Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄།། འཁྲིག་པའི་བདེ་བ་འདི་ཇི་ལྟར་བྱུང་བ་ཞིག་ཡིན་ནམ།

Posted on 2010-10-032012-04-12 By རྔ་བ་རྒྱལ་ཁམས་པ 22 Comments on ༄།། འཁྲིག་པའི་བདེ་བ་འདི་ཇི་ལྟར་བྱུང་བ་ཞིག་ཡིན་ནམ།

རྔ་བ་རྒྱལ་ཁམས་པ།
འདོད་ཡོན་ལྔའི་དྭངས་མ་ནི་འཁྲིག་པའི་ལོངས་སྤྱོད་རེད། འཁྲིག་སྤྱོད་ཀྱི་ཡོན་ཏན་ལ་བརྟེན་ནས་བཅུད་ཀྱི་སེམས་ཅན་ཕལ་ཆེར་ཞིག་བྱུང་། ལྷ་རིགས་རྣམས་ནི་ཕན་ཚུན་འཛུམ་དམུལ་ཙམ་གྱིས་འཁྲིག་བདེ་མྱོང་ཞིང་། དུད་འགྲོའི་རིགས་ཕལ་ཆེར་ཞིག འཁྲིག་པ་སྤྱོད་སྐབས་འཕོང་ནས་སྤྲོད། ཆུ་གནས་སྲོག་ལྡན་རིགས་ལ་འཁྲིག་པ་སྤྱོད་སྟངས་ངོ་མཚར་ཅན་མང་བོ་ཡོད་པ། སྲོག་ཆགས་རིག་པའི་དངོས་བྱུང་གློག་བརྙན་སོགས་ན་གསལ་བོ་མཐོང་རྒྱུ་ཡོད། སྟེས་དབང་ཞིག་གིས། ང་ཚོ་འགྲོ་བ་མིའི་རིགས་ལ་སྟེང་འོག་དང་། གཡས་གཡོན། མདུན་རྒྱབ་སོགས་ཕྱོགས་མང་བོ་ཞིག་ནས་སྤྱོད་ཆོག་པའི་གོ་སྐབས་དེ་བྱུང་འདུག་པ་མ་ཟད། ཆོས་ཀྱི་ཉམས་ལེན་བརྒྱུད། ལུས་ཀྱི་རྩ་རླུང་ཐིག་ལེའི་འཁོར་བསྐྱོད། ལེགས་པར་རྟིང་འཛིན་གྱིས་བདེ་བ་འཕོ་མེད་དུ་འཛིན་ནུས་པ་དང་། རྒྱུན་སྲིང་བ། འདོད་ཆགས་ཀྱི་གཉེན་པོར་འགྲོ་བ་སོགས་ཀྱི་དམིགས་ཁྱད་ལྡན། སྤྱིར་བདེ་བའི་རྣམ་གྲངས་ལ་མཐའ་ཡས་པ་ཞིག་ཡོད་སྲིད་ཀྱང་། གནད་གཅིག་ཏུ་བསྡུས་ན། སྐབས་འདིའི་བདེ་བ་ཞེས་པ་སྲོག་ལྡན་གང་ལའང་ལྷན་སྐྱེས་སུ་ཡོད་པའི་༼རང་བྱུང་གི་བདེ་བ༽ཞིག་གམ། ༼རང་སེམས་སིམ་པའི་གཏིང་ཚོར༽ཞིག་རེདཅེས་བརྗོད་ཆོག དོན་དངོས་ཐོག་ང་ཚོ་ཕལ་ཆེར་གྱིས་སིམ་པའི་གཏིང་ཚོར་འདི། མགྱོགས་མྱུར་ངང་ཉམས་སུ་མྱོང་ཐབས་ལ་ཧུར་འབད་བྱེད་པ་ལས། དེ་ཇི་ལྟར་འབྱུང་གི་ཡོད་མེད་ཀྱི་ཐད་བསམ་བློ་གཏོང་མཁན་ཞིག་ཧ་ལམ་ཡོད་རྒྱུ་མ་རེད། ང་ཚོས་སྐྱེ་འགྲོ་གཞན་གྱིས་འཁྲིག་པ་སྤྱོད་བཞིན་པ་དངོས་སུ་མཐོང་ཐུབ་ཀྱང་། དེ་དག་གི་མྱོང་ཚོར་ཉམས་སུ་མྱོང་མི་ཐུབ། འོན་ཀྱང་། ང་ཚོ་ལྟར་དེ་དག་ལའང༼སིམ་པའི་གཏིང་ཚོར༽དེ་ཡོད་ངེས་ཤིག་ཡིན་པ་ཐག་གིས་ཆོད།
འདིར་ང་ལ་དོགས་པ་ཞིག་ཡོད་པ་ནི། འཁྲིག་པའི་བདེ་བ་དེ་རང་བཞིན་གྱིས་གནས་པའི་སིམ་ཚོར་ཞིག འཕྲལ་རྐྱེན་གྱིས་སད་པ་ཞིག་རེད་དམ། ཡང་ན། ལུས་སེམས་གཉིས་ཀྱི་འདུ་འཕྲོད་ལས་བྱུང་བའི་གློ་བུར་གྱི་བདེ་བ་ཞིག་རེད། བདེ་བ་འདི་དང་ང་ཚོས་བདེ་བ་ཆེན་པོ། བདེ་སྟོང་ཡེ་ཤེས། མི་འགྱུར་བའི་བདེ་བ། ལྷན་སྐྱེས་ཀྱི་བདེ་ཆེན་ཞེས་བརྗོད་པའི་བདེ་བ་གཉིས་གཞི་གཅིག་རེད་དམ། ཡང་ན། དེའི་ལྡོག་ཕྱོགས་རེད། འཁྲིག་བདེ་དེ་དོན་དངོས་ཐོག་ང་ཚོས་ཅི་ལྟར་མྱོང་བཞིན་པ་ཡིན་ནམ། གནད་དོན་འདིའི་ཐད་གསོ་རིིག་པས་བཤད་སྟངས། ཆོས་ལུགས་པའི་ལྟ་སྟངས། ཚན་རིག་པའི་འགྲེལ་ལུགས། རང་ཅག་དཀྱུས་མའི་བསམ་མྱོང་སོགས་སྣ་ཚོགས་ཤིག་ཡོད་མོད། ཁྱེད་ཀྱིས་བལྟས་ན་འཁྲིག་པའི་སྐབས་བདེ་ཉམས་ཡོང་ཚུལ་ངོ་མ་དེ་ཅི་འདྲ་ཞིག་རེད། དགོངས་དག་གཏམ་འདི་འདྲ་དྲྭ་ཐོག་ཏུ་འགོད་འོས་མ་མཆིས་ཀྱང་། དེང་སང་འཁྲིག་སྤྱོད་སྐོར་གྱི་རྩོམ་ཡིག་རེ་ཟུང་དྲྭ་ཐོག་འདིར་མཐོང་བའི་རྐྱེན་བྱས། རང་གིས་ནམ་རྒྱུན་ནས་བསམ་བློ་གཏོང་བཞིན་པའི་གནད་དོན་འདིའི་གསང་ཕུག་འདྲ་བསྔོག་ཐུབ་བམ་སྙམ་ནས་གང་དྲན་དུ་བྲིས་པ་ཡིན།

དཔྱད་རྩོམ།

Post navigation

Previous Post: དགའ་རྒུ་ལེ་མོ་མར་ཁོ་ནེ་དང་གློག་འཕྲིན། (Guglimo Marconi)
Next Post: བཙན་བྱོལ་གྱི་ཐམས་ཅད་མཁྱེན་པ་ཚོ།

Comments (22) on “༄།། འཁྲིག་པའི་བདེ་བ་འདི་ཇི་ལྟར་བྱུང་བ་ཞིག་ཡིན་ནམ།”

  1. ཀླུ་སྨྱོན། says:
    2010-10-03 at 11:47 am

    འདོད་པ་སྤྱོད་སྐབས་ཕོ་མོ་གཉིས་ཀའི་ཚོར་བ་ཕྲ་རབས་ཐམས་ཅད་དབྱར་ཁའི་ཆར་སྤྲིན་བཞིན་འཁྲིག་ཡོང་བའི་ཆ་ནས་འཁྲིག་པ་ཞེས་བཏགས་པ་ཨེ་ཡིན།

  2. ཤ་ཀླན་བུ says:
    2010-10-04 at 12:22 am

    དང་པོ་ཉམས་ལེན་བྱོས་ར་དེ་ནས་ཤེས་ནི་རེད།

  3. བློ་བཟང༌། says:
    2010-10-04 at 2:11 am

    འཁྲིག་པ་སྤྱད་ན་སྡིག་པ་ཡོད་དམ།

  4. རིག་བཟང་། says:
    2010-10-04 at 3:59 am

    འཁྲིག་པ་སྤྱོད་སྐབས་ཀུན་སློང་སོགས་ཀྱི་དབང་གིས་དགེ་བ་དང་སྡུག་པ་གཉིས་སོ་སོར་འགྱུར་བ་ཡོད་པ་ཞིག་ཡོད་འདུག་ག

  5. བློ་བཟང་ཆོས་འཕེལ། says:
    2010-10-04 at 12:25 pm

    བོད་ཀྱི་སྨན་གཞུང་ནས་དབང་རྩ་འམ་ཆུ་རྩའི་བྱེད་ལས་དང་རྣམ་གྲངས་བཤད་པའི་སྐབས་སུ་རྩ་གཙོ་བོ་ཕྱིར་གནས་དྲུག་དང་ ནང་དུ་གྱེས་པ་བཅུ་གསུམ་བཤད་ཡོད་པའི་ཡ་གྱལ་འདུས་པའི་རྩ་གཅིག་སྒལ་ཚིགས་བཅུ་གསུམ་པའི་ཐད་ནས་བསམ་སེའུར་འབྲེལ་ནས་ཡོད་པ་དེས་འདོད་པ་འཕེལ་བའི་སྐབས་ལས་ཀ་བྱེད་ཀྱི་ཡོད་པས་དཔེར་ན། མིག་ཤེས་ཀྱིས་ཡུལ་མཐོང་བ་ལ་མིག་དབང་གཟུགས་ཅན་པ་དེས་གྲོགས་དང་ཁ་འབྲལ་ཐབས་མེད་པ་ལྟར་འདིར་ཡང་འདོད་པ་སྐྱེས་ནས་ཁམས་གཡོ་བ་དང་འབྱིན་པ་སོགས་རྩ་དེ་དང་ཁ་འབྲལ་མི་ཤེས་པ་ཞིག་རེད། རྩ་དེ་རྩ་དབུ་མ་རེད་ཅེས་བཤད་མི་ཤེས་ཀྱང་དབུ་མ་དང་ཡེ་ཤེས་ཀྱི་རླུང་། ཁམས་བདེ་གཤེགས་སྙིང་བོ་སོགས་ལུས་སེམས་ཀྱི་གནས་ལུགས་མཐར་ཐུག་པའམ་རྡོ་རྗེའི་ལུས་ཀྱི་རང་བཞིན་དང་ཕྲ་རགས་ལྟ་བུའི་འབྲེལ་བ་ཞིག་ཡོད་པ་འདྲ།

  6. རྔ་བ་རྒྱལ་ཁམས་པ། says:
    2010-10-05 at 12:25 am

    ཕོ་མོ་གཉིས་འཁྲིག་པ་སྤྱོད་སྐབས། མོའི་བདེ་ཉམས་དེ་རྒྱུན་རིང་ཞིང་། ཁྱབ་ཆེ་བ་ཞིག་དང་། ཕོའི་བདེ་ཉམས་དེ་ཁྱབ་ཆུང་ཞིང་། རྒྱུན་ཐུང་ངུ་ཡིན་པར་བཤད་ཀྱིན་ཡོད་པ་རེད། དེ་གཉིས་ཀའི་བདེ་བ་དེ་ཁམས་དཀར་མར་གྱི་འགུལ་སྐྱོད་དང་། འགུལ་སྐྱོད་དེའང་རྩ་ལམ་དམིགས་བསལ་ཅན་ཞིག་བརྒྱུད་ནས་བྱུང་བ་ཞིག་རེད། ཁམས་དཀར་མར་དེ་དག་རྩ་ལམ་དེར་འབབ་མ་ཐུབ་ན། འཁྲིག་པའི་བདེ་བ་ཆ་ཚང་མྱོང་ཐུབ་ཀི་ཡོད་པ་མ་རེད། དེ་བཞིན་ཉམས་ལེན་པས་ཁམས་ཁྱེན་དུ་འཐེན་ཐུབ་ཀྱང་རྩ་ཁམས་སོ་སོར་དགྲམ་མ་ཐུབ་ན། ཐིག་ལེ་རྩ་ལམ་དུ་འཁགས་ནས་ནད་འབྱུང་བའི་རྐྱེན་དུའང་འགྲོ་གི་ཡོད་པར་སྣང་། འདིར་བདེ་བ་ཡོང་སྟངས་དེ་ཟ་ནད་ཅན་ལ་འཕྲུག་པའི་བདེ་ཉམས་ལྟ་བུ། ལུས་བཅུད་ལྟ་བུའི་ཁམས་དཀར་མར་གྱི་ཐིག་ཐག་ལུ་གུ་རྒྱུད་དུ་བྲེལ་བ་དེ། རྩ་སྦུག་ཕྲ་མོ་དེ་བརྒྱུད་ནས་ཡོང་སྐབས། ཐིག་ལེས་རྩ་བརྡར་སྟོབས་ཀྱིས་དེ་དང་ལྷན་དུ་རྒྱུ་བའི་རླུང་སེམས་ཀྱི་རང་གཤིས་ན་ཡོད་པའི་བདེ་བའི་ཆ་ཤས་ཤིག་སད་ཡོང་གི་ཡོད་པ་མ་ཡིན་ནམ། གསོ་རིག་ནས་བཤད་པའི་རྩ་དང་ཁམས་དཀར་མར་འགྲོ་ལུགས་དེ། མྱོང་ཁྲིད་ལྟར་ཧ་ཅང་གི་ཕན་སོས་པ་འདུག་པས་ད་དུང་མུ་མཐུད་གསུང་རོགས་ཞུ།

  7. དམུ་རབ། says:
    2010-10-05 at 7:23 am

    སྐུ་ཞབས་རྒྱལ་ཁམས་པ་ལགས་ཀྱིས་དཔྱད་གཞིར་བཀོད་པའི་འཁྲིག་པའི་བདེ་བ་ཇི་ལྟར་མྱོང་ཞེས་པའི་རྩོམ་ཡིག་འདི་དོན་ངེས་ཀྱིས་དཔྱད་རིན་དང་ཤེས་རྟོགས་དགོས་པའི་བརྗོད་གཞི་ཞིག་རེད། གང་ཡིན་ཞེ་ན་གནས་ཚུལ་འདི་ནི་ལུས་སེམས་གཉིས་ཀྱི་གནས་ལུགས་དང་དེའི་རྟེན་འབྲེལ་ལ་འབྲེལ་བ་ཟབ་མོ་ཡོད་པའི་ལྐོག་གྱུར་གྱི་ཤེས་བྱ་རྩ་ཆེན་ཞིག་རེད། ཕྲན་ལ་དེའི་སྐོར་ལ་ཁ་གསལ་ཁུངས་ཐུབ་ཀྱི་བཤད་པ་གསར་བ་གང་ཡང་མེད། ཡིན་འང་རྒྱལ་ཁམས་པ་ལགས་ཀྱིས་དོགས་གཞི་འགའ་བཀོད་པའི་ནང་༼རང་བཞིན་གྱིས་གནས་པའི་སེམས་ཚོར་ཞིག་འཕྲལ་རྐྱེན་གྱིས་སད་པ་ཡིན་ནམ། ཡང་ན་ལུས་སེམས་འདུ་འཕྲོད་ལས་བྱུང་བའི་གློ་བུར་བའི་བདེ་བ་ཞིག་ཡིན་ནམ། ཡང་ན་མདོ་སྔགས་ཀྱི་གཞུང་ཕལ་མོ་ཆེ་ནས་གསུང་བཞིན་པའི་བདེ་སྟོང་དབྱེར་མེད་ཅེས་པའི་བདེ་བ་དང་གཞི་གཅིག་པ་ཡིན་ནམ༽ ཞེས་གནད་འགོག་ཅན་གྱི་དོགས་གཞི་འགའ་བཀོད་པ་ཚང་མ་ལ་འབྲེལ་བ་ཡོད་པ་ཞིག་མཐོང་གི་འདུག སྤྱིར་འཁྲིག་པའི་བདེ་བ་ཞེས་བརྗོད་དུས་ཟག་བཅས་ཀྱི་ཚོར་བ་བདེ་བ་ཞིག་ལ་ངོས་འཛིན་དགོས་པ་རེད། ཟག་བཅས་ཀྱི་ཚོར་བ་བདེ་སྡུག་བཏང་སྙོམས་གང་ཡིན་ཀྱང་དབང་ཤེས་རྣམས་རང་རང་གི་ཡུལ་ལ་འཕྲད་པའི་སྟོབས་ཀྱིས་ཚོར་བ་མི་འདྲ་བའི་ངོས་འཛིན་དང་ངེས་ཤེས་འདྲེན་གྱི་ཡོད། དམིགས་བསལ་གྱིས་འཁྲིག་བདེ་དེ་ཡུལ་ཅན་ལུས་ཤེས་རྟེན་ལུས་དབང་ཡུལ་རེག་བྱ་གསུམ་གཙོ་བོར་འཕྲད་སྟོབས་ཀྱིས་མྱོང་བའི་རེག་བྱའི་བདེ་བ་ཞིག་ཡིན་པས་སྐུ་ཉིད་ཀྱིས་དོགས་གཞི་ལྟར་གློ་བུར་འཕྲལ་རྐྱེན་གྱིས་བྱུང་བའི་བདེ་བ་ཞིག་ཡིན་ངེས་རེད། མ་ཟད་ལུས་ཁམས་ལ་རང་བཞིན་གྱིས་གནས་པའི་བདེ་བ་ཞིག་དང་མཐར་ཐུག་བདེ་སྟོང་དབྱེར་མེད་ཅེས་པའི་བདེ་བ་གཉིས་ལ་དེ་བས་ཀྱང་འབྲེལ་ཡོད་དགོས། དཔེར་ན་ད་ལྟའི་ང་ཚོའི་རྒྱུད་ཀྱི་གསལ་ཆ་ལྡན་པའི་རྣམ་ཤེས་དེ་གདོད་མ་ནས་ང་རང་ཚོའི་སེམས་རྒྱུད་ན་རང་ཆས་སུ་ཡོད་པའི་བདེ་གཤེགས་སྙིང་པོ་དང་མཐར་ཐུག་གི་རྟོག་མེད་སྤྲོས་བྲལ་གྱི་ཡེ་ཤེས་གཉིས་ལ་འབྲེལ་བ་ཡོད་པ་དང་འདི་གཉིས་དཔེ་དོན་ཤིན་ཏུ་མཚུངས་པར་མཐོང། གནས་ཚུལ་རགས་པ་ཞིག་ལ་སྐྱེ་བོ་ཕོ་མོ་གཉིས་ཀྱི་མངལ་སྦྲུམ་བྱེད་ཀྱི་རྒྱུ་ཁུ་ཁྲག་གཉིས་པོ་དེ་བོད་ལུགས་གསོ་རིག་གི་འཆད་ལུགས་ལྟར་ན་གསོ་བྱ་ལུས་ཀྱི་ཆ་ཤས་ལ་དྭངས་མ་སོགས་ལུས་ཟུངས་བདུན་ཡོད་པའི་དེ་རེ་རེ་ལ་ལུས་ལ་ཕན་ཐོགས་ཡོད་མེད་ཀྱི་ཆ་ནས་ནང་གསེས་ཀྱིས་དྭངས་མ་དང་སྙིགས་མ་གཉིས་རེ་བཤད་ཡོད། སྙིགས་མ་རྣམས་ལུས་ཁམས་ནས་དུས་ཐོག་ཏུ་ཕྱིར་དབྱུང་ཚེ་ལུས་ཁམས་བདེ་བ་དང། མ་ཐུབ་ཚེ་ནད་སོགས་ལུས་སེམས་མི་བདེ་བ་བཟོ་བཞིན་ཡོད་པ་ནི་སྨན་རྒྱུད་གནས་སྐབས་སྤྱོད་ལམ་སོགས་སུ་ཤིན་ཏུ་གསལ་བོར་གསུངས་ཡོད། དེས་ན་ཁུ་ཁྲག་གཉིས་དེ་ལུས་ཟུངས་བདུན་གྱི་ཐ་མ་ཁུ་བ་ལ་དྭངས་སྙིགས་གཉིས་ཡོད་པས་དངས་མ་ནི་ལུས་ཀྱི་མདངས་དང་སྙིགས་མ་ནི་ཕྲུ་གུ་སྦྲུམ་བྱེད་ཀྱི་ཁམས་དཀར་དམར་གཉིས་པོ་དེ་ཡིན། དེ་གཉིས་ངེས་པར་དུ་གཅིན་སྐྱག་ལྟར་ཕྱི་རོལ་ཏུ་འདོར་དགོས་པ་ཡིན། དཔེར་ན་གཤང་གཅི་གཉིས་ལུས་ཀྱི་སྙིགས་མ་ཡིན་པའི་རྐྱེན་གྱིས་གཤང་གཅི་གཏོང་སྐབས་ལུས་ཡང་བ་དང་ངལ་གསོ་སྟེར་བ་ལྟ་བུའི་གནས་སྐབས་ཀྱི་ཚོར་བདེ་སྣང་ཤར་གྱི་ཡོད། དེ་བཞིན་དུ་ཕོ་མོ་འཁྲིག་སྤྱོད་དང་ལག་པས་འཕུལ་མཉེད་ཀྱི་བྱ་བ་སྣ་ཚོགས་པར་བརྟེན་ཁུ་ཁྲག་འདོན་པའི་བདེ་བ་འབྱུང་གི་ཡོད། དེ་ནི་ལུས་ལ་ཕན་ཐོགས་མེད་སྙིགས་མ་ཁུ་ཁྲག་གཉིས་དུས་ཐོག་ཏུ་ཕྱིར་འདོན་ཐུབ་པའི་བདེ་བ་དང་འབྲེལ་བ་ཟབ་མོ་ཡོད་པར་སྣང་། འདིར་དུས་ཐོག་སྦྱར་བ་ལ་གོ་རྒྱུ་ཆེན་པོ་ཡོད། མ་ཟད་སྐུ་ཉིད་ཀྱིས་བཤད་པ་ལྟར་རྩ་རླུང་གི་ཉམས་ལེན་ཡོད་མཁན་རྣམས་ལ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་དང་དོན་དངོས་ཀྱི་འབྲེལ་བ་ཞིག་ཡོད་ངེས་ཀྱང་དེ་གཉིས་ལ་འགལ་བ་ཡོད་མི་དགོས་པར་སེམས་སོ།།

  8. དམུ་རབ། says:
    2010-10-05 at 7:47 am

    རྒྱལ་ཁམས་པ་ལགས་ཀྱིས་འཁྲིག་བདེའི་དོགས་གཞིའི་ཐད་བསྐྱར་དུ་སྨྱོ་ལབ་ཅིག་བྱ་འདོད་བྱུང།
    དཔེར་ན་ང་རང་ཚོའི་ལུས་ཁམས་ལ་རླུང་འཕེལ་སྐབས་ཤུགས་རིང་འཐེན་ན་བདེ་སྙམ་བྱེད་པ་དང། ཕོ་བ་སྦོས་པའི་གནས་སྐབས་སུ་རྟུག་དྲི་བཏང་ན་བདེ་སྙམ་བྱེད་པ་དང། རྣག་བསགས་པའི་གནས་སྐབས་སུ་རྣག་ཕྱིར་བཏོན་ན་བདེ་སྙམ་བྱེད་པ་དང། གཅིན་པ་འཕེལ་བའི་སྐབས་སུ་གཅིན་པ་བཏང་ན་བདེ་སྙམ་བྱེད་པ་དང། ཁུ་ཁྲག་འཕེལ་བའི་གནས་སྐབས་སུ་བྱ་ཐབས་སྣ་ཚོགས་ལ་བསྟེན་ནས་ཁུ་ཁྲག་ཕྱིར་བཏོན་ན་བདེ་སྙམ་བྱེད་པ་སོགས་གཅིག་གནས་སྐབས་ཀྱི་བདེ་བ་འཆར་ཚུལ་གཅིག་པ་མ་རེད་དམ། དཔེར་ན་སྐྱེས་པ་ཕོ་ལྟ་བུར་མཚོན་ན་འཁྲིག་སྦྱོར་ལ་བརྟེན་ནས་ཁུ་བ་བཏོན་མ་ཐག་ནས་བདེ་བ་དང་ཆགས་ཞེན་ཚང་མ་དུས་གཅིག་ཏུ་ཉམས་ཏེ། སྔར་གྱི་ཡིད་འོང་གི་མཛེས་མ་དང་འཇམ་མཉེན་གྱི་རེག་བྱ་ལ་ཞེན་ལོག་གི་སྣང་བ་འཆར་གྱི་ཡོད། དེ་ལྟར་ཁུ་ཁྲག་འབྱིན་སྡོམ་དང་བདེ་བ་འཕེལ་འགྲིབ་གཉིས་ཕལ་ཆེར་མཉམ་པོ་ལྟ་བུར་འདུག་པ་འདིས་བདེ་བ་དེ་ཡང་དེའི་གནས་ཚུལ་ལ་འབྲེལ་བ་ཟབ་མོ་ཞིག་ཡོད་པར་གོ་མི་ཐུབ་བམ།

  9. རྔ་བ་རྒྱལ་ཁམས་པ། says:
    2010-10-07 at 12:04 am

    མངལ་འཛིན་མི་ཐུབ་པའི་རིགས་ལ་མངལ་འཛིན་ཐབས་ཀྱི་ལག་ལེན་དེ་འདྲ་ཡོད་དམ་མེད། ངའི་ངོ་ཤེས་འགའ་ཞིག་གིས་མངལ་འཛིན་འདོད་ཀྱང་། འཛིན་ཐུབ་ཀྱི་མི་འདུག་དེ་ལ་ཐབས་ཤེས་དེ་འདྲ་ཡོད་མེད་དྲི་བ་གཏོང་གི་འདུག ཁྱེད་ཀྱིས་གོང་དུ་བཤད་པའི་སྐད་ཆ་དེ་དག་ལ་བསམ་བློ་གཏོང་རྒྱུ་དན་དན་འདུག

  10. རྔ་བ་རྒྱལ་ཁམས་པ། says:
    2010-10-07 at 12:21 am

    ཁམས་དཀར་གྱི་ནང་ན་ང་ཚོས་ལྕོང་མོ་མགོ་རྡོག་ཅེས་འབོད་པའི་ཆུའི་སྲོག་ཆགས་དེ་འདྲ་མང་བོ་རྒྱུ་བཞིན་འདུག དེ་ཚོ་ཕལ་ཆེར་བར་སྲིད་པའི་རྣམ་ཤེས་ཕྲ་མོ་དེ་དག་གང་ལ་བརྟེན་སའི་ལུས་ལྟ་བུ་ཞིག་ཡིན་ས་རེད། མངལ་འཛིན་སྐབས མོ་རིགས་ཕལ་ཆེར་ཞིག་ལ་དེ་ལས་གཅིག་མ་གཏོགས་ཟེའུ་འབྲས་ནང་འགྲོ་ཐུབ་ཀྱི་ཡོད་པ་མ་རེད་ཅེས་ལབ་ཀྱི་འདུག སྐབས་རེར་གཉིས་སམ་གསུམ་དེ་འདྲ་སོང་བ་ཡིན་ན། མཚེའུ་མ་དང་། ལུས་འདྲེས་རྣམ་ཤེས་ཐ་དད་པ་དེ་འདྲ་སྐྱེ་ཡོང་གི་ཡོད་ས་རེད།

  11. མེ་ཏོག་དཀར་པོ། says:
    2010-10-07 at 1:39 am

    མངལ་འཛིན་འདོད་མཁན་དེ་སུ་རེད།
    ངའི་རྩར་ཁྲིད་ཤོག་དང་ལག་ལེན་གྱི་ཐོག་ནས་མངལ་འབྲུམ་པར་བྱའོ།།

    ཧ་ཧ་ཧ་

  12. དོལ་སྨྱོན། says:
    2010-10-07 at 5:44 am

    རྒྱལ་ཁམས་པ་ལགས། ཁ་བརྡའི་རྩོམ་ཡིག་སྡེ་ཚན་ནང་ བུ་འདོད་ཕ་མའི་རྒྱུན་ཤེས། ཞེས་པ་ཞིག་བྲིས་འདུག་པ་དེར་གཅིག་གཟིགས་དང་། གཅིག་བྱས་ན་ཁྱེད་ཀྱི་གྲོགས་མོར་ཕན་ཐོགས་ཡོང་སྲིད།

  13. དམུ་ཐག་དཀར་པོ། says:
    2010-10-08 at 12:51 am

    སྐུ་ཞབས་རྒྱལ་ཁམས་པ་ལགས་ལ་ཁ་བརྡ་ཞིག་བྱེད་རྒྱུར། སྤྱིར་མངལ་མི་ཆགས་པའི་རྒྱུ་རྐྱེན་དེ་ཆ་མང་པོ་ཞིག་ལ་བསམ་བློ་གཏོང་དགོས་འདུག ལས་འབྲས་ཁས་འབྲས་ཁས་ལེན་མཁན་ཞིག་ཡིན་ན་ཕ་མ་གཉིས་ཀྱི་ལས་བསོད་དང། ཁུ་ཁྲག་གཉིས་ལ་ནད་སྐྱོན་ཡོད་མེད་བལྟ་དགོས་འདུག སྤྱིར་ཕྱི་ལུགས་ཀྱི་བཤད་ཚུལ་ལྟར་རྫས་ཀྱི་བྱེ་བྲག་གི་ཁྱད་པར་ཞིག་ཏན་ཏན་ཡོད་ངེས་རེད། ང་རང་ཚོའི་སྨན་གཞུང་ནས་རྗས་ཀྱི་བྱེ་བྲག་དང་དབྱིབས་གཟུགས་དེ་ལྟབུའི་ཞིབ་ཕྲ་བཤད་ཀྱི་མེད་ཀྱང། ཕ་མ་གཉིས་ཀྱི་ཁུ་ཁྲག་ལ་རླུང་མཁྲིས་བད་ཀན་སོགས་ནད་ཀྱིས་གོས་མ་གོས་ཀྱི་ཁྱད་པར་དེ་ཞིབ་ཏུ་བཤད་ཀྱི་ཡོད། དེ་ནི་བཤད་ཚུལ་མི་འདྲ་བ་ཙམ་ལས་རླུང་མཁྲིས་བད་ཀན་དང་ཁུ་ཁྲག་ལ་སྐྱོན་ཡོད་མེད་་ཟེར་བ་ནི་ལུས་ཀྱི་གྲུབ་ཆ་རྗས་རིགས་མི་འདྲ་བ་དང་། རླུང་སེམས་དབྱེར་མེད་ཀྱི་བར་དོའི་རྣམ་ཤེས་ཀྱི་རྟེན་བྱེད་ནུས་མི་ནུས་ཀྱི་སྐད་ཆ་དེ་བཤད་ཀྱི་ཡོད། འདིའི་སྐོར་ལ་བོད་གསོ་རིག་གི་ལུས་ཆགས་ཚུལ་དང་ཟབ་མོ་ནང་དོན་ཕྱོགས་ནས་སྐྱེ་བས་མྱོང་མཚམས་སྦྱོར་ཚུལ་གཉིས་གོ་བསྡུར་ཐོག་རིག་གསར་གྱིས་ཁ་ཚ་རེ་འདེབས་ཐུབ་ན། དོན་ངེས་ཀྱི་བློ་སྒོ་གསར་བ་ཞིག་འབྱེད་ཐུབ་ངེས་སྙམ། ཡིན་ནའང་དུས་ཚོད་མི་འདུག མདོ་དོན་ཁྱོད་ལ་དགོས་རྒྱུ་དེ་གསོ་རྒྱུད་ལས། ཁུ་བ་དཀར་ལྕི་མངར་ལ་མང་བ་དང།། ཟླ་མཚན་ཚོས་ཁུ་རི་བོང་ཁྲག་འདྲ་བ།། བཀྲས་ན་དག་འགྱུར་སྐྱོན་མེད་མངལ་ཆགས་བྱེད།། ཅེས་བཤད་པ་འདིས་སྐུ་ཉིད་ཀྱི་གྲོགས་མོ་ལ་ཕན་ཐོགས་ཅུང་ཙམ་ཡོང་མོད་སྙམ།

  14. རྔ་བ་རྒྱལ་ཁམས་པ། says:
    2010-10-08 at 11:46 pm

    བུད་མེད་སུ་ཞིག་སྦྲུམ་མར་ཆགས་རྗེས། མངལ་གྱི་ཕྲུ་གུ་དེ་ཕོ་མོ་གང་ཡིན་བརྟག་ཐབས་འདྲ་ཨེ་ཡོད། བུད་མེད་དེའི་ལུས་སེམས་ཀྱི་རྣམ་འགྱུར་སོགས་ལས། ཕོ་མོ་གང་ཡིན་ངོས་འཛིན་སྟངས་ཤིག་ཡོད་ཚུལ་གླེང་སློང་བྱས་པ་ཞིག་གོ་མྱོང་། གསལ་བོ་ཞིག་ཧ་གོ་མ་སོང་། དེང་སང་ཚན་རིག་པ་ཚོས་ཕོ་མོའི་ཁམས་དཀར་མར་བསྲེ་སྦྱོར་ལ་བརྟེན་ནས་སེམས་ཅན་བཟོ་ཐུབ་ཀི་ཡོད་པ་རེད། སྒྲོ་ལའི་ཞེས་འབོད་པའི་ལུག་དེ་ཁམས་དང་རྫས་སྦྱོར་ལས་གྲུབ་པའི་ལུག་ཅིག་རེད། ཚན་རིག་པ་ཚོས་འགྲོ་བ་མིའི་རིགས་ཀྱང་བཟོ་རྒྱུའི་འཆར་འགོད་དེ་འདྲ་བཏང་འདུག་མོད། ཆོས་དང་ཁྲིམས་ལུགས་ཀྱི་གནོན་ཤུགས་འོག་གནས་སྐབས་ལག་ལེན་དངོས་སུ་བསྟར་ཐུབ་ཀི་ཡོད་ས་མ་རེད། དེ་ཙམ་ཡིན། ཁྱེད་ཕེབས་ནས་དོན་གནད་ཅན་གྱི་གླེང་སློང་བྱས་པར་ལེགས་བྱུང་ཞེས་ཞུས་པ་ཡིན།

  15. དམུ་ཐག་དཀར་པོ། says:
    2010-10-13 at 12:22 am

    ཝེ་སྐུ་ཞབས་རྒྱལ་ཁམས་པ། དེའི་སྐོར་ཏོག་ཙམ་བཤད་རྒྱུ་ཡོད། ཕྲུ་གུ་དེ་མངལ་སྦྲུམ་ཨ་མ་དེའི་མངལ་ལྟོའི་གཡས་ཕྱོགས་སུ་བརྟེན་ཅིང་དེ་ཕྱོགས་ཅུང་མཐོ་བ་དང། ཨ་མའི་ལུས་ཁམས་རང་བཞིན་གྱིས་བདེ་ཡང། རྨི་ལམ་དུའང་སྐྱེས་པ་མང་དུ་རྨི་ཞིང་འཁྲིག་འདོད་མི་སྐྱེ་བ་དང། ལྷག་པར་དུ་ནུ་མ་གཡས་པ་ནས་ཐོག་མར་ནུ་ཞོ་འབབ་པ་སོགས་ཕྲུ་གུ་ཕོ་སྐྱེ་རྟགས་རེད། དེ་ལས་གཞན་ཨ་མ་དེ་ཁྱོ་བོ་དང་སྐྱེས་པ་སོགས་ལ་ལྷག་པར་འཕྲད་་འདོད་དང། བུད་མེད་ཀྱི་གཤིས་སྤྱོད་ལྟར་གླུ་གར་དང་རྒྱན་འདོགས་པར་དགའ་བ་དང། ཕྲུ་གུ་དེ་མའི་མངལ་ལྟོའི་གཡོན་ངོས་སུ་བརྟེན་ཅིང་དེ་ཕྱོགས་ཅུང་མཐོ་བ། མའི་ལུས་ཁམས་རང་བཞིན་གྱི་ལྕི་བ། རྨི་ལམ་དུ་བུད་མེད་མང་དུ་རྨི་བ་དང། ནུ་མ་གཡོན་པ་ནས་ནུ་ཞོ་ཐོག་མར་འབབ་པ་སོགས་ཕྲུ་གུ་མོ་སྐྱེ་བའི་རྟགས་རེད། མ་ཟད་ཨ་མ་དེ་མངལ་གནས་ཕྲུ་གུ་དེའི་གཞན་དབང་དུ་སོང་སྟབས་ཨ་མའི་བསམ་བློ་དང་སྤྱོད་པ་སོགས་རྒྱུན་ལྡན་དང་མི་འདྲ་བར་ཕོ་མོ་སོ་སོའི་ཁྱད་ཆོས་དང་མཐུན་པའི་རྣམ་འགྱུར་སྟོན་གྱི་ཡོད། གཞན་ཡང་ཨ་མའི་མངལ་ལྟོའི་གཡས་གཡོན་གཉིས་ཀ་མཐོ་ལ་དཀྱིལ་གྱི་ཆ་དམའ་བ་ཡོད་ན་མཚེ་མར་སྐྱེ་རྟགས་སུ་གསུངས་ཡོད། སྤྱིར་བོད་ལུགས་གསོ་རིག་གིས་འདིའི་ཐད་ཀྱི་ངོས་འཛིན་བྱེད་སྟངས་མི་ཞིག་གི་ཉམས་མྱོང་ཚད་མ་དང་སྦྱར་ནས་རྟོག་དཔྱོད་བྱེད་པ་ལས་རིག་གསར་ལྟར་མིག་ཅན་དང་གཟུགས་ཅན་ལྟ་བུའི་དཔྱད་པ་རགས་པས་མི་ཐུབ་པར་སེམས། སྤྱིར་བརྗོད་གཞི་འདིའི་སྐོར་ལ་སྨན་པའི་ཉམས་མྱོང་དང་རྒན་པའི་རྒྱུན་ཤེས་སོགས་ལས་ཤེས་བྱ་ཁྱད་མཚར་བོ་དེ་འདྲ་འདུག

  16. དམུ་ཐག་དཀར་པོ། says:
    2010-10-13 at 6:18 am

    ཤེས་བྱའི་འཛམ་གླིང་སྐོར་བའི་རྒྱལ་ཁམས་པ། བསྐྱར་བཤད་ཅིག་ལ། ཕ་མ་གཉིས་སྦྱོར་གྱི་བྱ་བ་ལ་དངོས་སུ་མ་བརྟེན་པར་འཕྲུལ་ཆས་སྤྱད་དེ་ཁུ་ཁྲག་གི་རྫས་རྐྱང་ཙམ་གྱི་སྦྱོར་འདུ་ལས་མི་ལུས་དང་སེམས་ཅན་སྣ་ཚོགས་བཟོ་བཞིན་འདུག་ཅེས་པ་དེ་ལྟབུ་ཞིག་བོད་ལུགས་གསོ་རིག་གི་གཞུང་དངོས་སུ་གསུངས་མེད་ནའང། མི་ལུས་ཆགས་ཚུལ་བཤད་སྐབས་མི་ལུས་འགྲུབ་བྱེད་ཀྱི་གཞི་རྩའི་གྲུབ་ཆ་གཙོ་བོ་མེད་དུ་མི་རུང་བ་གསུམ་ཤོད་ཀྱི་ཡོད། དེ་ཕའི་ཁུ་བ་དང་མའི་ཁྲག་རང་གི་སྔོན་ལས་ཀྱིས་བསྐུལ་བའི་རྣམ་ཤེས་ཏེ། ཁུ་ཁྲག་སེམས་གསུམ་ཞེས་བཤད་ཀྱི་ཡོད། དེར་བསམ་བློར་བཏང་ཚེ་རྣམ་ཤེས་ཀྱི་རྟེན་བྱེད་ནུས་པའི་འབྱུང་རྫས་དམིགས་བསལ་བ་ཁུ་ཁྲག་གཉིས་དང་སེམས་གསུམ་ངེས་པར་ཚོགས་དགོས་པར་བཤད་པ་ལས་ཕ་མ་གཉིས་ཀྱི་འཁྲིག་སྦྱོར་གྱི་བྱ་བ་ལ་མ་བརྟེན་པར་གཏན་ནས་མི་ལུས་འགྲུབ་མི་ཤེས་པའི་གཏན་ཚིགས་འགོད་ཀྱི་མེད། དཔེར་ན་དེའི་ཤེས་བྱེད་དུ་རང་རེའི་གཞུང་ལུགས་རྣམས་སུ་མངལ་རྫུས་སྒོང་དྲོད་དེ་སེམས་ཅན་སྐྱེ་སྒོ་མི་འདྲ་བ་བཞིར་བཤད་པ་དེས་ཀྱང་རིག་པ་གུ་ཡངས་སུ་གཏོང་ནའང། རང་རེ་ལ་དེ་ལ་ཉམས་ཞིབ་བྱེད་པའི་དེང་དུས་ཀྱི་ཤེས་རྩལ་མེད་པས་རིགས་པ་འདི་རིགས་གླེང་སློང་ཙམ་ལས་མི་འདུག སྤྱིར་བར་དོའི་རྣམ་ཤེས་འཁྱམ་པོ་དེའི་ལས་བསོད་དང་མཐུན་པའམ་ཡང་ན་དེའི་རྟེན་བྱེད་ནུས་པའི་འབྱུང་རྫས་དྭངས་མ་ཁུ་ཁྲག་ལྟབུ་ཞིག་དང་དེ་ལ་སྔོན་ལས་ཀྱི་གསོས་སྨིན་པའི་རྣམ་ཤེས་གསུམ་དུས་གཅིག་ཏུ་བུད་མེད་ཀྱི་མངལ་དང་ཡང་ན་ཕྱི་རོལ་ལྟབུ་ཞིག་ཏུ་ཚོགས་པའི་སྐབས་མཆིས་ཚེ་མི་ལུས་འགྲུབ་ངེས་སུ་སྣང་། དེ་དག་དུས་གཅིག་ཏུ་འཛོམས་པ་དེ་ཨའི་མངལ་དུ་མང་ཞིང་ཕྱི་རོལ་ཏུ་སྲིད་མཐའ་ཙམ་རེད། དེང་སང་རིག་གསར་པ་དྲན་རྒྱུ་མང་བ་དང་ལག་རྩལ་ཆེ་བ་སོགས་ཀྱིས་ཕྱི་རོལ་ཏུ་དེ་དག་དུས་གཅིག་ཏུ་འཚོལ་བའི་སྐབས་བྱུང་བས་ཁུ་ཁྲག་བསྲེ་སྦྱོར་ཙམ་ལ་རྣམ་ཤེས་ཞུགས་ཏེ་མི་ལུས་གྲུབ་པ་དེ་བྱུང་བ་རེད་བསམ་གྱི་འདུག ཡིན་འང་ཁོང་ཚོས་རྣམ་ཤེས་གཟུགས་མེད་ལ་མཐོང་རྒྱུ་གང་ཡང་མེད་པས་ན་ཁུ་ཁྲག་གཉིས་འཛོམས་ཙམ་གྱིས་བྱུང་བར་འདོད་ཀྱིན་མངོན། སྤྱིར་མིའི་རྣམ་ཤེས་ཀྱི་རྟེན་བྱེད་ནུས་པའི་འབྱུང་རྫས་དྭངས་མ་ལ་ཕ་མ་གཉིས་ནས་ཐོན་པའི་ཁུ་ཁྲག་གཉིས་ངེས་པར་ཡིན་དགོས་ཀྱི་རེད་བསམ་གྱི་མི་འདུག ཁུ་ཁྲག་གཉིས་དང་རྫས་རིགས་ངོ་བོ་གྲུབ་ཆ་གཅིག་མཚུངས་སུ་ཡོད་པའི་རྫས་ཤིག་ཕྱི་རོལ་ཏུ་ཡོད་ཅིང་དེ་ལ་རྣམ་པར་ཤེས་པས་ཉིང་མཚམས་སྦྱར་ཏེ་འཕེལ་བསྐྱེད་ཀྱི་མཐུན་རྐྱེན་རྣམས་བདེ་བླག་ཏུ་ཚང་ཚེ་མི་ལུས་ཇི་ལྟར་མི་འགྲུབ་བམ། རྒྱུ་ཚོགས་པ་ལས་འབྲས་བུ་སྐྱེད་པ་དེ་འབྲས་རྟགས་ཡང་དག་རེད། ཨ་ལ་སྨྱོན་བཤད་ཡིན། རྣམ་རྟོག་གིས་སྒྲོ་བཏགས་ཏེ་སྒྱུ་མའི་གྲོང་ཁྱེར་བཞེངས་པ་ལ་དགོས་པ་ཅི་ཡོད། དེ་ལས་མལ་དུ་ཞུགས་ན་ཚང་མ་དགའ་ས་དེ་དེ་ལ་ཡོད། བདེ་མོ་བྱོས།

  17. ཀརྨ་ཡེ་ཤེས། says:
    2010-12-18 at 4:51 pm

    ཡ་ངས་ཀྱང་གོ་སྐབས་འདི་བརྒྱུད་ནས་དོགས་སློང་ཞིག་ཞུ་འདོད་བྱུང་། སངས་རྒྱས་ཀྱི་གཞུང་ལུགས་རྣམས་སུ་མི་དགེ་བ་བཅུ་ཞེས་བཅའ་ཁྲིམས་གནང་ཡོད་མི་དགེ་བཅུའི་ནང་ཚན་དཔེར་ན་སྲོག་བཅད་དང་མ་བྱིན་ལེན་པ་སོགས་རང་བཞིན་གྱིས་ངོ་བོ་མི་དགེ་བ་མ་ཟད་བྱེད་ལས་ཀྱང་འབྲས་བུ་གཞན་ལ་གནོད་པ་སོགས་འཐའ་གཅིག་ཏུ་སྨད་པའི་ལས་རེད་འདུག དེའི་ནང་ཚན་༼མི་ཚངས་བ་སྤྱོད་པ་༽ཞེས་པ་དེ་ཉིད་སངས་རྒྱས་ཀྱི་ཆོས་ལམ་ལ་བསྟེན་ནས་སྲིད་པའི་བདེ་བ་ལ་སྐྱོན་དུ་མི་ལྟ་མཁན་ཞིག་ཡིན་ནས་བཟུངས་ཏེ་ཟག་པའི་བདེ་བ་ཞིག་ལ་ཕོ་མོ་གཉིས་སྦྱོར་གྱི་ལམ་ལ་བསྟེན་ནས་རེག་ཟུག་གི་བདེ་བ་དོན་དུ་གཉེར་བ་འདི་འཇིག་རྟེན་པའི་ཡང་དག་པའི་བདེ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། སངས་རྒྱས་པའི་གཞུང་ནས་དེ་ལ་འཐའ་གཅིག་ཏུ་དགག་པ་གནང་ཡོད་ཁྱེད་རང་ཚོའི་བསམ་ན་སངས་རྒྱས་ཀྱིས་དེ་དགག་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ཁོ་རང་གི་ངོ་བོ་མི་དགེ་བ་ཡིན་ནམ་རང་བཞིན་མི་དགེ་བ་ཡིན། གར་སྲིད་ངོ་བོ་སྡུག་བསྔལ་མི་དགེ་བ་ཞིག་ཡིན་ན་ད་ལྟའི་དབང་པོ་སྒོ་ལྔས་མྱོང་བཞིན་འདི་ངོ་བོ་སྡུག་བསྔལ་གྱི་རྒྱུ་ཡིན་ནམ།
    ཡང་ཁྱེད་ནས་འདི་ལྟར་བསམ་སྲིད་དེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། དེ་སྐྱེས་ལས་ནི་མི་དགེ་བ། མ་ཆགས་མ་སྡང་གཏི་མུག་མེད། དེ་སྐྱེས་ལས་ནི་དགེ་བའོ། ཞེས་པའི་ལུང་དེ་ཉིད་འདྲེན་སྲིད་ཀྱང་དེ་ཙམ་གྱིས་ངོས་ཀྱི་འདོད་བློ་ཁེངས་ཀྱི་མི་འདུག
    ཁྱེད་ནས་དེའི་སྐོར་གནད་ལ་ཕིག་པའི་ལན་ཞིག་སྐྱོན་གནང་རོག

  18. སངས་རྒྱས། says:
    2012-04-20 at 6:58 am

    ང་འཁྲིག་པ་སྤྱོད་པའི་ཚེ་ན་ཁུ་བ་མྱུར་དུ་ཕྱིན་པ་ཡིན་པས།བཀག་ནིའི་ཐབས་ལམ་ཡོད་དམ

  19. འཇིགས་མེད་ says:
    2014-07-03 at 7:35 pm

    འཁྲིགས་སྤྱོད་སྐབས་ཕྲུ་གུ་ཕོ་མོ་བཟོ་ཚུལ་ལ་དམིགས་གསལ་གྱི་ཁྱད་སྤྱོད་འདྲ་ཡོད་དམ་ ང་ལ་ཕྲུ་གུ་བུ་ཞིག་དགོས་ཡོད་

  20. talop says:
    2015-06-01 at 1:20 am

    ང་འཁྲིག་པ་སྤྱོད་པའི་ཚེ་ན་ཁུ་བ་མྱུར་དུ་ཕྱིན་པ་ཡིན་པས།བཀག་ནིའི་ཐབས་ལམ་ཡོད་དམ

  21. ཀརྡོ་གཉེར་ཕྱག་པ་ says:
    2015-06-01 at 6:19 am

    རྒྱུ་མ་ཡི་་འདོད་ཆགས་ཤུགས་ཆེ་བས་བུ་ཕོ་དང་། རྒྱུ་ཕའི་འདོད་ཆགས་ཤུགས་ཆེ་ན་བུ་མོ་སྐྱེས་ཞེས་གསུང་སྲོལ་ཅིག་འདུག

  22. བསམ་གཏན says:
    2018-08-19 at 11:16 am

    འཁྲིག་སྤྱོད་ཀྱིས་སྤྱིར་རླུང་ནད་ལ་ཕན་པ་འདྲ་ཡོད་མེད་སྐོར་གསུང་རྒྱུ་རེ་ཡོད་དམ་ལགས། གང་ཡིན་ཟེར་ན་འགའ་ཤས་ཀྱིས་བཤད་ཚུལ་ལ་རླུང་ནི་འདོད་ཀྱི་རང་བཞིན་ཡིན་ཞེས་བཤད་ཚུལ་ཡང་འདུག་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme