བོད། ལྷ་ཀླུ་གཉན་གསུམ་།
དེ་དུས་ནས་བཟུང་ སུ་ཞིག་གིས་འཁྲིད་པ་མི་ཤེས
གང་ལྟར ཕྱིར་ཡོང་མེད་པའི་མི་ཞིག་ལ་ང་རང་གི་སེམས་པ་བྱིན
མི་མཐོང་ས་ཞིག་ནས མི་གཉོབ་ས་ཞིག་ནས
སུས་ཀྱང་རྐང་རྗེས་སྤར་ཡོད་མེད་ལ་ཉམས་མ་བཞག
ལོ་ངོ་མང་བོ་མང་བོ་ཞིག་བུད་ཐལ
ད་དུང་ རྒྱང་རིང་རྒྱང་རིང་གི་ཕྱོགས་ཤིག་ལ་བལྟས
མིག་གིས་རིག་ས་ཞིག་ནས ཁྱེད་རང་ག་ལེར་ཚུར་འོང་བ་དེ་ནོར་མེད་ཀྱང་
མཐོང་མཁན་གྱི་ང་རང་གི་སེམས་ནང་དུ
གཟུགས་རིས་ཤིག་དེ་ལྟར་བཞེངས་རྗེས
ད་གཟོད་ཁྱེད་རང་བདག་གི་ཉེ་ས་ནས འདུག་སྟངས་གཞན་ཞིག་འདུག་ལ
བཤད་སྟངས་ཀྱང་དེ་བས་ཀྱང་མ་འདྲ་བ་ཞིག
གོམ་པ་རེ་རེ་བཞིན་སྤོ་སྟངས་ལ་ཁྱད་དུ་འཕགས་པའི་སྣང་ཚུལ་ཞིག
ལུས་ཕྱི་ནང་གི་བར་དོའི་ཁམས་ནས
ང་ཁོ་ནའི་མྱོང་བྱའི་རེག་མྱོང་གི་ཚོར་འདུ་ཟུར་གསུམ་རེད
ཁྱེད་ཀྱི་བྲང་གཞུང་ལ་ལག་པ་ཞིག་གང་ནས་འཇོག་འཕོད
དེ་ཡི་སྙིང་སྟོབས་ཀྱང་གང་ན་ཡོད
ཐ་ན་ཉེ་ས་ནས་ལག་འགོར་ཡང་འཇུ་མ་འཕོད
སྐད་ཆ་བཤད་པའི་དུས་ཡུན་རེ་རེ་ནི གློག་དམར་འཁྱུགས་པའི་ངང་ཚུལ་ལྟར
དོན་དངོས་སུ་གནམ་འོག་དེ་ནི ལས་སླ་བོ་ཞིག་གཏན་ནས་མེད་ཚོད་གོ་ཡང་
དངོས་སུ་རང་ཐོག་གི་སྒྲུང་ཞིག་ལ་འགྱུར་འགྲོ་བར་ཡིད་དུ་ཡང་ཤར་མེད
ངས་ཁྱེད་ལ་མེ་ཏོག་རྐང་གཅིག་སྟེར་འདོད་ཀྱི་མདུན་པ་ཆེན་མོས
ང་ལ་ག་ལེར་ཁྱེད་ཀྱི་སྒོ་འགྲམ་དུ་ཡང་ཡང་བཅར་ན་ཡང་
ཁྱེད་ཀྱི་ཁོར་ཡུག་གང་སར་ཁྱེད་ཉིད་སྲུང་མཁན་གྱི་སྲུང་དམག་མོད་པ་ཞིག
གནམ་ས་གཉིས་ལས་འབུར་ནས་འོང་ དེ་ཡང་ཁྱེད་ལ་མཚོན་ན་བདེ་ན་ཐང་
ངས་དེ་དག་རིག་ཐང་རེར སྙིང་ཆུང་དྲགས་དུ་ལྡིང་
སེམས་པ་འདར་སུག་རྒྱགས དེ་ལྟར
ཁྱེད་རང་བཞུད་རྗེས་ཀྱི་ལོ་ཟླ་དེ་དག་གི་ཁ་གྲངས
ངས་ནམ་ཡང་བརྩི་མ་འཕོད གཅིག་བྱས་ན
དེ་ནས་བཟུང་ རང་ལ་དབང་བའི་མི་ཞིག་རང་ཉིད་ཡིན་ན་སྙམ་མོད
ཕལ་ཆེར་་་་་་་་
མཚན་མོ་རེ་རེ། ང་དང་འདྲ་བའི་གནམ་འོག་གི་མི་མི་ཉུང་བ་ཞིག་གིས་གང་ཞིག་འཚོལ་བཞིན་ཡོད་ཤེས་ཆེ་ལ། འཚོལ་སྟངས་དེ་ལ་ཡང་གནམ་འོག་གི་འཚོ་བ་བསྐྱེལ་སྟངས་དང་མྱོང་བ་རྙེད་སྟངས་སོགས་ལ་ཁྱད་པར་ཏན་ཏན་ཡོད་ངེས་ཡིན། དེ་དག་གི་ཁྲོད་ནས་འུ་ཅག་གིས་གང་ཞིག་བཞེངས་ཐུབ་པར་རང་རང་ལ་ཡིད་ཆེས་བྱེད་པ་ནས་འགོ་བརྩམས་དེ་ཉེ་སའི་ཁོར་ཡུག་ཞིག་དུ་གཅིག་དུ་སྤུངས་པའི་གྲུབ་འབྲས་ཤིག་ཀྱང་རྙེད་ཐུབ་བྱེད་ན་འདོད་པས་ཡིན། ༩།༩།༡༠ཕྱི་གླིང་དུ།