Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་སྲིད་འཛིན་སོ་དགུ་བའི་གཏམ་རྒྱུད་དང་བློ་བཟང་སེང་གེ།

Posted on 2010-09-24 By དབང་ཕྱུག་ 3 Comments on ཨ་རིའི་སྲིད་འཛིན་སོ་དགུ་བའི་གཏམ་རྒྱུད་དང་བློ་བཟང་སེང་གེ།

རྟ་ནག་སྐལ་བཟང་ལུང་རིགས།

ཨ་རི་ན་སྙན་གྲགས་ཤིན་ཏུ་ཆེ་བའི་མ་འོངས་ལུང་སྟོན་པ་ཞིག་ཡོད། ཁོའི་མིང་ལ་ཅི་ཟེར་བདག་གི་དྲན་ཡུལ་དུ་བསྐྱུད་ཚར་འདུག ཡིན་ནའང་། ཁོས་སྔོན་རྟོགས་ཀྱི་སྐད་ཆ་དག་ནི་ནོར་བ་ཡེ་ནས་མེད་པ་བདག་གི་དྲན་ཡུལ་དུ་ད་ དུང་འཁོར་ཡོང་། ཨ་རི་བ་རྣམས་ཀྱིས་ཁོ་ལ”དཀོན་མཆོག་གི་ངག”ཅེས་འབོད་པ་ཡིན། སྐབས་ཤིག་ལ། མ་འོངས་ལུང་སྟོན་པ་སློབ་གྲྭ་ཆེན་མོ་ཞིག་ལ་གཏམ་གླེང་དུ་ཕེབས་པས་འདུ་ཚོགས་ ཀྱང་ཤིན་ཏུ་ཆེ། ལུང་སྟོན་པས་བར་སྐབས་ཀྱི་ངལ་བསོ་བའི་སྐབས་ཤིག་ལ། སློབ་བུ་གཉིས་ཀྱིས་ལུང་སྟོན་པ་བཙལ་ནས་ཁོ་གཉིས་ཀྱི་འབྱུང་འགྱུར་གྱི་ལས་དབང་ ལ་ལུང་བསྟན་པའི་རེ་བ་ཞུས། ལུང་སྟོན་པས་དགྱེས་འཛུམ་མུལ་མུལ་གྱི་ངང་ནས། “’འགྲིག་འདུག ཐོག་མར་ངས་ཁྱེད་གཉིས་ལ་དྲི་བ་ཞིག་དགོད་ན་ཆོག་གམ”སློབ་ བུ་གཉིས་ཀྱིས་མགོ་བོ་ལྡེམ་ལྡེམ་གྱིས། “དེ་དེ་བཞིན་ནོ།”ལུང་སྟོན་པས་དྲིས་པ། “གཟབ་ནན་གྱིས་སོམས་དང་། གལ་སྲིད་དཀོན་མཆོག་གིས་ཆ་རྐྱེན་ཅི་ཡང་མེད་པའི་ལམ་ནས་དུས་ཡུན་སྐར་མ་བཅུ་ སྤྲད་ཅིང་། ད་དུང་སྐར་མ་བཅུ་འདིའི་ཁྲོད་དུ་བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་སྣ་ཚོགས་མངའ་ འོ་ཟེར་ན། དུས་ཡུན་འདིར་ཅི་ཞིག་བསྒྲུབ་བམ།”སློབ་བུ་དང་བོ་དེས་བསམས་ཏེ་བཤད་རྒྱུར། “ངའི་བསམ་ཚུལ་ལྟར་ན། སྐར་མ་བཅུའི་ཁྲོད་དུ་བདག་གི་ཕ་རྒན་གྱི་བླ་འཐོར་དུ་གཞུག་གོ། དེས་ན་ཕ་རྒན་གྱིས་བསགས་པའི་དངུལ་ལོར་མང་བོ་ཞིག་བདག་ལ་ཐོབ་ཐུབ། བདག་ལ་ཐོབ་པའི་དངུལ་ལོར་དེ་དག་ནི་བདག་གི་ཕ་རྒན་ལ་མཚོན་ན་ཆེས་ཉུང་ངུ་ཞིག་ལས་ མ་རེད།”སློབ་བུ་གཉིས་པ་དེས་བཤད་རྒྱུར། “བདག་གིས་དུས་ཡུན་སྐར་མ་བཅུ་བོ་འདི་ནི་བྲེལ་འཚུབ་ཀྱི་ཁྲོད་ཚུད་ལ་ཉེ་བ་དག་ གི་ཆེད་དུ་གཏང་ངོ་།། དཔེར་ན། འགྲུལ་འཁོར་གྱི་ཆག་སྒོ་འབྱུང་ལ་ཉེ་བ་ཚོར་དུས་ཡུན་འདི་སྤྱད་དེ་ཆག་སྒོ་ལས་ བཤོལ་དུ་གཞུག་རྒྱུ་དང་། དྲག་རླུང་དང་། ས་ཡོམ་ཁྲོད་དུ་འཆི་ལ་ཉེ་བ་རྣམས་དུས་ཡུན་འདི་སྤྱད་དེ་ཆག་འཇིག་ལས་བསྐྱབ་པར་ བྱ་བ་དང་། དུས་མིན་གྱི་ནད་ཀྱིས་བཏབ་པ་དག་མྱུར་ཏུ་ནད་ལས་གྲོལ་བར་བརྩོན་པ་དང་། འཚོག་ཆས་དང་ཡོ་བྱད་མི་བདོག་པའི་དབང་གིས་དབུལ་བ་དང་། སྡུག་བསྔལ་བ་དག་འཚོ་བའི་མེད་མུག་ལས་ཐར་ཏུ་གཞུག་རྒྱུ་དེའོ”ཞེས་སྨྲས་སོ།།
ལུང་སྟོན་པས་སློབ་བུ་གཉིས་ཀྱི་སྐད་ཆར་ཞིབ་ཏུ་ཉན་ཟིན་དུས། དབུ་ལྡེམ་ཙམ་བགྱིས་ཏེ་སྨྲས་པ། “བདག་གིས་ཁྱེད་གཉིས་ཀྱི་ལས་དབང་ཇི་འདྲ་ཡིན་མིན་ཡོངས་སུ་རྟོགས་སོང་།” ལུང་སྟོན་པས་སློབ་བུ་དང་བོ་དེ་ལ་སྨྲས་པ། “ཁྱེད་ཀྱི་ལས་དབང་ནི་ལེགས་པ་ལས་ཀྱང་ལེགས་པར་འདུག་གོ། དེ་ལྟ་ནའང་། ཁྱེད་ཀྱིས་རྒྱུ་ནོར་བསྲི་ཚགས་ལ་དོ་ནན་བྱ་དགོས། དེ་ལྟར་མ་བྱས་ན་ཁྱེད་ཀྱི་ཚེ་མཇུག་ཏུ་ཅི་ཡང་མེད་པའི་དབུལ་བོ་ཁོ་ནར་འགྱུར་ ཉེན་ཆེའོ།།” ཡང་ལུང་སྟོན་པས། སློབ་བུ་གཉིས་པ་དེར་སྨྲས་པ། “གནས་སྐབས་རིང་ཁྱེད་ཀྱིས་དཀའ་སྡུག་མང་ཙམ་མྱང་རྒྱུ་རེད། དེ་ལྟ་ནའང་། ཕྱི་མའི་དུས་སུ་ཁྱེད་རང་རླབས་ཆེ་བའི་ཆབ་སྲིད་པ་ཞིག་ཏུ་འགྱུར་བར་ཐེ་ཚོམ་དང་ ཡིད་གཉིས་མ་ཟ་ཞིག”སློབ་བུ་དང་བོ་དེ་ཡིད་མ་རངས་པའི་སྒོ་ནས་སྨྲས་པ། “ངའི་ཕ་རྒན་ནི་དངུལ་རྩ་འབོར་ཆེན་གྱི་བདག་པོ་རེད། ཕྱིས་སུ་བདག་གིས་ཕ་ཤུལ་བུ་འཛིན་བྱ་རྒྱུ་ཡིན་པས། ཚེ་མཇུག་དབུལ་བོ་དབུལ་རྐྱང་དུ་ཇི་ལྟར་འགྱུར།”ལུང་སྟོན་པ་བཞད་ཞོར་དུ། “དྲི་བ་དེ་རང་གིས་རང་ལ་དྲིས་ཤིག”ཅེས་སྨྲས་སོ།།
རྗེས་སོར་ལུང་སྟོན་པས་ལུང་བསྟན་པ་དོན་ཐོག་ཏུ་བབ་སོང་། སློབ་བུ་དང་བོ་དེས་རྒྱུ་ནོར་བསྲི་ཚགས་ལ་དོ་ནན་མ་བགྱིས་པས། མཐའ་མཇུག་དངུལ་རྩ་ཡོད་ཚད་ཡོངས་སུ་འཛད་དེ་དབུལ་བོ་འབའ་ཞིག་ཏུ་གྱུར་ཅིང་། ཚེ་མཇུག་གྲོང་དང་གྲོང་ཁྱེར་ཀུན་ཏུ་ཉུལ་བའི་སྤྲང་བོ་གཤའ་མ་ཞིག་ཏུ་གྱུར། དེ་ལྟ་ནའང་། སློབ་བུ་དང་བོ་དེས་ཐོས་བསམ་ལ་བརྟུན་པ་བསྐྱེད་པ་དང་།
སྤྱི་དོན་ལ་སྤྲོ་སེམས་མངའ་བ་བཅས་བགྱིས་པས། མཐའ་འཇུག་ཁོ་སྲིད་འཛིན་པ་ཞིག་ཏུ་གྱུར་སོང་སྟེ། ཁོ་ནི་ཨ་རིའི་སྲིད་འཛིན་ཨང་རིམ་སོ་དགུ་བ་ཅེས་མེས་ཁ་ཐི་(吉米——卡特)རེད། ལུང་སྟོན་པས་སྔོན་དཔགས་ཀྱིས་བཤད་པ་དག་ནི་ཕལ་ཆེར་ཚད་མར་བརྩིས་ན་འགྲིག་ལ། ཁོང་གིས་གཟབ་ནན་དང་ཞིབ་ཚགས་ཀྱིས་སྒོ་ནས་ཆོས་ཐམས་ཅད་ཀྱི་འགྱུར་འགྲོས་དང་འཕེལ་འགྲིབ་ལ་གཏན་ཚིགས་ཀྱིས་དཔྱད་ཀྱིན་ཡོད། ཁོང་གིས་“ཁྱེད་ལ་སྐར་མ་བཅུའི་དུས་ཡུན་སྤྲད་ཆོག”ཅེས་པའི་དྲི་བའི་དྲིས་ལན་ལ་ དཔྱད་དེ་མི་རྣམས་ཀྱིས་དུས་ཚོད་བེད་སྤྱོད་སྟངས་དང་། སྙོམ་སྒྲིག་བྱེད་སྟངས་ལ་གཞིགས་ནས་དུས་ཚོད་ནི་ཚེ་སྲོག་ཡིན་པའི་འདུ་ཤེས་དེས་ ཀུན་ལ་སྡོམ་ཚིག་སྟབས་བདེ་རེ་འཇོག་ཐུབ། འབྱུང་འགྱུར་ཡོད་ཚད་དུས་ཚོད་སྙོམ་སྒྲིག་གི་ལམ་ནས་ཐག་གིས་གཅོད་པའོ།།
བདག་གིས་ཨ་རིའི་སྲིན་འཛིན་ཞིག་གི་གཏམ་རྒྱུད་འདི་བསྒྱུར་ནས་དྲངས་པ་ལ་དགོས་པ་ གཅིག་ལས་མེད་དེ། ལུང་སྟོན་པའི་དྲི་བར་ལན་འདེབས་པོ་ཨ་རིའི་སྲིད་འཛིན་ཅེས་མེས་ཁ་ཐི་(吉米——卡特) ཡིས་དྲིས་ལན་དང་། འབྱུང་འགྱུར་བཀའ་ཁྲིར་རེ་བའི་མཁས་དབང་བློ་བཟང་སེང་གེ་གཉིས་ཀྱིས་བཙན་བྱོལ་ སྤྱི་ཚོགས་ལ་བཏབ་པའི་དྲིས་ལན་ལ་མཚུངས་ས་ཤིན་ཏུ་མང་བ་དེའོ།། དེ་ལྟ་ནའང་། སྲིད་འཛིན་ཅེས་མེས་ཁ་ཐི་(吉米——卡特)ལ་མི་གཞི་དང་ཤེས་རབ་ལ་བརྩི་མཐོང་ཆེ་བའི་ ཁོར་ཡུག་ཅིག་གི་གྲོགས་དན་ཡོད་པས་ཨ་རིའི་སྲིད་འཛིན་ཐོབ་པ་རེད་ལ། བློ་བཟང་སེང་གེ་ལ་རྨོངས་ཞེན་དང་ཕྱོགས་རིས་ཀྱིས་བརླམས་པའི་སྤྱི་ཚོགས་ཤིག་གི་ བར་བགེགས་ཡོད་སྟབས་བཀའ་བློན་ཐོབ་པའི་རེ་བ་ཤན་ཏུ་ཉག་ཕྲ། དུས་ཚོད་ནི་ཚེ་སྲོག་གི་འདུ་ཤེས་འཛིན་པའི་ནུབ་ཕྱོགས་པ་དག་གིས་དུས་ཡུན་སྐར་མ་ བཅུའི་ནང་དུའང་ཆག་འཇིག་ལས་བཤོལ་བ། འཇིག་སྐྲག་ལས་སྐྱོབ་པ། ནད་ལས་ཐར་བར་བརྩོན་པ། དབུལ་ཕོངས་ལས་བསྒྲོལ་བར་བྱ་བ་སོགས་རླབས་ཆེ་བའི་ལས་དོན་མི་བསྒྲུབས་པའི་ངེས་ པ་མེད་ཀྱང་། འཆི་བ་མི་རྟག་པ་ཡིན་པའི་འདུ་ཤེས་ལས་དབེན་པའི་འུ་ཚང་གིས་དུས་ཡུན་སྐར་མ་བཅུ་ ཕར་ཟད། བགྲང་བྱ་ལྔ་བཅུ་འཁོར་ཟིན་ནའང་སྔར་བཞིན་རྗེས་ལུས་དང་རྨོངས་དད་ཀྱིས་འཚོ་བ་ དེའོ།། གཤམ་དུ་བདག་གིས་འདྲེན་རྒྱུ་ནི་ཡོངས་གྲགས་སུ་༼མཁས་དབང་བློ་བཟང་སེང་གེ་ལ་ཕུལ་ བའི་དྲི་བ་བཅུ༽ཞེས་ནང་གི་དྲིས་ལན་ཞིག་ཡིན། གོ་བདེ་བའི་ཕྱིར་མ་ཟིན་ལ་འགྱུར་བ་ཅུང་བཟོས་ཡོད་ཀྱང་སྤྱི་ཁོག་རང་དགར་བཞག་ཡོད།
བཀའ་ཁྲི་ནི་དབུ་ཁྲིད་ཅིག་ཡིན་པའི་ངོས་གླེང་ན་ངེས་པར་དུ་བསྒྲུབ་འོས་པའི་འགན་འཁྲི་ལྔ་ཡོད།
དང་པོ། དབང་སྒྱུར་བའི་བཙན་ལག་ཏུ་དཀའ་སྡུག་ལ་གདོང་གཏད་པའི་སྤུན་ཟླ་དག་གི་སླད་དུ་ཅི་ཡང་བསྒྲུབ་འོས།
གཉིས་པ། བོད་ཀྱི་གནད་དོན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནད་དོན་དུ་བསྒྱུར་རྒྱུ་དང་། རྒྱལ་སྤྱིའི་ཁྲོད་ནས་བོད་དོན་ལ་སྡོངས་གྲོགས་བཙལ་བ། བོད་གཞུང་གི་ཉམས་དམས་གང་དུ་ཡོད་ན་དེའི་སླད་དུ་བརྟུན་པ་བསྐྱེད་པའོ།།
གསུམ་པ། བཙན་བྱོལ་གཞུང་སྲ་བརྟན་ཅན་དུ་བསྒྱུར་བ་དང་དུས་མཚུངས་སུ་རྒྱ་གར་མི་མང་གི་གྲོགས་དན་ཇེ་བརྟན་དུ་གཏང་དགོས།
བཞི་པ། ནམ་ནམ་ཞར་ཞར་དུ་རྒྱ་ནག་གི་འཕེལ་འགྲིབ་ལ་དོ་ནན་དང་། རྒྱ་ནག་གཞུང་དང་མི་མང་ལ་འབྲེལ་འདྲིས་ཀྱི་གླགས་བཙལ་ནས་ཕན་ཚུན་དཀྱེལ་ཡངས་ཅན་ དུ་བསྒྱུར་བའི་ནུས་པ་གདོན་རྒྱུ།
ལྔ་པ། གཞིས་བྱེས་གཉིས་ཀྱི་བོད་མིའི་རེ་འདུན་ངོས་འཛིན་པ་དང་། ཨེ་ཤ་ཡ་དང་ནུབ་ཕྱོགས་སུ་གནས་འཆའ་བའི་བོད་པའི་སྤྱི་ཚོགས་ལ་དོ་སྣང་བྱ་བ། དེ་དག་གི་བོད་ཀྱི་གཞོན་རབས་པ་དག་དང་འབྲེལ་ལམ་གཟུག་པ། གཞུང་དང་ལས་འགུལ་གྱི་སླད་དུ་ན་གཞོན་དག་གསོ་སྐྱོང་བྱ་བ་བཅས་ལྔའོ།།
གལ་སྲིད་བདག་གིས་དྲངས་པའི་གཏམ་རྒྱུད་ཁྲོད་ཀྱི་ལུང་སྟོན་པ་དེ་བཙན་བྱོལ་དུ་ཡོད་ སྲིད་ན། བློ་བཟང་སེང་གེའི་དྲིས་ལན་ལ་ཞིབ་ཏུ་ཉན་རྗེས། འབྱུང་འགྱུར་ཁྱེད་རང་རླབས་ཆེ་བའི་ཆབ་སྲིད་པ་ཞིག་ཏུ་འགྱུར་བར་ཐེ་ཚོམ་མེད་དོ་ ཅེས་སྨྲ་ནའང་། ཕྲག་དོག་དང་འགྲན་སེམས།
རིས་གཅོད་ཀྱི་བསམ་བློའི་མཁའ་དབུགས་ཤིན་ཏུ་སྟུག་པའི་ཁོར་ཡུག་འདི་རུ་རླབས་ ཆེན་ཞིག་ཏུ་འགྱུར་བར་བགེགས་དང་བར་ཆད་ཇི་འདྲའི་མང་ཨང་། བགེགས་དང་བར་ཆད་ཤིན་ཏུ་མང་ས་འདིར་བློ་བཟང་སེང་གེ་རྒྱལ་ཐུབ་པའི་རེ་བ་ཤིན་ཏུ་ཕྲའོ།།
གཏམ་རྒྱུད་ཁྲོད་ཀྱི་མི་སྣ་དེ་གཉིས་སྤྱི་ཚོགས་ཀྱི་ཚབ་མཚོན་ཞིག་ཏུ་བགྲང་ཚེ། ཕ་རྒན་གྱི་བླ་འཐོར་དུ་བཅུག་ནས་དངུལ་ལོར་ཐོབ་པར་རེ་མཁན་དེས་ང་ཚོའི་སྤྱི་ ཚོགས་མཚོན་པ་ཡིན་ནོ།།
(གོང་གི་གཏམ་རྒྱུད་དེ་རྒྱ་ནག་གི་དུས་དེབ་ གྲགས་ཅན་ཀློག་པ་བོ《读者》 ལས་བདམས་ཏེ་བསྒྱུར། སྤྱིའི་དེབ་གྲངས་༤༥༨ བསྒྱུར་བྱ་ལ《给你十分种》ཟེར། རྩོམ་མཁན། 马敬福 མ་ཅིན་ཧྥུའུ།)

འགྱུར་རྩོམ།

Post navigation

Previous Post: བརྩེ་བ་སྡུག་ཅག —–མ་བལྟས་ཚད་མེད་ཀྱི་གློག་བརྙན།
Next Post: སེམས་ཀྱིས་འདྲུད་དེ་དྲ་ཐོག་ལ་ཡོང་བ།

Comments (3) on “ཨ་རིའི་སྲིད་འཛིན་སོ་དགུ་བའི་གཏམ་རྒྱུད་དང་བློ་བཟང་སེང་གེ།”

  1. སྟག་སྨྱོན། says:
    2010-09-24 at 9:42 am

    བློ་སེང་ལ་རྒྱབ་སྐྱོར་དང་དགའ་མོས་དཔེ་ཡོད། བོད་ལ་མཁོ་བའི་ཕོ་རྒོད་ཅིག་སྐྱེས་ཡོད་སྙམ་པའི་སྤོབས་པ་ཡོད། འོན་ཀྱང་ཁོང་ཐད་ཀར་བཀའ་ཁྲིར་འདེམས་རྒྱུར་བསམ་བློ་མང་ཙམ་གཏོང་དགོས་ཀྱི་འདུག ཤེས་ཡོན་པ་དང་ལྷག་པར་དགེ་རྒན་གྱི་ལས་ཁུར་ཞུས་མྱོང་མཁན་བློ་སེང་ལྟ་བུར་བཚོན་ན་གཏམ་བཤད་སྣང་བ་འགྲོ་བ་བྱེད་ཐུབ་མིན་ལ་དོགས་ཡོད་མ་རེད།། དེ་ལ་དེ་ཙམ་ཡིད་ཆེས་ཆ་འཇོག་བྱེད་དཀའ། གཙོ་བོའི་ཁོའི་མིའི་ཚེའི་ནང་ཛ་དྲག་གི་དང་དཀའ་སྡུག་གི་གནས་སྟངས་གང་དང་གང་འདྲ་ལ་གདོང་ལེན་བྱེད་མྱོང་བ་དང་། དཀའ་སྡུག་དང་གནོད་ཤུགས་ཅན་གྱི་དུས་སྐབས་སུ་བློ་རྩལ་དང་ཐབས་རྩལ་ག་རེ་བཏོན་མྱོང་ཡོད་མེད་ལ་རྒྱུས་ལོན་བྱེད་དགོས་པ་རེད། བྱས་ཙང་ཐེངས་འདིར་ཁོང་བཀའ་ཁྲི་མ་ཡིན་པར་ཕྱགས་རོགས་བཀའ་བློན་དུ་ཞིག་ཏུ་སླེབས་པ་དང་། ཐེངས་རྗེས་མར་བཀའ་ཁྲི་དངོས་སུ་སླེབས་ན་བློ་བདེ་བ་ཡོང་ས་རེད། ང་ཚོས་མི་ལ་བདག་པོ་བརྒྱག་སྟངས་དང་སྐྱེད་སྲིང་བྱེད་སྟངས་གཉིས་དོ་མཉམ་ཤེས་དགོས་པ་ཤེས་གལ་ཆེ་བ་འདུག

  2. ཚངས་དབྱངས། says:
    2010-09-24 at 9:46 am

    སྐལ་བཟང་ལུང་རིགས་ལགས།

    སྙན་པོ་འདུག འདིར་ཞུ་རྒྱུར། སློབ་བུ་དང་པོ་དང་གཉིས་པ་འཁྲུག་གི་འདུག

    དཔེར་ན། “སློབ་བུ་དང་བོ་དེས་ཐོས་བསམ་ལ་བརྟུན་པ་བསྐྱེད་པ་དང་།
སྤྱི་དོན་ལ་སྤྲོ་སེམས་མངའ་བ་བཅས་བགྱིས་པས། མཐའ་འཇུག་ཁོ་སྲིད་འཛིན་པ་ཞིག་ཏུ་གྱུར་སོང་སྟེ། ཁོ་ནི་ཨ་རིའི་སྲིད་འཛིན་ཨང་རིམ་སོ་དགུ་བ་ཅེས་མེས་ཁ་ཐི་(吉米——卡特)རེད།”ཅེས་པ་དེ་སློབ་བུ་གཉིས་པ་ལ་གོ་མ་དགོས་སམ། སློབ་བུ་དང་པོ་སྤྲང་པོར་འགྱུར་ཟིན་ཏོ།

    ཨེ་རེད།

  3. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-09-24 at 8:34 pm

    རེད་རེད། ཚངས་དབྱངས་ཀྱིས་གསུངས་བ་བཞིན་སློབ་ཕྲུག་དང་པོ་དང་གཉིས་པ་གཉིས་སྐབས་དེར་བེད་སྤྱོད་གཏོང་སྟངས་ནོར་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme