་ལས་རིགས་དེ་དག་འགྲུབ་སླ་བ་དང་ལུས་སེམས་གཉིས་དང་འབྲེལ་བའི་ཕན་ཐོགས་ཏན་ཏན་ཡོད། མ་ཟད་མི་གང་ཞིག་མཚན་མོའི་དུས་ཐོག་ཏུ་མ་ཉལ་བར་གཉིད་ཆག་ན་ལུས་ཁམས་རྩུབ་པའི་ངོ་བོར་གྱུར་ཏེ་རླུང་ནད་དང་སྡུག་བསྔལ་གྱི་ཚོར་བ་འབྱུང་ཉེ་བས། མཚན་མོ་གཉིད་ཆག་པའི་དུས་ཡུན་དེའི་ཕྱེད་ཙམ་ཕྱིའི་ཉིན་མོར་གཉིད་ཉལ་ན་མདང་དགོང་ལུས་ཁམས་འཁྲུགས་པའི་འདུ་བ་སླར་ཡང་སྙོམ་པར་བྱེད་པར་ཡིན། ལྷག་པར་ལུས་ཀྱི་སྟོབས་ཟད་པ་དང། མྱ་ངན་དང་སེམས་ལས་ཅན། རྩོལ་བས་ངལ་དུབ་དང་ན་སོ་རྒས་པའི་རིགས་ཉལ་བའི་སྤྱོད་ལམ་ལ་གཟབ་དགོས་ཤིང་ནང་སྒོས་སུ་ཕྱིའི་གནམ་དུས་འགྱུར་ལྡོག་གི་དབང་གིས་དཔྱིད་ཀ་དང་སོ་ཀའི་དུས་སུ་གཉིད་མ་ཆག་པར་དུས་ཐོག་ཏུ་ཉལ་བ་ཤིན་ཏུ་གལ་ཆེ། བཤད་རྒྱུད་ལས། ཉིན་པར་གཉིད་ལོག་སྣུམ་ལྕིར་འགྱུར་བས་ཕན།།གཞན་དུ་ཉིན་གཉིད་བད་ཀན་སྐྱེད་ཅིང་སྐྲངས།།རྨོངས་བག་མགོ་ན་སྒྱིད་སྐྱུར་རིམས་འདེབས་འགྱུར།།ཞེས་གསུངས་པ་ལྟར་སྤྱིར་ཉིན་མོའི་དུས་སུ་གཉིད་ཉལ་ན་ལུས་ཁམས་ཀྱི་སྣུམ་པ་དང་ལྕི་བའི་ཆ་འཕེལ་བར་འགྱུར་བས་བད་ཀན་གྱི་ནད་གཞི་སྐྱེད་པ་དང་ལུས་ཁམས་སྐྱ་སོབ་ཏུ་སྐྲངས་པ། ཤེས་པ་རྨོངས་པ་སྒྱིད་ལུག་པ་ཆམ་པ་དང་རིམས་ནད་སོགས་ཕོག་སླ་བས་མཚན་མོར་དུས་ལྟར་ཉལ་བ་ལས་ཉིན་མོའི་དུས་སུ་གཉིད་ཉལ་བ་མི་བཟང། འོན་ཀྱང་གོང་དུ་བཤད་པ་ལྟར་ལུས་སྟོབས་ཟད་པ། རླུང་ཤེད་ཆེ་བ། ན་སོ་རྒས་པའི་རིགས་ཉིན་མོའི་དུས་སུ་ཅུང་ཟད་རེ་གཉིད་ཉལ་ན་ཕན་ཐོགས་ཡོད་པར་གསུངས་པ་ནི་དམིགས་བསལ་ཡིན་པས་སྤྱིར་བཏང་དང་དམིགས་ཀྱི་ཁྱད་པར་འབྱེད་པ་ནི་སྐབས་ཀུན་ཏུ་གཅེས་པར་བྱ་བའོ།། མ་ཟད་མི་རང་གི་རང་བཞིན་དང་ཡུལ་དུས་སོགས་ཀྱི་དབང་གིས་མིའི་རིགས་གཅིག་རང་བཞིན་གྱིས་གཉིད་ལྷག་པར་འཕེལ་ཏེ། རྒྱུན་ལྡན་གཉིད་ཀྱི་དུས་བཀག་ལས་བརྒལ་ཏེ་ལུས་ཚོ་ཆེས་པ། ལས་ལ་མི་སྤྲོ་བའི་སྒྱིད་ལུག་པ། ཤེས་རྨོངས་ཤིང་འཐིབས་པ་སོགས་ལུས་སེམས་མི་བདེ་བའི་དཀའ་ངལ་མང་པོར་འཕྲད་ཀྱིན་ཡོད་པ་དང། ཡང་རིགས་གཅིག་གཏན་ནས་གཉིད་མི་ཁུག་པར་རྒྱུན་དུ་གཉིད་ཆག་ཡང་ཡང་བྱས་པས་ལུས་ཀྱི་སྟོབས་ཟད་ནས་ལུས་ཁམས་རྩུབ་ཅིང་ཡང་བའི་ངོ་བོར་གྱུར་ཏེ། ཤེས་པ་རྣལ་དུ་མི་གནས་པ། བློ་སེམས་མི་བདེ་བ་དང། དཔྱིད་དང་སྐེད་པ་་རུས་ཚིགས་སོགས་དུས་དང་གནས་ངེས་མེད་དུ་ན་ཟུག་ལྡང་བ་སོགས་ལུས་སེམས་དང་འབྲེལ་བའི་དཀའ་ངལ་མང་པོ་ཞིག་འཕྲད་ཀྱིན་ཡོད་པས་གང་ཟག་གི་རིགས་ལ། བཤད་པའི་རྒྱུད་ལས། གཉིད་འཕེལ་སྐྱུགས་དང་སྨྱང་བྱ་བུད་མེད་བསྟེན།།གཉིད་ཡེར་འོ་མ་ཞོ་ཆང་ཤ་ཁུ་བཏུང།། ཞེས་གསུངས་པ་ལྟར་གཉིད་ཤས་ཆེར་འཕེལ་བའི་རིགས་ལ་བད་ཀན་འཕེལ་བ་ཡིན་པས་བད་ཀན་ཕྱིར་དབྱུང་བའི་ཕྱིར་སྐྱུག་སྨན་གཏོང་བ་དང། ཟས་ཉུང་དུ་བཏང་སྟེ་སྨྱུང་པར་བྱ་བ་དང། བུད་མེད་དང་མཉམ་དུ་ཆགས་པ་སྤྱད་ན་ལུས་ཀྱི་ཚོ་སྟོབས་ཟད་དེ་གཉིད་སྲབ་ཏུ་འགྲོ་བ་དང། ཡང་ན་གཉིད་ཡེར་བའམ་གཉིད་མི་ཁུག་ན་ལུས་ཀྱི་སྟོབས་ཟད་པ་དང་རླུང་འཕེལ་བ་ཡིན་པས་དེ་གསོ་བའི་ཕྱིར་འོ་མ་དྲོན་མོ་དང། ཞོ་ཆང་ཤ་ཁུ་སོགས་དྲོ་བཅུད་ལྡན་པའི་ཟས་སྐོམ་དང། ཏིལ་སྣུམ་གྱིས་རླུང་གསང་རྣམས་སུ་བྱུག་པ་བྱས་ན་རླུང་འཇོམས་ཤིང་གཉིད་ལེགས་པར་ཁུག་པར་འགྱུར་རོ།། དེ་ལྟར་སྐྱེ་བོ་ནད་མེད་པ་རྣམས་ཀྱིས་གཉིད་ཉལ་བའི་སྤྱོད་ལམ་གཞུང་ནས་གསུངས་པ་ལྟར་ཐད་གར་ལག་ལེན་བྱ་རྒྱུ་དང་། རྣམ་འགྱུར་ནད་ཅན་རྣམས་ལ་གཉིད་འཕེལ་ཆེ་བ་དང་གཉིད་ཁུག་དཀའ་བ་སྣ་ཚོགས་འབྱུང་སྲིད་པས་ཐོག་མར་ནད་གཞི་ལ་བབ་པའི་སྨན་བཅོས་བྱེད་པ་གལ་ཆེ། དེས་ན་འདིར་བཤད་པའི་གཉིད་དུས་ཐོག་ཏུ་ཉལ་ན་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་ལ་ཕན་ཡོན་དང་། དེ་ལས་ལྡོག་པར་གྱུར་ཚེ་ནད་གདོན་གྱི་གནོད་པ་འབྱུང་བ་སྟེ། འདིར་གཉིད་ཉལ་བའི་སྤྱོད་ལམ་ལས་ཕན་གནོད་ཀྱི་ཁྱད་པར་མང་པོ་ཞིག་བཤད་པ་ནི་སྤྱིར་བཏང་གི་དབང་དུ་བྱས་པ་ཡིན་གྱི་འདི་དང་མི་མཐུན་པའི་སྤྱོད་ལམ་ལ་རྒྱུན་དུ་གོམས་གཤིས་ཆེན་པོ་ཡོད་པའི་མི་རྣམས་ལ་སྐྱོན་ཡོན་དེ་དག་མི་འབྱུང་བ་ནི་དམིགས་བསལ་ཡིན་པའི་ཞིབ་ཆ་འབྱེད་ཤེས་པར་བྱའོ།། བཤད་པའི་རྒྱུད་ལས། སྟོབས་ཆེན་གོམས་པར་ཟོས་ལ་གནོད་མི་འགྱུར།།མི་འཕྲོད་འཕྲོད་པར་བསྟེན་ནམ་སྤང་བྱེད་ན།།འདྲིས་གོམས་སྒོ་ནས་ཆ་ཡིས་བསླབ་པར་བྱ།།འཕྲལ་དུ་སྤང་བསྟེན་ཉེས་པ་མྱུར་དུ་འཁྲུག།། ཅེས་པའི་གཞུང་དོན་སྐབས་ཀུན་ཏུ་དྲན་པར་བྱ་དགོས་པ་ཡིན་ནོ།།

གསུམ་པ་གཉིད་དེ་ལྟར་ཉལ་བའི་ཕན་ཡོན།

རྗེ་ཙོང་ཁ་པའི་བྱང་ཆུབ་ལམ་རིམ་ལས། སེངྒེ་ལྟར་ཉལ་བ་ནི། ཇི་ལྟར་དུད་འགྲོ་ཐམས་ཅད་ཀྱི་ནང་ན་སེངྒེ་ནི་ལུས་རྩལ་ཆེ་བ་དང་། སེམས་གཟེངས་མཐོ་བ་དང། བརྟན་པས་ཕ་རོལ་གནོན་པ་བཞིན་དུ། མི་ཉལ་བར་རྣལ་འབྱོར་ལ་བརྩོན་པའང་རྩལ་ཆེ་བ་སོགས་ཀྱིས་ཕ་རོལ་གནོན་ཞིང་གནས་པས་སེངྒེ་བཞིན་དུ་ཉལ་གྱི། ཡི་དྭགས་དང་ལྷ་དང་འདོད་པ་ལ་སྤྱོད་པ་དག་གི་ཉལ་སྟབསས་ནི་དེ་ལྟ་མིན་ཏེ་དེ་དག་ཐམས་ཅད་ལེ་ལོ་ཅན་བརྩོན་འགྲུས་ཞན་པ་ཕ་རོལ་གནོན་པ་ཆུང་བའི་ཕྱིར་རོ།། རྣམ་གྲངས་གཅིག་ཏུ་ན་གློ་གཡས་པས་སེངྒེ་བཞིན་དུ་ཉལ་བ་ནི། ཆོས་ཉིད་ཀྱིས་ལུས་ལྷོད་པར་མི་འགྱུར་བར་དང་། གཉིད་ལོག་ནའང་དྲན་པ་མི་བརྗེད་པ་དང་། གཉིད་སྟུག་པོར་མི་འགྱུར་བ་དང་། རྨི་ལམ་སྡིག་པའམ་ངན་པ་མི་རྨི་བ་ཡིན་གྱི། དེ་ལྟར་མ་ཡིན་པར་ཉལ་བ་ནི་སྔ་མ་བཞི་ལས་ལྡོག་པའི་ཉེས་པ་ཐམས་ཅད་འབྱུང་བའོ།། ཞེས་པ་ལྟར་ལམ་རིམ་གྱི་ཚིག་ཟིན་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་ཞེས་པའི་མི་ཉལ་ཞེས་པ་ནི་དུས་མིན་དུ་མི་ཉལ་བའི་དོན་ཡིན་པ་ལས་གཏན་ནས་མི་ཉལ་བའི་དོན་མ་ཡིན་པར་སྣང་པས་དཔྱད་པར་བྱའོ།། དེ་ལྟར་གཉིད་ཉལ་བའི་དུས་དམན་ལྷག་གི་ཉེས་སྤྱོད་རང་གིས་མ་བྱས་ན་གཉིད་ལྷག་པ་ལ་བརྟེན་ནས་ཤེས་པ་མི་གསལ་བ་དྲན་པ་ཉམས་པ་སོགས་སེམས་ནད་དང་། ལུས་སྟོབས་ཚོ་ཆེས་པ་དང་ལྕི་འཐིབས་སོགས་བད་ཀན་དང་འབྲེལ་བའི་ལུས་ནད་མི་འབྱུང་བ་དང། དེ་བཞིན་དུ་གཉིད་ཆག་པ་ལས་སེམས་འཕྱོ་བ་དང་འཇིགས་སྐྲག་དང་རྣམ་རྟོག་རྒོད་པ་སོགས་སེམས་ནད་དང་། ལུས་སྟོབས་ཟད་དེ་རྩུབ་པ་དང་ཡང་བའི་ངོ་བོར་གྱུར་བའི་རླུང་ནད་རིགས་མི་འབྱུང་བ་སོགས་གཞུང་ཚད་ལྡན་རྣམས་ཀྱི་དགོངས་དོན་ལྟར་དུས་ཐོག་ཏུ་གཉིད་ཉལ་བ་ཡིན་ན་ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་ལུས་སེམས་དང་འབྲེལ་བའི་ནད་རིགས་དང་དཀའ་ངལ་མང་པོ་ཞིག་སྔོན་འགོག་དང་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད། མ་ཟད་གཉིད་ཉལ་བའི་ཚུལ་ཡང་སེངྒེ་འགྱིང་སྟབས་སུ་ཉལ་ཚེ། ལམ་རིམ་ནས་གསུངས་པ་ལྟར་ལུས་ཀྱི་གནས་སྟངས་ལྷོད་པར་མི་འགྱུར་བ་དང། དྲན་པ་མི་བརྗེད་པ་དང། གཉིད་སྟུག་པོར་མི་འགྱུར་བ་དང། རྨི་ལམ་ངན་པ་མི་རྨི་བ་སྟེ་ཁྱད་ཆོས་བཞི་དང་དེ་དག་གི་སྟེང་ཟས་སྐོམ་འཇུ་སླ་བ་དང་། ཁྲག་གི་འཁོར་རྒྱུག་བདེ་བ། ལུས་སྟོབས་འཕེལ་བ་དང་། ནད་ཉུང་ལ་ཚེ་བསྲིང་བའི་ཕན་ཡོན་ཤིན་ཏུ་མང་པོ་ཡོད། དཔེར་ན་གློ་གཡས་པ་ས་ལ་བཞག་སྟེ་གཉིད་ཉལ་ན་ཟས་སྐོམ་འཇུ་བདེ་བ་དང་གློ་གཡོན་པ་ས་ལ་ཕབ་སྟེ་གཉིད་ཉལ་ན་ཟས་སྐོམ་འཇུ་དཀའ་བ་དང་རྨི་ལམ་ངན་པ་རྨི་བ་སོགས་ཆོས་ཉིད་ཀྱི་དབང་གིས་དེ་ལྟར་འབྱུང་གི་ཡོད། དེ་ཡང་རིགས་པ་རགས་པའི་ལམ་ནས་ཅུང་ཟད་གསལ་བཤད་བྱས་ན་ང་ཚོའི་ཟས་སྐོམ་འཇུ་བྱེད་ཀྱི་ཕོ་བའི་ལས་གཙོ་བོ་རང་གི་གནས་སུ་ཟས་སྐོམ་རྣམས་མྱག་ཞུ་དྭངས་སྙིགས་དང་མཐར་རྒྱུ་མ་སོགས་གནས་གཞན་དང་གཞན་དུ་འཕོ་གཏོང་བྱ་རྒྱུ་དེ་ཡིན་པས་ན་མིང་ཡང་ཕོ་བ་ཞེས་བཏགས་ཡོད། ཕོ་བ་ལ་ཟས་སྐོམ་ཕོ་བའི་ནང་དུ་ཚུར་འཛུལ་སའི་ཕོ་བའི་འཛུལ་སྒོ་དང་། ཕོ་བ་ནས་ཐུར་དུ་གཏང་སའི་ཕོ་བའི་བཏོན་སྒོ་ཞེས་སྒོ་གཉིས་ཡོད་པའི་ཕོ་བའི་བཏོན་སྒོ་དེ་གློ་གཡས་པའི་ཕྱོགས་སུ་བསྟན་ཏེ་རྒྱུ་སྟོད་ཟུངས་ཚགས་ལུ་གུ་མགོ་ཟེར་བ་དང་འབྲེལ་ནས་འཕོ་གཏོང་གི་ལས་བྱེད་ཀྱི་ཡོད། དེས་ན་ཕོ་བའི་བཏོན་སྒོའི་ཕྱོགས་གློ་གཡས་པ་ས་ལ་ཕབ་སྟེ་གཉིད་ཉལ་ན་ཟས་སྐོམ་སོགས་ཐུར་དུ་འགྲོ་སླ་ཞིང་འཇུ་བདེ་བ་དང། གལ་སྲིད་གློ་གཡོན་པ་ས་ལ་ཕབ་ཚེ་ཕོ་བའི་བཏོན་སྒོའི་ཁ་གནམ་ལ་བསྟན་ཏེ་ཡོད་པས་ཕོ་བའི་གནས་ཀྱི་ཟས་སྐོམ་རྣམས་ཐུར་དུ་རྒྱུ་ལོང་སོགས་ལ་འགྲོ་དཀའ་ཞིང་འཇུ་བར་མི་བདེ་བ་ནི་རྗེས་དཔག་གི་ལམ་ནས་རྟོགས་ཐུབ་པ་ཞིག་རེད། དེ་བཞིན་དུ་གློ་གཡས་གཡོན་གང་ས་ལ་ཕབ་སྟེ་གཉིད་ཉལ་བའི་ཚེ་ལུས་དང་རྩའི་གནས་སྟངས་ཀྱི་དབང་གིས་ཁྲག་གི་འཁོར་རྒྱུག་ལེགས་ཉེས་དང་རྨི་ལམ་བཟང་ངན་དང། གཉིད་སྲ་འཐུག་དང། དྲན་པ་གསལ་མི་གསལ་སོགས་ཏན་ཏན་རྒྱུ་མཚན་ཡང་དག་རེ་བཤད་རྒྱུ་ཡོད་ཀྱང་ཡིག་ཚགས་མང་བར་འགྱུར་བས་མ་སྤྲོས་སོ།།

བཞི་པ་གཉིད་ཚུལ་བཞིན་མ་ཉལ་བའི་ཉེས་སྐྱོན།

རྗེ་ཙོང་ཁ་པའི་བྱང་ཆུབ་ལམ་རིམ་ལས། དེ་ལྟ་མ་ཡིན་པར་ཉལ་བ་ནི་སྔ་མ་བཞི་ལས་ལྡོག་ཏེ་ཉེས་པ་ཐམས་ཅད་འབྱུང་ངོ།། ཞེས་པ་ལྟར་དུས་དམན་ལྷག་ལོག་གསུམ་དུ་ཉལ་བ་དང་ལུས་ཀྱི་ཕྱོགས་གཡས་གཡོན་གོ་ལྡོག་ཏུ་ཉལ་བ་དང་ནང་སེམས་ཀྱི་འཕེན་པ་ཕྱིན་ཅི་ལོག་ཏུ་གཏོང་བའི་དབང་གིས་ཉལ་ཚེ། ལུས་ཀྱི་རྩ་དང་དོན་སྣོད་སོགས་ལྷོད་པར་གྱུར་བའམ་བྱེད་ལས་ཉམས་ནས་ཕྱིན་ཅི་ལོག་གི་ལས་བྱེད་པ་དང། ལུས་ཀྱི་གནས་སྟངས་ལས་ནང་སེམས་ཀྱི་གསལ་ཆ་ནུབ་སྟེ་བརྗེད་ངེས་ཆེ་བ། ཕག་ལྟར་གཉིད་ཤིན་ཏུ་སྟུག་པར་གྱུར་ཏེ་བད་ཀན་སོགས་ནད་གཞི་སྣ་ཚོགས་སློང་བ་དང། མ་ཟད་ལུས་སེམས་ཀྱི་གནས་སྟངས་ལས་རྨི་ལམ་མི་བཟང་བ་སྣ་ཚོགས་རྨིས་ཏེ་གཉིད་ཀྱིས་ལུས་སེམས་གཉིས་ལ་ངལ་གསོ་སྟེར་རྒྱུ་ཕར་བཞག་ལུས་སེམས་མི་བདེ་བའི་འགལ་རྐྱེན་སྣ་ཚོགས་བྱེད་པ་སྟེ་ལམ་རིམ་ནས་གསུངས་པའི་ཉེས་སྐྱོན་བཞི་དང། གཞན་ཡང་གཉིད་ཆག་པས་རླུང་ནད་རིགས་སློང་བ་ནི། བཤད་རྒྱུད་ལས། ཆགས་པས་དུབ་དང་ལྟོ་ཆག་གཉིད་ཆག་དང།། ཞེས་སོགས་རླུང་ནད་སློང་རྐྱེན་གྱི་སྐབས་སུ་གསལ་བ་དང། ཉིན་མོར་གཉིད་ལོག་པ་དང་རླན་གྲང་ཆེ་བའི་གནས་སུ་གཉིད་ཉལ་བས་བད་ཀན་དང་འབྲེལ་བའི་ནད་རིགས་སྣ་ཚོགས་སློང་གི་ཡོད་པ་ནི། དེ་ཉིད་ལས། འགྲངས་རྗེས་དལ་བར་འདུག་དང་ཉིན་གཉིད་ལོག།།རླན་སྟེར་ཉལ་དང་ཆུར་ཞུགས་གོས་སྲབ་འཁྱགས།། ཞེས་སོགས་བད་ཀན་ནདཀྱི་སློང་རྐྱེན་ཐད་གསལ་བ་དང། དེ་བཞིན་དུ་ཉིན་གུང་ཚ་བའི་ནང་གཉིད་ཉལ་བས་ཁྲག་མཁྲིས་དང་འབྲེལ་བའི་ནད་རིགས་སློང་གི་ཡོད་པ་ནི། དེ་ཉིད་ལས། ཚད་དགུང་གཉིད་ལོག་འདུག་རྗེས་དྲག་ཤུལ་བྱས།། ཞེས་སོགས་གཉིད་ཀྱི་སྤྱོད་ལམ་ཕྱིན་ཅི་ལོག་ཏུ་བསྟེན་པ་ལས་ཉེས་པ་རླུང་མཁྲིས་བད་ཀན་གསུམ་ག་སློང་ཞིང་ལུས་སེམས་བདེ་བའི་སྐབས་འཕྲོག་པ་དང་ཚེའི་བར་ཆད་དུའང་འགྲོ་ཉེན་ཆེ་བ་དང། ལྷག་པར་དུ་ལུས་ཀྱི་ཉལ་སྟངས་ལས་ཟས་སྐོམ་འཇུ་ཚུལ་ལ་ཁྱད་པར་ཤིན་ཏུ་ཆེ་བས་ཟས་སྐོམ་མ་ཞུ་ན་སྐྲན་དང་སྐྱ་རྦབ་དང་འོར་དང་དམུ་ཆུ་དང་གཅོང་ཆེན་ལ་སོགས་པ་ཧ་ཅང་བཅོས་སྐྱེད་དཀའ་ཞིང་ཚབས་ཆེ་བའི་ཁོང་ནད་ཐམས་ཅད་ཀྱི་རྒྱུ་བྱེད་ཀྱི་ཡོད། མན་ངག་ཡོན་ཏན་རྒྱུད་ལས། རྒྱུ་མ་བཅོས་པར་འབྲས་བུ་གསོ་འདོད་པ།།དུག་རྩ་མ་ཕྱུངས་ལོ་མ་བཅད་སྐྱུར་འདྲ།།ཁོང་ནད་ཐམས་ཅད་མ་ཞུས་སྐྱེད་པའི་ཕྱིར།།མ་ཞུའི་གསོ་དཔྱད་མཁས་པ་ཤིན་ཏུ་གཅེས།། རྒྱུ་ཉིད་གྲོལ་ན་འབྲས་བུ་ག་ལ་འབྱུང།།ཞེས་གསུངས་པ་ལྟར་ང་ཚོའི་ཉིན་རེའི་འཚོ་བ་དང་ཁ་འབྲལ་ཐབས་མེད་པའི་གཉིད་ཉལ་བའི་སྤྱོད་ལམ་འདི་མི་ཞིག་གི་ཚེ་རིང་ཐུང་དང་ལག་རྗེས་ཆེ་ཆུང་དང་ལུས་སེམས་བདེ་སྡུག་དང་འཕྲོད་བསྟེན་ལ་འབྲེལ་བ་དམ་པོར་ཡོད་པའི་སྤྱིར་བཏང་གི་ཤེས་བྱ་གལ་ཆེན་ཞིག་ཡིན། དེས་ན་ཕྲན་དྲ་ངོས་འདིར་ཐོག་མར་འཛུལ་ཞུགས་སྐབས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་འཚམས་འདྲིའི་ལེགས་སྐྱེས་ཤིག་གི་ཚབ་ཏུ་ཕུལ་བ་ལགས།

རྩོམ་རིག

Post navigation

Previous Post: བོད་ཆེན་པོའི་ན་ཚ་ཆེ་ཤོས།
Next Post: ནང་མིའི་གཡམ་རྒྱུག

Comments (7) on “གཉིད་ཉལ་བའི་སྤྱོད་ལམ་དང་འཕྲོད་བསྟེན།”

  1. མེ་ཏོག་དཀར་པོ། says:
    2010-10-05 at 9:44 am

    ཉིན་པར་ཉལ་ནས་ལུས་ལ་གནོད་ན་ང་ནི་དཔེ་བསགས་སོང་། གུང་ཟས་རྗེས་ཉལ་རྒྟུ་གོམས་ལོབས་སུ་སོང་།
    འདི་ལ་བཅོས་ཐབས་ཨ་ཡོད།

  2. དམུ་ཐག་དཀར་པོ། says:
    2010-10-05 at 11:36 am

    ཝེ་མེ་ཏོག་དཀར་པོ། སེམས་ཁྲལ་མ་བྱེད། ཉིན་གུང་ཉལ་དགོས་བྱུང་ན་མགོ་རྐང་གཉིས་ལས་རྐང་པ་མཐོ་རུ་བཏེགས་ཏེ་ཉོལ་དང་མི་སྐྱོན། ཨ་ལ་རྩེ་མཚར་ཡིན། ཁྱོད་ལ་གཡུ་ཐོག་བླ་མས་རྒྱབ་ཤོག་ན་རི་མོ་གང་ཡང་མེད་པའི་ཡིག་སྐོག་་ཅིག་གི་ནང་དུ་འཕྲིན་ཐུང་གཉིས་བསྐུར་བའི་ནང་དོན་འདི་ལྟར། མི་འཕྲོད་འཕྲོད་པ་བསྟེན་ནམ་སྤོང་བྱེད་ན།། འདྲིས་གོམས་སྒོ་ནས་ཆ་ཡིས་བསླབ་པར་བྱ།། ཞེས་དང། སྟོབས་ལྡན་གོམས་པར་ཟོས་ལ་གནོད་མི་འགྱུར།། ཞེས་བྲིས་འདུག་པས་དེའི་དོན་ཡིད་འཇགས་ཐོག་ལག་བསྟར་བྱོས་དང་དངོས་གནས་བསླུ་མི་ཡོང། གཡུ་ཐོག་བླ་མ་སྨན་པ་ཡག་པོ་ཞིག་ཡོད། མེ་ཏོག་དཀར་པོ་ལགས་ཁྱོད་ཀྱིས་ཡིད་ཆེས་བྱས་ཆོག་ངེས་ཡིན།

  3. མེ་ཏོག་དཀར་པོ། says:
    2010-10-05 at 11:48 am

    དམུ་ཐག་དཀར་པོ་ལ་མེ་ཏོག་དཀར་པོས་ཐུགས་རྗེ་ཆེ་ཞུ།

  4. མེ་ཏོག་དཀར་པོ། says:
    2010-10-05 at 11:55 am

    དམུ་ཐག་དཀར་པོ་ལ་མེ་ཏོག་དཀར་པོས་ཐུགས་རྗེ་ཆེ་ཞུྲ། །

  5. དམུ་ཐག་དཀར་པོ། says:
    2010-10-06 at 2:47 am

    མེ་ཏོག་དཀར་པོ་ལགས། ཐུགས་རྗེ་ཆེ་ཞུ་དགོས་ནི་མ་རེད། ང་དྲ་ཚིགས་འདིར་ཞུགས་པའི་ཐོག་མར་མེ་ཏོག་དཀར་པོ་ཞིག་གིས་བསུ་མ་བྱས་པ་དངོས་གནས་ཁྱོད་ལ་ཐུགས་རྗེ་ཆེ་ཞུ་འོས་རེད། ངེད་གཉིས་ཀྱི་བར་དུ་གནས་ཚུལ་རེ་གླེང་སློང་དང། འཕྲིན་ཐུང་རེ་བསྐུར་རེས་བྱ་འདོད་ཡོད་ན་ནམ་ཁོམ་ལ་ཕེབས་ཤོག་དང་ཇ་རྫ་ལུ་གང་འཐུང་རྒྱུ་ཡོད་ནི་རེད།

  6. རླུང་རྟ་དཀར་པོ says:
    2018-03-15 at 1:07 pm

    དམུ་ཐག་དཀར་པོ་ལགས་ཉིན་གུང་ཉལ་དགོས་བྱུང་ན་མགོ་རྐང་གཉིས་ལས་རྐང་པ་མཐོ་རུ་བཏེགས་ཏེ་ཉལ་ན་ཕན་གཡོན་གང་ཡོད་དམ།།

  7. ནགས་ཆོས་དུང་དཀར་པོ། says:
    2020-06-07 at 8:31 am

    བཀྲ་ཤིས་བདེ་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme