Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྱུང་འགྱུར་གྱི་བཀའ་བློན་ཁྲི་བའི་སྐོར་ནས་ངེད་ལ་རྨོངས་འཆར་ཞིག་ཡོད།

Posted on 2008-12-202008-12-20 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 109 Comments on འབྱུང་འགྱུར་གྱི་བཀའ་བློན་ཁྲི་བའི་སྐོར་ནས་ངེད་ལ་རྨོངས་འཆར་ཞིག་ཡོད།

སྐར་ཆེན། ཡོ་རོབ།

ང་སྐྱབས་བཅོལ་ལ་སླེབས་ནས་ལོ་ངོ་བརྒྱད་ཙམ་འགྲོ་གི་ཡོད། ལོ་ངོ་བརྒྱད་འདིའི་རིང་ལ། ངས་ཚགས་པར་དང་དུས་དེབ་བརྒྱུད་ནས། དགེ་རྒན་དང་གྲོགས་པོ་བརྒྱུད་ནས། རང་གི་ཤེས་ཡོན་ཡར་རྒྱས་སུ་བཏང་། རང་གི་ཕུགས་བསམ་དཀྱེལ་ཡངས་སུ་བཏང་། སྐྱབས་བཅོལ་གྱི་མི་ཚེའི་བརྒྱུད་རིམ་འདི་དག་གི་ཁྲོད་ནས། ངས་བོད་མིའི་དཀའ་ངལ་ཚོར། ༧གོང་ས་མཆོག་གི་བཀའ་དྲིན་ཚོར། བོད་མི་རིགས་ཀྱི་ལོ་རྒྱུས་སྦྱངས།
བོད་མིའི་འཐབ་རྩོད་ཀྱི་བརྒྱུད་རིམ་མཐོང་། བོད་ནང་གི་བོད་མི་ཚོའི་སེམས་ཤུགས་མཐོང་། བྱེས་ཀྱི་བོད་མི་ཚོའི་རེ་བ་རིག། དེས་ག་ལ་ཚད། ད་ལྟའི་བཀའ་བློན་ཁྲི་བའི་མཛད་འཕྲིན་མཐོང་། ད་ལྟའི་བཀའ་བློན་ཁྲི་བ་འདི་། བཙན་བྱོལ་གྱི་མི་ལོ་ལྔ་བཅུའི་ཁྲོད་ཀྱི། བཀའ་བློན་ཁྲི་བ་གཞན་ལས་ལྷག་པའི་བཀའ་བློན་ཁྲི་བ་ཞིག་རེད་བསམ་པའི་བློ་སྤོབས་ངེད་ཀྱིས་རྙེད། འཛམ་གླིང་ཤར་ནུབ་ཀྱི་ལྟ་གྲུབ་ལ་མངའ་བརྙེས་ཤིང་རིག་པའི་གཞུང་ལུགས་ལ་རྣམ་དཔྱོད་ཡངས་པའི་བཀའ་བློན་ཁྲི་བ་ཞིག་རེད་བསམ་པའི་དགའ་སྤོབས་ངེད་ལ་སྐྱེས།
བོད་མི་མང་སྤྱི་འཐུས་གྲོས་ཚོགས་འདི་བྱིས་བ་བཞིན་གཉོར་སྐྱོང་བྱེད་མཁན་གྱི་ཕ་རྒན་དངོས་གནས་བ་དེ་རེད་བསམ་པའི་ངེས་རྟོགས་ངེད་ཀྱིས་རྙེད།བཙན་བྱོལ་སྤྱི་ཚོགས་ཀྱི་དཔལ་འབྱོར་ལམ་ལུགས་དང་ཤེས་ཡོན་ལམ་ལུགས་སོགསལ་བཅོས་བསྒྱུར་གནང་སྟེ་སྤྱི་ཚོགས་ཧྲིལ་བོ་མདུན་བསྐྱོད་ཀྱི་ལམ་དུ་འཁྲིད་མཁན་གྱི་སྔོན་ཐོན་པ་ཞིག་རེད་བསམ་པའི་་བག་ཆགས་ངེད་ལ་བཞག
འོན་ཀྱང་། བོད་རྒྱའི་ཆབ་སྲིད་སྐྱོང་སྟངས་ཀྱི་ཐད་ནས་ཁོང་གི་དགོངས་ཚུལ་ཕྱོགས་སུ་ངེད་ལ་རྨོངས་འཆར་མང་། རྨོངས་འཆར་མང་པོ་རྩོམ་ཡིག་སྔ་མ་རྣམས་སུ་སྤེལ་ཡོད། ཡང་ནས་བསྐྱར་དུ་མི་སྤེལ།
དེ་ནི་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བའི་ཕྱོགས་ལ་ངེད་ཀྱིས་བསམ་ཚུལ་ཞིག་འཁྱེར་ཡོད། འོས་མི་འགའ་འཁྲིད་ཡོད། བོད་རྒྱའི་ཆབ་སྲིད་ཀྱི་གནས་སྟངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་སོགས་གང་ལ་བལྟས་ན་ཡང་། འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་འདི་ཧ་ཅང་གལ་ཆེན་ཆགས་ཡོད།་ ངེད་ཀྱི་བསམ་པར། འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་འདི། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་སྟངས་ལ་རྒྱུས་མངའ་ཡོད་མཁན་། རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་བལྟ་ཐུབ་མཁན་། ཕྱི་ནང་གི་རིག་པའི་གཞུང་ལུགས་ལ་མཁྱེན་རྒྱ་ཡོད་མཁན་། བོད་མིའི་འཐབ་རྩོད་ཀྱི་ནུས་ཤུགས་གཅིག་ཏུ་སྤུངས་ཐུབ་མཁན་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་འབྲེལ་བ་དམ་ཟབ་འཛིན་ཐུབ་མཁན་། བཙན་བྱོལ་སྤྱི་ཚོགས་ཡར་རྒྱས་ཀྱི་ཐད་ལ་སྔོན་ཐོན་གྱི་བསམ་བློ་ཡོད་མཁན་། བོད་མི་མང་གི་བསམ་ཚུལ་ལ་ཉན་ཤེས་བྱེད་ཐུབ་མཁན་། བོད་ནང་གི་བོད་མིའི་གནས་སྟངས་ཡར་རྒྱས་ཀྱི་ཐད་ལ་འཆར་གཞི་དང་འཛུགས་བསྐྲུན་གྱི་ཕྱག་ལས་གནང་ཐུབ་མཁན་། དཀྱིལ་ཤར་ཨེ་ཤེ་ཡའི་ཕྱོགས་ནས་བོད་དོན་ལ་རྒྱབ་སྐྱོར་འཚོལ་ཐུབ་མཁན་། བོད་མིའི་ཤེས་རིག་དང་གཞིས་ཆགས་ཁག་སྲ་བརྟན་དུ་གཏོང་ཐུབ་མཁན་ཞིག་དགོས་རྒྱུ་གལ་ཆེན་པོ་རེད་བསམ། འོན་ཀྱང་། ངེད་ཀྱིས་བཙན་བྱོལ་དཀྱིལ་འཁོར་གྱི་ཕྱི་ནང་ཚང་མར་ཞིབ་འཇུག་འདྲ་བོ་བྱས། རེ་བ་ཅན་ཚོའི་མིང་ཐོ་ཤོག་ངོས་སུ་ཕབ། ཁོང་ཚོའི་ངོས་ནས་བོད་དོན་ཐད་ཕྱག་ལས་གནང་ཚར་བའི་ངོས་དང་གནང་བཞིན་པའི་ངོས། གནང་རྒྱུའི་ངོས་བཅས་ལ་བསམ་བློ་བཏང། ྐླད་པ་དཀྲུགས། འོན་ཀྱང་། གོང་གི་ཆ་རྐྱེན་ཚང་མ་འཛོམས་མཁན་གྱི་མི་ཞིག་རེག་མ་སོང་།
ངེད་ཀྱིས་བསྐྱར་དུ་བསམ་བློ་བཏང་། ྐླད་པ་དཀྲུགས། གང་ལྟར། མཐའ་མར་ཆ་རྐྱེན་འགའ་ཚང་བའི་བཙན་བྱོལ་ཁྲོད་ཀྱི་གཞོན་སྐྱེས་གསུམ་རེག་སོང་། མི་བློ་རིག་བཀྲ་བ་གསུམ་རེག་སོང་། མི་རེ་བ་ཅན་གསུམ་རེག་སོང་།
མི་དེ་གསུམ་ནི་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ། བོད་རིགས་བུད་མེད་འབུམ་རམས་པ་བློ་བཟང་རབ་རྒྱས། སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་གསུམ་རེད།
ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེར་མཚོན་ན་། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་སྟངས་ལ་རྒྱུས་མངའ་ཡོད་པས་མཟད་རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་བའི་འགྲོས་ལ་བལྟ་ཐུབ་མཁན། ད་དུང་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ནུས་བ་གཅིག་ཏུ་སྤུངས་རྒྱུར་ཤེས་ཡོན་གྱི་གནས་ཚད་འདང་ངེས་ཡོད་མཁན་ཞིག་རེད།
བོད་རིགས་བུད་མེད་འབུམ་རམས་པ་བློ་བཟང་རབ་རྒྱས་ལ་མཚོན་ན། མདོ་དབུས་མཐོ་སྒང་གི་བོད་མིའི་ཤེས་རིག་དང་ཁོར་ཡུགའཚོ་གནས་སྲུང་སྐྱོབ་བཅས་ཀྱི་ཆེད་དུ་ཕྱག་ལས་གནང་མཁན་ཞིག་ཡིན་པར་མ་ཟད་བོད་ནང་གི་བོད་མིའི་གནས་སྟངས་ཡར་རྒྱས་ཀྱི་ཐད་ལ་འཆར་གཞི་དང་འཛུགས་བསྐྲུན་གྱི་ཕྱག་ལས་དངོས་སུ་གནང་མཁན་གྱི་བོད་རིགས་བུད་མེད་མདུན་བསྐྱོད་པ་ཞིག་རེད།སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་ལ་མཚོན་ན། བཙན་བྱོལ་སྤྱི་ཚོགས་ཀྱི་ཕྱི་ནང་ཡར་རྒྱས་གཏོང་རྒྱུར་ཕྱོགས་ཡོངས་ལ་བལྟ་ཐུབ་མཁན་དང་བོད་མི་མང་གི་བསམ་ཚུལ་ལ་ཉན་ཤེས་བྱེད་ཐུབ་མཁན་། ད་དུང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་འབྲེལ་བ་དམ་ཟབ་འཛིན་ཐུབ་མཁན་ཞིག་རེད་འདུག
དེས་ན། ངེད་ཀྱི་བསམ་པར། ད་ལྟའི་བོད་རྒྱའི་ཆབ་སྲིད་ཀྱི་གནས་སྟངས་དང་བོད་ནང་གི་བོད་མིའི་གནས་སྟངས། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས། འབྱུང་འགྱུར་གྱི་བོད་མིའི་འཐབ་རྩོད་བཅས་ཀྱི་ངོས་ལ་བསམ་བློ་བཏང་ནས། ྐླད་པ་དཀྲུགས་ནས་མི་འདི་ཚོའི་ནང་གི་གཅིག་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བར་འདེམས་དགོས་ཀྱི་འདུག་བསམ། འདི་ལྟའི་རྨོངས་འཆར་ཞིག་ངེད་ཀྱི་སེམས་ལ་ཤར། སེམས་ལ་དྲན། གང་དྲན་པ་དང་བསམ་པ་དེ་བོད་མི་ཚོའི་མདུན་ལ་བཞག་ཡོད།
བོད་རིགས་སྤུན་ཟླ་ཚོས་ཀྱང་འདིའི་ཕྱོགས་ལ་བསམ་བློ་གཏོང་རོགས། ྐླད་པ་དཀྲུགས་རོགས། ཞིབ་འཇུག་བྱེད་རོགས། མདོར་ན། འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་མ་ནོར་བ་ཞིག་འདེམས་རོགས། འདི་ངེད་ཀྱི་རེ་བ་ཡིན། སྙིང་གི་རེ་བ་ཡིན།

སྣ་ཚོགས།

Post navigation

Previous Post: ད་ལྟ་འབབ་བཞིན་པའི་ཁ་བ་དང་ད་ལྟ་རྒྱག་བཞིན་པའི་འདྲ་པར།
Next Post: ཡིད་བཞིན་ནོར་བུའི་འཁྲུངས་ཡུལ།

Comments (109) on “འབྱུང་འགྱུར་གྱི་བཀའ་བློན་ཁྲི་བའི་སྐོར་ནས་ངེད་ལ་རྨོངས་འཆར་ཞིག་ཡོད།”

  1. yeshe says:
    2008-12-20 at 11:10 pm

    བུད་མེད་བློ་བཟང་རབ་རྒྱས་ཟེར་བ་དེ་ཨ་མདོའི་མནའ་ཟུར་དེ་མ་རེད་དམ། གཞན་གཉིས་ཐེངས་མང་གོ་མྱོང་། ཡིན་ན་ཡང་བུད་མེད་དུ་གོ་མ་མྱོང་བ་འདྲ་ཞིག་འདུག

  2. karchen says:
    2008-12-20 at 11:35 pm

    ཨ་མདོའི་མནའ་ཟུར་ཡིན་མིན་ཧ་གོ་མ་སོང་། བུད་མེད་འཇོན་པོ་རྒོད་པོ་ཞིག་རེད་འདུག བོད་ནང་གི་བོད་མིའི་ཤེས་རིག་དང་ཁོར་ཡུག། འཚོ་རྟེན་བཅས་ཡར་རྒྱས་ཀྱི་སླད་དུ་གཞི་རིམ་དང་གྲོང་གསེབ་ཁག་ནས་འགོ་བཙུགས་ཏེ་ཕྱག་ལས་གནང་མཁན་གྱི་བོད་རིགས་བུད་མེད་མདུན་བསྐྱོད་པ་ཞིག་རེད་འདུག་
    ཁོ་མོར་མཚོན་ན། བོད་ཕྱི་ལས་བོད་ནང་གཙོ་བོར་འཛིན་མཁན་ཞིག་དང་གྲོང་ཁྱེར་ཡར་རྒྱས་ལས་བོད་ནང་གི་གྲོང་གསེབ་ཡར་རྒྱས་གཙོ་བོར་དམིགས་མཁན་ཞིག་རེད་འདུག་

  3. karchen says:
    2008-12-20 at 11:39 pm

    བུད་མེད་འདི་བོད་དོན་མ་གཏོགས་ལས་ཀ་གཞན་པ་མི་དགོས་མཁན་ཞིག་རེད་འདུག་ཡ། ཤེས་ཡོན་གྱི་གནས་ཚད་དེ་མི་རྒྱུད་དཔྱད་རིག་གི་ཐོག་ལ་འབུམ་རམས་པ་ཐོན་འདུག ཕལ་ཆེར་ཆེད་ལས་འདིའི་ཐོག་ལ་བོད་ཀྱི་ལོ་རྒྱུས་སྟེང་བོད་རིགས་བུད་མེད་འབུམ་རམས་པ་དང་པོ་དེ་རེད་འདུག

  4. kunchok says:
    2008-12-20 at 11:40 pm

    གོང་གི་བུད་མེད་དེ་ཨ་མདོ་སུའི་མནའ་ཟུར་རེད། ཐེངས་རྗེས་མའི་བཀའ་ཁྲིར་བུད་མེད་ཅིག་འདེམས་ཐུབ་ན་ད་རབ་རེད། དཔེར་ན། ཀོ་རམ་ཆུང་བདག་དང་མདོ་སྟོད་འཐུས་མི་དབུ་དཀར་གཡུ་གྲོལ་ལྟ་བུ་ཤེས་འཇོན་གྱིས་ཕྱུག་པའི་བུད་མེད་ཅིག ད་རུང་དེ་དང་དེ་འདྲ་བའི་སད་དེ་སངས་སྡོད་མཁན་གྱི་བུད་མེད་གང་མང་མང་ཟ་ཟུར་ན་མཐོང་ཡ་འདུག་ག

  5. རྡོ་རྗེ་ says:
    2008-12-20 at 11:44 pm

    ད་ཆོག་ཐལ། བློ་བཟང་སེང་གེ་ལ་མཁས་དབང་ཞེས་སྒྲོག་པ་འདིའི་ཁུངས་འཁྱེར་ཤོག བོད་རིགས་ཚོ་འདི་འདྲ་རེད། གནས་ཚུལ་ལ་རྒྱུས་ལོན་མ་བྱས་པར་སྒྲོག་རྐྱང་རེད། བློ་བཟང་སེང་གེ་ནི་སྐབས་འཚོལ་རིང་ལུགས་པ་ཞིག་རེད། འདི་ཚོ་ལ་ངོ་མ་ཞེ་ནས་ཞེན་པ་ལོག་གི་འདུག ཁྲིམས་ལུགས་མཁས་པའི་རྒྱུ་མཚན་ག་རེ་ཡིན། ཁོས་རྒྱ་ཡིག་ཤེས་སམ། ཁོས་བོད་ཡིག་ཤེས་སམ།

  6. karchen says:
    2008-12-20 at 11:52 pm

    བདེན་པ་རེད། བུད་མེད་རྩེ་ཕུད་ཅིག་རེག་རྒྱུ་ཁག་པོ་རེད་། འོན་ཀྱང་། ངེད་ཀྱི་བསམ་པར། ཀོ་རམ་ཆུང་བདག་དང་གཡུ་སྒྲོན་དབུ་དཀར་ཚང་ལྟ་བུ་ལས་བློ་བཟང་རབ་རྒྱས་འདེམས་ན་ནོར་མི་འདུག་བསམ། ཀོ་རམ་ཆུང་བདག་སེམས་ཤུགས་ཡོད་མཁན་དང་ཕྱི་འབྲེལ་གྱི་ཐོག་ལ་ཉམས་མྱོང་ཡོད་མཁན་དེ་འདྲ་རེད། ཤེས་ཡོན་དང་འཇོན་ཐང་གི་ཕྱོགས་ནས་བློ་བཟང་རབ་རྒྱས་ལ་དོ་ཡ་མི་འདུག ཀོ་རམ་ཆུང་བདག་ལོ་ཡང་རྒན་པ་རེད་ཡ། ཀོ་རམ་ཆུང་བདག་ལས་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ཡག་པ་མེད་འགྲོ
    གཞན་གཡུ་སྒྲོན་དབུ་དཀར་ཚང་ལྟ་བུར་མཚོན་ན་ཡང་སེམས་ཤུགས་ཡོད་མཁན་དེ་འདྲ་རེད་མ་གཏོགས་གཞན་ཤེས་ཡོན་དང་འཇོན་ཐང་ཆེན་པོ་རེད་མི་འདུག

  7. karchen says:
    2008-12-20 at 11:59 pm

    ཨ་རོ། བློ་བཟང་སེང་གེ་སྐབས་འཚོལ་བ་རེད་ལབ་ནས་ཁྱོད་ལ་རྒྱུ་མཚན་འདྲ་བོ་ཁུངས་གཏུགས་བྱེད་རྒྱུ་ཡོད་དམ། མཁས་པ་རེད། རྒྱལ་སྤྱིའི་གནས་སྟངས་ལ་མཁས་པ་རེད། བོད་རྒྱའི་གནད་དོན་ལ་མཁས་པ་རེད། རྒྱལ་སྤྱིའི་ཁྲིམས་ལུགས་ལ་མཁས་པ་རེད། མཁས་པ་ཡིན་མིན་ཁོང་གི་སློབ་སྦྱོང་གི་བརྒྱུད་རིམ་དང་བྱ་བའི་བརྒྱུད་རིམ། ད་ལྟའི་ལས་གནས་བཅས་ལ་རྟག་དཔྱད་ཐོངས། བོད་ཡིག་དང་རྒྱ་ཡིག་ཚད་མཐོ་བོ་མ་རེད། འོན་ཀྱང་། བོད་ཡིག་འགྲིག་འདུག རྒྱ་ཡིག་ཡང་རང་མགོ་འཁྱོངས་མཁན་ཞིག་འདུག
    རྒྱུ་མཚན་མེད་པར། གནས་ལུགས་མ་རྙེད་པར། སྐབས་འཚོལ་བ་རེད་ལབ་རྒྱུ་ཨེ་ཡོད།

  8. ཟླ་བ་ says:
    2008-12-21 at 12:10 am

    ཁོའི་ལས་ཀའི་བརྒྱུད་རིམ་དང་། སློབ་སྦྱོང་གི་བརྒྱུད་རིམ། ད་ལྟའི་ལས་གནས་བཅས་ལ་བརྟགས་ནས་བློ་བཟང་སེང་གེ་ཟེར་བ་དེ་སྐབས་འཚོལ་རིང་ལུགས་པ་ཞིག་རེད་ཟེར་གི་ཡོད།

  9. kunchok says:
    2008-12-21 at 12:10 am

    སྐར་ཆེན་ཁྱོད་ཀྱིས་བཤད་པའི་བུད་མེད་དེ་དེ་རིང་ཁྱོའི་ཁ་ནས་མ་གཏོགས་གོ་མ་མྱོང་། མ་གཞི་བོད་ནང་དུ་ལས་དོན་རེ་སྤེལ་གིན་ཡོད་ན་དེ་ལས་རླབས་ཆེ་བའི་ལས་ཀ་གཞན་ཨེ་ཡོད་མི་ཤེས། དབུ་དཀར་གཡུ་གྲོལ་གྱི་ཤེས་ཡོན་ལ་ཁྱོད་རང་དྭོགས་པ་ཟ་དགོས་ཡ་ཡོད་མ་རེད། བོད་པའི་བུད་མེད་ཀྱི་ནང་ནས་ལག་འཁྱེར་མཐོ་ཤོས་གྲངས་རེད། མི་བདེན་ན་ཁྱོད་རང་གིས་ཞིབ་འཇུག་ཅིག་བྱས་དང་དེ་ནས་ཧ་གོ་གི་རེད།

  10. ཟླ་བ་ says:
    2008-12-21 at 12:13 am

    སྐར་ཆེན་ཁྱོད་ཀྱིས་སྤེན་ཚེ་ལས་གཞན་གྱི་མི་འདི་གཉིས་ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་མྱོང་ཨེ་ཡོད། ཡོད་ན་གཤིབས་པ་ཡིན། འདྲིས་པ་ཡིན། ཡོན་ཏན་འདི་དང་དེ་འདུག་ཅེས་ཤོད་ཅིག ང་མི་དེ་ཚོ་གསུམ་ག་ལ་གཤིབས་མྱོང་། དེ་ཚོ་གསུམ་ག་ལས་རྔ་བ་ཚེ་རྒྱམ་དང་ཟླ་བ་ཚེ་རིང་༼ད་ལྟའི་ཐའེ་ཝན་དོན་གཅོད་༽ལྟ་བུ་བཞག་ན། མ་མཐའ་ལ་ཡང་སེམས་ཤུགས་ཀྱི་ཆ་རྐྱེན་དང་ཤ་ཞེན་གྱི་ཆ་རྐྱེན་དེ་ཚང་ཡོད་པ་རེད།

  11. karchen says:
    2008-12-21 at 12:21 am

    གྲོགས་པོ་ཟླ་བ། ངས་གང་བཤད་པ་དེ་ཁྱེད་ཀྱིས་ཁ་ཚུར་འཁོར་ནས་མགོ་མཇུག་ལྡོག་ནས་བཤད་ཀྱི་འདུག་ག

  12. kunchok says:
    2008-12-21 at 12:23 am

    ཟླ་བ་དང་རྔ་བ་གཉིས་ཀའི་སེམས་ཤུགས་དང་ཤ་ཞེན་ལ་ང་ཡང་ཡིད་ཆེས་ཡོད་མོད། འོན་ཀྱང་བཀའ་ཁྲིར་ཡིན་གཅིག་དབྱིན་ཡིག་ཤེས་དགོས་ཡ་དེ་གལ་ཆེན་པོ་རེད་དྲན་གི

  13. karchen says:
    2008-12-21 at 12:27 am

    དཀོན་མཆོག་ཁྱེད་ཀྱིས་དེ་རིང་ངའི་ཁ་ནས་མ་གཏོགས་གོ་མྱོང་མེད་ན། དེ་ལ་སྐྱོན་མི་འདུག བུད་མེད་བློ་བཟང་རབ་རྒྱས་ཟེར་མཁན་འདི་མ་གཅིག་ཟེར་བའི་དང་བླངས་བུད་མེད་ཚོགས་པ་དེ་འཛུགས་མཁན་རེད། ཚོགས་པ་དེའི་ཚོགས་མི་བོད་ཕྱི་ནང་གཉིས་ཀ་ན་འདུག
    བོད་ཕྱི་ལས་བོད་ནང་ན་མང་གི། བོད་ནང་ལ་བོད་ཡིག་གི་སྐད་ཡིག་རྨང་གཞིར་བྱས་བའི་སློབ་གྲ་གཉིས་བརྒྱབ་ཡོད་གི། བོད་ནང་གི་གྲོང་གསེབ་ཁག་ཡར་རྒྱས་དང་བོད་མིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་བོད་ནང་ལ་ཐད་ཀར་ཕྱག་ལས་གནང་གི་ཡོད་གི།
    ལག་འཁྱེར་བཤད་ན་། འབུམ་རམས་པ་རེད་འདུག གཡུ་སྒྲོན་དབུ་དཀའ་ཚང་ལ་ཤེས་ཡོན་གྱི་གནས་ཚད་དེ་འདྲ་མི་འདུག་ཅེས་ངས་ཁ་ཚོན་བཅད་ནས་བཤད་ཐུབ་ཀྱི་ཡོད།
    བློ་བཟང་རབ་རྒྱས་ཀྱི་འཇོན་རབས་མང་གི། ངེད་ཀྱི་ཁོང་གི་དང་ཁོང་གི་ཚོགས་པའི་སྐོར་ལ་ཁ་གསལ་བོ་དང་གཏིང་གསལ་བོའི་རྩོམ་ཞིག་བྲིས་ཚར་ཡོད། མི་རིང་བར་ཁྱེད་ལ་སྤྱན་འབུལ་ཞུ་ངེས།

  14. karchen says:
    2008-12-21 at 12:30 am

    རྔ་བ་ཚེ་རྒྱམ་མི་དྲང་མོ་རེད་ཟེར། འོན་ཀྱང་། དེས་ཆབ་སྲིད་ཤེས་རབས་ཀྱི་ལོ་རྒྱུས་ཤིག་མི་འདུག གལ་སྲིད་རྔ་བ་ཚེ་རྒྱམ་འདྲ་བོ་ང་ཚོས་བཀའ་བློན་ཁྲི་བ་ཡིན་ལབ་ནས་ཡར་བཞག་ནའང་། རྡ་ལམ་ས་ལའི་དཀྱིལ་འཁོར་གྱི་ཆབ་སྲིད་པ་དེ་ཚོར་ཁ་གཏད་གཅོག་ཐུབ་ཀྱི་མ་རེད་ལ་གཅོག་སྟངས་ཡང་ཤེས་ནི་མ་རེད་ཡ།

  15. karchen says:
    2008-12-21 at 12:42 am

    གྲོགས་པོ་ཟླ་བ་ཁྱེད་ཀྱིས་ངས་་སྤེན་པ་ཚེ་རིང་ངོ་ཤེས་ཀྱི་ཡོད་པ་ཤེས་ཡོད་ས་རེད། རེད་། དེ་བདེན་པ་རེད། འོན་ཀྱང་། དེ་ང་རྒྱ་གར་ན་ཡོད་དུས་ཀྱི་གནས་སྟངས་རེེད། ཕྱི་ལ་ཐོན་པའི་རྗེས་སུ་གཞན་དེ་ཚོ་ལ་ཡང་འདྲེས་ཡོད་ཆགས་པ་རེད།
    འདྲེས་ཡོད་ཆགས་སྟངས་ཀྱི་བརྒྱུད་རིམ་མང་ནི་རེད། འོན་ཀྱང་། ངས་འདི་ཚོ་ངོ་ཤེས་མ་ཤེས་དང་སྐད་ཆ་བཤད་མྱོང་མ་མྱོང་གི་སྒང་ན་བལྟ་གི་མེད། གཙོ་བོ་ཁོང་ཚོས་ཤེས་འཇོན་ལ་བལྟ་གི་ཡོད་ཡ། ཤེས་ཡོན་དང་འཇོན་ཐང་ལ་བལྟ་གི་ཡོད་ཡ།

  16. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-21 at 3:03 am

    མི་རིགས་སུ་ཞིག་ཡིན་ན་མི་རིགས་རང་གི་དབུ་ཁྲིད་ཞིག་འདེམས་པ་ལ་ཐོག་མར་མེད་དུ་མི་རུང་བ་ནི་མི་རིགས་དེའི་སྐད་ཡིག་ཤེས་མཁན་ཞིག་དགོས་རྒྱུ་ནི་གལ་ཆེན་ཡིན་ལ་མེད་དུ་མི་རུང་བ་ཞིག་ཀྱང་ཡིན་ན། ང་ཚོ་བོད་པ་ཚང་གི་འབྱུང་འགྱུར་གྱི་བཀའ་བློན་བོད་ཡིག་མི་ཤེས་མཁན་ཞིག་འདེམ་རྒྱུ་ཟེར་བས་སྐད་ཆ་དེ་ནི་ནོར་འཁྲུལ་ཞིག་ལས་ཁུངས་ལུང་རྒྱུ་མཚན་ལྡན་པ་གང་ཡང་རེད་མི་འདུག བོད་ཡིག་མི་ཤེས་མཁན་གྱི་བཀའ་ཁྲི་ཞིག་བོད་མི་དམངས་ཀྱི་་བདེ་སྡུག་ཤེས་མཁན་དུ་འགྱུར་རྒྱུ་ནས་བོད་མི་དམངས་ཀྱི་ཁས་ལེན་བྱེད་རྒྱུ་དཀའ་ལས་ཁག་པོ་རེད། བོད་ཡིག་ཤེས་པས་སྒང་ལ་སྐད་ཡིག་་གཞན་པ་ཤེས་ན་ནི་རབས་རེད། མ་ཤེས་ཀྱང་བོད་ཀྱི་སྣེ་ཁྲིད་བྱེད་མཁན་ཕྱི་ནང་གཉིས་ཀ་ལ་ཐུགས་བཀུར་བྱེད་ཐུབ་པ་ནས་་ཕྱག་ལས་གནང་ཐུབ་མཁན་ཞིག་བྱུང་ན་དེ་ནི་ངེད་ཅག་བོད་མི་ཚང་ལ་དགོས་པ་རེད་ལ། བཀའ་བློན་དེའི་དབྱིན་ཡིག་མ་ཤེས་ཀྱང་དབྱིན་ཡིག་དང་སྐད་ཡིག་གཞན་གྱི་སྐད་བསྒྱུར་བ་ལག་ཐོག་མི་དགོས་པས་ཚོད་དུ་རེད། དེ་མིན་བོད་ཡིག་མི་ཤེས་པས་བཀའ་བློན་ཁྲི་བ་ཞིག་བྱུང་ཉིན། བོད་མི་དམངས་དང་བཀའ་བློན་བར་འབྲེལ་ཐག་གཙོ་བོ་བརླག་པ་རེད།

  17. karchen says:
    2008-12-21 at 8:22 am

    ངས་བདམས་མ་པའི་བཀའ་ཁྲིའི་འོས་མི་འདི་གསུམ་གྱིས་བོད་ཡིག་མཁྱེན་གི། བོད་སྐད་ཤེས་གི། བོད་གཞུང་གི་ཡིག་ཆ་འདྲ་བོ་བོད་ཡིག་གི་ནང་ལ་ཡོད་པ་དེ་ཚོར་གོ་བ་རྒྱག་ཐུབ་མཁན་དེ་འདྲ་རེད་འདུག བོད་ཡིག་ཤེས་མི་ཤེས་ཀྱི་ཕྱོགས་སེམས་ཁྲལ་དགོས་ཀྱི་མི་འདུག འོན་ཀྱང་། ཁོང་ཚོ་བོད་ཡིག་ལ་མཁས་བ་དེ་འདྲ་མ་རེད།

  18. karchen says:
    2008-12-21 at 8:24 am

    ངས་བཀའ་བློན་ཁྲི་བའི་འོས་མི་ལ་ཚང་དགོས་བའི་སྐྱ་ཐིག་ཞིག་འཐེན་ཡོད། སྐྱ་ཐིག་དེའི་ནང་གི་ཚང་མ་མ་ཚང་ན་ཡང་། འགའ་ཤས་ཚང་དགོས་ཀྱི་གལ་ཆེན་པོ་མ་རེད་དམ།

  19. dawa says:
    2008-12-21 at 8:31 am

    བཀའ་བློན་ཁྲི་བའི་འོས་མི་གཞན་མང་པོ་ཡོད་རེད་། ཚང་མས་བསམ་བློ་བཏང་ནས། སོ་སོའི་འོས་མི་འཁྱོར་ཤོག

  20. ཟླ་བ། says:
    2008-12-21 at 9:09 am

    བཀའ་བློན་ཐུབ་བསྟན་ལུང་རིགས་དང་རྔ་བ་ཚེ་རྒྱམ། སྤེན་པ་ཚེ་རིང་།ཐེངས་འདིའི་བཀའ་ཁྲིར་ཨ་མདོ་ཞིག་འདེམས་དགོས།
    སྔོན་མ་རྒྱ་ལོ་དོན་གྲུབ་ཀྱི་རྐུབ་སྟེགས་གཞན་གྱིས་འཕྲོགས་པ་རེད།

  21. རིན་པོ་ཆེ། says:
    2008-12-21 at 9:12 am

    ཨ་མདོ་བར་ང་གཏན་ནས་འཐད་པ་མེད། འོན་ཀྱང་། མི་འཇོན་ཐང་ཅན་ཞིག་ཡོད་ན་ཆོལ་ཁ་ལ་ཁྱད་པར་མི་འདུག ཚང་མས་བུད་མེད་ཞིག་འདེམས་ཐུབ་མིན་ལ་བལྟ་རོགས་གནང་།
    བུད་མེད་ཨ་ནེ་བྱུང་ན་ཡང་འགྲིག་གི་རེད།

  22. kunchok says:
    2008-12-21 at 11:51 am

    ངོ་མ་བཤད་ན། ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་འཁྱེར་ནས་བོད་དོན་བཤད་ཁུལ་སུས་བྱས་ན་ངས་མཐའ་གཅིག་ཏུ་ངོ་རྒོལ་ཡོད། མི་དེའི་རིགས་གང་ལ་ཡོད་ན་ཉམས་ཞོགས་མ་གཏོགས་སེམས་ཤུགས་ཡོད་ཁུལ་བྱས་ནས་དོན་དུ་གཏོར་བཤིག་གཏོང་གི་རེད། འབྱུང་འགྱུར་གྱི་བཀའ་ཁྲིར་ཤེས་འཇོན་ལྷག་བསམ་གྱིས་ཕྱུག་པའི་བོད་རིགས་སུ་བྱུང་ན་འགྲིག་གི་མ་རེད་དམ།

  23. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-21 at 1:27 pm

    ཆོལ་ཁ་ཆོས་ལུགས་ལ་དབྱེ་བ་མེད་པ་བྱེད་རྒྱུ་དེ་ནི་གཙོ་བོ་ལོས་ཡིན། དེ་ལས་གལ་ཆེན་ཞིག་ངེད་ཅག་ལ་མེད། ཡིན་ཡང་། མི་ཁ་ཤས་ཀྱི་ཨ་མདོ་བ་མི་དགོས་ཟེར་ནས་བཤད་ཀྱི་འདུག འདི་ག་འདྲ་ཡིན་ན། འདིས་ཆོལ་ཁ་ཆོས་ལུགས་ལ་དབྱེ་བ་ཕྱེ་བཞིན་ཡོད་པ་མ་རེད་དམ། མི་འདི་འདྲ་ནི་ལྟས་ངན་རང་རེད། ད་དུང་རང་གིས་མིང་ལ་རིན་པོ་ཆེས་ཡིན་ན་ཞིག་བཏགས་ནས་དེ་ལས་བཙོག་པ་རིན་པོ་ཆེ་ཟེར་ནས་མིང་དེ་རིང་ཞིག་བཏང་ཡོད་རྒྱུ་ན་སྐད་ཆ་དེ་དང་བཅས་ཆ་ཚང་བ་ཞིག་འདུག མི་སུ་ཞིག་གིས་དེ་རིང་ནས་བཟུང་ཆོལ་ཁ་ཆོས་ལུགས་ཀྱི་དབྱེ་འབྱེད་ཡོད་པས་སྐད་ཆ་བཤད་མཁན་དག་ནི་བོད་ཟེར་བས་མི་རིགས་དེ་ལ་གཏོར་བཤིག་གཏོང་མཁན་ལས་ཤེས་འཇོན་དང་ལྷག་བསམ། ཉམ་མྱོང་དང་བསམ་ཤེས་ཡོད་མཁན་དེ་འདྲ་ཞིག་གཏན་ནས་མིན་པ་ངེད་ཅག་ལ་གསལ་བཤད་བྱས་པ་ཡིན་སྟབས། མི་དེའི་རིགས་ལ་མཐའ་གཅིག་དུ་ངོ་རྒོལ་ཡོད། མི་དེའི་རིགས་ཀྱིས་བོད་དོན་བཤད་པ་ལས་མ་བཤད་ན་ཡག་པོ་རེད། མི་དེའི་རིགས་ལ་ངེད་ཅག་ཚང་མས་གཟབ་གཟབ་གནང་དགོས་ཀྱི་འདུག བོད་ཟེར་བ་ནི་གཅིག་ལས་གཉིས་མེད། ཆོལ་ཁ་ཟེར་བ་དེ་ཡང་སོག་པོའི་ངེད་ཅག་ལ་གནང་བ་ཞིག་ལས་བོད་པ་རང་གི་མིང་ཚིགས་མིན་ལ་སོག་པོའི་བོད་པ་འདི་དབང་བསྒྱུར་བྱེད་སྐབས་ཀྱི་ངན་ཇུས་རེད། ངན་ཇུས་དེའི་འབྲས་བུ་ད་ལྟ་ཡང་སྨིན་བཞིན་ཡོད་པ་འདི་ནི་ངེད་ཅག་གི་བརྗེད་པར་བྱེད་དགོས་སོ། ཆོལ་ཁ་ཟེར་བ་ནི་སོག་པོའི་སྐད་དུ་ཚོགས་པ་ཟེར་བའི་དོན་ཡིན་པ་དྲ་གྲོགས་མང་བོ་ཞིག་གིས་ཤེས་གསལ་རེད། བྱུང་ན་ད་ནས་བཟུང་ཆོལ་ཁ་ཟེར་བས་མིང་ཚབ་དུ་བོད་ཟེར་ནས་གླེང་དགོས་པ་ནི་ཧ་ཅང་གལ་ཆེན་ཆགས་ཡོད་པ་རེད། འོན་ཀྱང་སྐབས་རེར་མ་ཁོལ་ཐབས་མེད་བྱུང་ན་མདོ་དབུས་ཁམས་གསུམ་ཟེར་ནས་བཤད་ན་མ་འགྲིག་པ་གང་ཡང་མེད་པ་རེད། མདོར་ན་བོད་ཟེར་བ་ནི་གཅིག་ལས་གཉིས་མེད། ནད་རྙིང་རིགས་འཁྲུད་དེ་མ་ཡོང་རོགས།

  24. Karchen says:
    2008-12-22 at 1:23 pm

    དྲ་གྲོགས་ཚོས་བཤད་པ་བདེན་པ་རེད་ ཆོལ་ཁ་དང་ཆོས་ལུགས་གཉིས་ཀ་མི་གཙོ་

  25. Karchen says:
    2008-12-22 at 1:35 pm

    གཙོ་བོ་ཤེས་ཡོན་དང་འཇོན་ཐང་གཉིས་གཙོ་བོ་ཡིན་ མདུན་བསྐྱོད་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ན་

  26. སྟག་སྨྱོན། says:
    2008-12-22 at 2:28 pm

    ཚོགས་གཙོ་སྤེན་ཚེ་ངོ་ནས་ཆ་རྐྱེན་ལྡན་མཁན་གྱི་མི་ཞིག་ཡིན་པ་རྒྱུས་ཕྲན་བུ་ཡོད། མ་འོངས་བཀའ་ཁྲི་ལ་འོས་པོ་མཐོང་གི། མ་ཟད་འབྱུང་འགྱུར་གྱི་ལོ་གཉིས་ནང་ཁོའི་འཇོན་ཐང་ཇེ་གསལ་དུ་འགྲོ་གི་རེད། མི་གཤིས་ནི་ཁ་སངས་པོ་དང་ཆེ་ཉམས་མི་དོད་མཁན། མཚན་དེ་འདྲ་ལ་ཡུན་རིང་པོ་ཁ་བརྡ་བྱས་ནས་འདུག་རྒྱུར་དགའ་བོ་ཡོད་མཁན་ཞིག་རེད།

  27. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-22 at 2:52 pm

    སྐར་ཆེན་ལགས། ཁྱེད་རང་ལ་ཁྱེད་རང་གི་བཤད་བཞིན་པའི་མི་དེ་འདྲ་རེ་ངོ་སྤྲོད་བྱེད་རྒྱུ་མེད་དམ། སྟག་སྨྱོན་གྱིས་རང་གི་ཤེས་ཚོད་དང་རང་ཉིད་ལ་རྒྱུས་མངའ་ཡོད་མཁན་དག་ངོ་སྤྲོད་བྱེད་ཀྱི་འདུག་ནོ་དངོས་ནས་ཡག་པོ་རེད། ཁྱེད་རང་གིས་མི་གཅིག་གཉིས་ཤིག་ངོ་སྤྲོད་བྱོས་དང་ངས་ཀྱང་ངོ་སྤྲོད་རེ་བྱེད་རྒྱུ་ཨེ་ཡོད་བལྟ། དེ་ནས་དྲ་གྲོགས་གཞན་དག་ལ་ཡང་ངོ་སྤྲོད་རེ་བྱེད་རྒྱུ་ཡོད་ངེས་རེད། དེ་ནས་ངེད་ཅག་གི་ག་ལེར་བལྟས་དེ་འདེམ་ཆོག་གི་རེད།

  28. Karchen says:
    2008-12-22 at 5:39 pm

    ངེད་ཀྱིས་བདམས་པའི་བཀའ་བློན་ཁྲི་བའི་འོས་མི་གསུམ་ནི་མཁས་དབང་བློ་བཟང་སེང་གེ་དང་བུད་མེད་འབུམ་རམས་པ་བློ་བཟང་རབ་རྒྱས་ སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གསུམ་ཡིན་ཡ

  29. Karchen says:
    2008-12-22 at 5:41 pm

    བུད་མེད་འབུམ་རམས་པ་བློ་བཟང་རབ་རྒྱས་དང་སྤེན་པ་ཚེ་རིང་གཉིས་ལ་ངེད་རང་སྒེར་གྱི་ངོས་ནང་འབྲེལ་བ་ཡོད་ལ་ཕན་ཚུན་རྒྱུས་ཡོད་ཡང་ཡིན༑

  30. སྟག་སྨྱོན། says:
    2008-12-22 at 5:49 pm

    བུད་མེད་འབུམ་རམས་པ་བློ་བཟང་རབ་རྒྱས་དང་མཁས་དབང་བློ་བཟང་སེང་གེ་ལོ་ག་ཚོད་རེད་དམ། གཞུང་གི་འཛིན་སྐྱོང་ཉམས་མྱོང་གང་འདྲ་རེད། ད་བར་དུ་བྱས་རྗེས་ཆེ་ཤོས་དང་ལས་འགན་མཐོ་ཤོས་ག་རེ་ཁུར་མྱོང་ཡོད་པ་རེད་དམ།

  31. སྟག་སྨྱོན། says:
    2008-12-22 at 5:54 pm

    ལོ་ཆེ་དྲགས་ན་འཕྲོ་བརླག་རེད། བཀའ་བློན་གྱི་ལས་ཁུར་རྫོགས་པ་དང་རྒན་ཡོལ་ལ་འགྲོ་རན་འཕྲོ་བརླག་རེད། བཀའ་བློན་གྱི་མཚན་ཐོབ་མཁན་ཞིག་ཡིན་ན་ལས་ཁུར་རྫོགས་རྗེས་མུ་མཐུད་བོད་པའི་སྤྱི་ཚོགས་ནང་ཕྱོགས་མང་པོ་ནས་ཕན་ཐོག་ཡོད་པ་རེད། དཔེར་ན་བློ་བཟང་སྙན་གྲགས་དང་ཐུབ་བསྟན་ཉིན་མ་གཉིས་བསྡུར་དང་ཤེས་སླ།

  32. སྟག་སྨྱོན། says:
    2008-12-22 at 6:04 pm

    ཉམས་མྱོང་གཙོ་བོ་རེད། མཁས་པ་ལབ་ན་བཀའ་བློན་གྱི་ཆ་རྐྱེན་ཨང་དང་པོ་ཡིན་མི་ཤེས། དགའ་ལྡན་ཁྲི་བ་མཁས་པ་ཡོད་ཀྱང་། བཀའ་ཁྲི་འཇོན་གྱི་མ་རེད།

  33. སྟག་སྨྱོན། says:
    2008-12-22 at 6:10 pm

    མཁས་པ་གྲྭ་ས་ན་མང་པོ་ཡོད་པ་རེད། བཀའ་ཁྲི་ལ་དམིགས་བསལ་ཆབ་སྲིད་དང་གཞུང་འཛིན་ཐོག་ཤེས་འཇོན་དང་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་དགོས། ལོ་ཡང་གཞོན་གཞོན་ཡིན་དགོས།

  34. Karchen says:
    2008-12-22 at 6:16 pm

    ངེད་ཀྱིས་བདམས་པའི་འོས་མི་གསུམ་པོ་གཞོན་གཞོན་རྐྱང་རྐྱང་རེད༑ ལོ་ན་བཞི་བཅུའི་ནང་རེད༑

  35. Karchen says:
    2008-12-22 at 6:22 pm

    ཛིན་སྐྱོང་གི་ཐོག་ལ་ཉམས་མྱོང་གལ་ཆེན་པོ་རེད་ཟེར་མཁན་དང་ཉམས་མྱོང་ལས་ཤེས་ཡོན་དང་འཇོན་ཐང་གལ་ཆེན་པོ་རེད་ལབ་མཁན་གྱི་རིགས་གཉིས་འདུག
    ངེད་ཀྱི་བསམ་པར་ཤེས་འཇོན་གལ་ཆེན་ལ་བརྩི་གི་ཡོད༑ ཉམས་མྱོང་ལབ་ན་རྒན་ཁོག་སླེབས་ཡོང་གི་རེད༑ བོད་གཞུང་གི་དཀྱིལ་འཁོར་ནང་ལ་ཉམས་མྱོང་ཡོད་མཁན་དེ་ཚོ་གཞུང་ཞབས་རྒན་པ་དེ་ཚོ་རེད༑་ རྒན་པ་ཞིག་བདམས་ན་ཉམས་མྱོང་ཐོག་ལ་ཡག་པོ་ཡོད་སྲིད་༑ འོན་ཀྱང༑ ང་ཚོར་དགོས་རྒྱུའི་མ་འོངས་བའི་བཀའ་ཁྲི་དེ་མདུན་བསྐྱོད་པ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད་འདུག

  36. Karchen says:
    2008-12-22 at 6:25 pm

    ཨ་རིའི་སྲིད་འཛིན་ལྟ་བུར་ཉམས་མྱོང་མེད་མཁན་སླེབས་ཡོང་གི་འདུག་ག ཡིན་ན་ཡང༑ འཇོན་ཐང་དང་ཤེས་ཡོན་ཡོད་མཁན་དེ་འདྲ་རེད༑
    བཀའ་ཁྲི་དེ་ཤེས་འཇོན་ཡོད་པ་ཞིག་བདམས༑ ཁོང་གི་ལས་རོགས་དེ་ཚོའི་ནང་ལ་ཉམས་མྱོང་ཡོད་མཁན་བླངས་ན་འགྲིག་གི་མ་རེད་དམ༑

  37. རིན་པོ་ཆེ says:
    2008-12-22 at 8:12 pm

    སུ་གང་ལ་ཡང་བཀའ་བློན་ཁྲི་བ་ཚད་ལྡན་ཞིག་སྟོན་རྒྱུ་མི་འདུག་

  38. tsering says:
    2008-12-22 at 8:16 pm

    བཀའ་བློན་ཁྲི་བར་རྒྱལ་རི་བླ་གྲོས་རྒྱལ་མཚན་ཆགས་རྒྱུ་ཉག་གཅིག་རེད

  39. ཀླུ་སྨྱོན། says:
    2008-12-22 at 10:06 pm

    ད་ཡང་བཤད་བཤད་པ་མ་གཏོགས་འདི་ཡང་འགྲིག་གི་མི་འདུག དེ་ཡང་འགྲིག་གི་མི་འདུག་གཉིས་རེད་འདུག ད་ཨོ་ན་མ་འོངས་པའི་བཀའ་ཁྲི་དེ་ཡང་༧གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་བསྐོ་འཇོག་གནང་ན་ག་འདྲ་རེད། དེ་ལ་མི་འགྲིག་པ་གང་ཞིག་འདུག

  40. ཀླུ་སྨྱོན། says:
    2008-12-22 at 10:09 pm

    ད་ལྟ་བོད་ལ་རྒྱལ་ཁབ་ཅིག་ཡོད་ན་༧གོང་ས་མཆོག་རྒྱལ་ཁབ་དེའི་སྲིད་འཛིན་དང་པོ་དང་བཀའ་ཁྲི་སྲིད་འཛིན་གཉིས་པ་ལྟ་བུ་ཞིག་རེད། དམངས་གཙོའི་རྒྱལ་ཁབ་གང་མང་ཞིག་ཏུ་སྲིད་འཛིན་དང་པོས་རང་གི་དབང་ཆ་བེད་སྤྱོད་ཀྱིས་སྲིད་འཛིན་གཉིས་པ་བདམས་ཆོག་པ་བཞིན། ༧གོང་ས་མཆོག་གིས་ཀྱང་རང་གི་སྐུ་དབང་བེད་སྤྱོད་ཀྱིས་བཀའ་ཁྲི་ཞིག་བདམས་ན་མི་འགྲིག་པ་ཅི་ཞིག་ཡོད་ཨང་།

  41. ཀླུ་སྨྱོན། says:
    2008-12-22 at 10:10 pm

    ༧གོང་ས་མཆོག་གིས་རང་གི་མ་འདས་སྤྲུལ་སྐུ་འདེམ་ཐུབ་ས་ཞིག་ནས་བོད་ཀྱི་བཀའ་ཁྲི་བདམ་མི་ཐུབ་པ་ཞིག་མཐོང་གི་མི་འདུག

  42. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-23 at 3:22 am

    ཀླུ་སྨྱོན་ལགས། ༧གོང་ས་མཆོག་གིས་མ་འདས་སྤྲུལ་སྐུ་འདེམ་ཐུབ་ས་ཞིག་ནས་ཟེར་བ་དེ་ནི་ཁུངས་ལུང་ཡོད་པ་ཞིག་ཡིན་ནམ། ༧གོང་ས་མཆོག་གིས་མ་འདས་སྤྲུལ་སྐུ་འདེམ་རྒྱུར་མི་དམངས་ལ་གསལ་བསྒྲགས་ཟིན་པ་ཡིན་ནམ། ག་དུས་རེད། ཚོགས་ཐོག་གང་རེད། ཡང་ཁྱེད་ཀྱིས་ཁ་རྫུན་ཞིག་བཤད་འདོད་པ་མིན་ན། བླ་མ་སྨན་ཐང་ལ་ཚལ་ཤིང་དམར་པོ་བཏགས་པ་བཞིན། ཚལ་ཟེར་བ་ནི་སྔོ་རིགས་ཡིན་ལ་ཤིང་ཟེར་བ་དེ་ནི་ཤིང་ཏོག་རིགས་སུ་འདུ་ན་དེ་གཉིས་ལྷན་དུ་སྤྱར་ན་བདེ་བོ་འདུག་གམ། ཁག་མེད་ཁྱེད་རང་སྔོ་རིགས་ལ་ཆ་རྒྱུས་མེད་པ་དང་བཞེས་ལག་བཟོ་བར་དེ་ལས་ཆ་རྒྱུས་མི་འདུག འཐེན་ཐུག་བཟོ་སྟངས་ལ་བལྟས་ན་ཤེས་ཀྱི་འདུག

  43. karchen says:
    2008-12-23 at 6:47 am

    མང་གཙོའི་རྒྱལ་ཁབ་གང་མང་ཞིག་ཏུ་མི་མང་གིས་འོས་བདམས་བྱས་བའི་རྒྱལ་ཁབ་ཀྱི་སྲིད་འཛིན་དེས་རང་གི་ལས་གྲོགས་བློན་ཆེན་རྣམས་དང་སྲིད་འཛིན་ཟུར་བ་འདེམས་ཆོག་གི་ཡོད་རེད༑ འདི་ནི་སྲིད་འཛིན་ལམ་ལུགས་ཀྱི་མང་གཙོའི་རྒྱལ་ཁབ་ཁག་ཏུ་རེད༑ དཔེར་ན༑ ཨ་རི་ལྟ་བུ༑ འོན་ཀྱང་༑ ༧གོང་ས་མཆོག་གི་ཡེ་ཤེས་དབྱིངས་དཔྱད་འདི་གཉིས་ལོགས་ཀ་རེད༑

  44. karchen says:
    2008-12-23 at 6:52 am

    གལ་སྲིད་༧གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་སྒོ་ནས་མ་འོངས་བའི་བཀའ་ཁྲི་བདམས་པ་ཡིན་ན༑ ངེད་ཀྱི་བཀའ་ཁྲི་དེ་བློ་བཟང་སེང་གེ་དང་བློ་བཟང་རབ་རྒྱས༑ སྤེན་པ་ཚེ་རིང་གསུམ་མིན༑ ཨ་ལགས་ྐླུ་སྨྱོན་ཡིན༑ ངེད་ཀྱི་བཀའ་ཁྲིའི་ཐོག་མའི་ཆ་རྐྱེན་ཡང་སྔོ་ཚལ་གཏུབ་ཤེས་པ་དང་འཐེན་ཐུག་བཟོ་མཁན་ཞིག་དགོས་རྒྱུ་དེ་ཡིན༑ མ་རེད་དམ་དྲ་གྲོགས་རྣམས༑

  45. སྟག་སྨྱོན། says:
    2008-12-23 at 7:17 am

    སྐར་ཆེན་ལགས་མགོ་བདེ་བོ་འདུག ཁྱེད་ཀྱིས་མི་གསུམ་ལ་རྒྱབ་སྐྱོར་གཅིག་མཚུངས་བྱས་པ་ཡིན་ན་བཀའ་བློན་ཁྲི་བ་གཅིག་འདེམས་ཁག་པོ་རེད། མི་དེ་གསུམ་ལས་སུ་ལ་ཐོབ་ནའང་ཁྱེད་ལ་ཁྱད་པར་མེད་ཟེར་གྱི་ཡོད་དམ། ཡང་ན་དེ་གསུམ་ལས་ཀྱང་འོས་ཤོས་སུ་རེད་འདུག་གམ།

  46. karchen says:
    2008-12-23 at 7:29 am

    མི་གསུམ་དེའི་ནང་ནས་སུ་ལ་ཐོབ་ཀྱང་ངེད་ལ་ཁྱད་མེད༑ དེ་ཚོའི་ནང་གི་གཅིག་ལ་འཐོབ་རྒྱུ་ངེད་ཀྱི་རེ་བ་ཡིན༑

  47. སྟག་སྨྱོན། says:
    2008-12-23 at 7:49 am

    ད་དུང་ཁྱེད་ཀྱི་སེམས་པ་གཙང་མ་རེད་མི་འདུག

  48. སྟག་སྨྱོན། says:
    2008-12-23 at 8:02 am

    གལ་སྲིད་མཐའ་མའི་འོས་འགྲན་ནང་གོང་གི་ཁྱེད་ཀྱི་མི་གསུ་ལས་གཉིས་སླེབས་པ་ཡིན་ན། ཁྱེད་ལ་འོས་གཅིག་གི་ཐོབ་ཐང་ལས་མེད་པས་སུ་ལ་འོས་འཕེན་གྱི་ཡིན་ནམ།

  49. མཁར་འཕགས says:
    2008-12-23 at 10:39 am

    ༄། བཀའ་ཁྲི་ལ་དམིགས་བསལ་ཆབ་སྲིད་དང་གཞུང་འཛིན་ཐོག་ཤེས་འཇོན་དང་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་དགོས། ལོ་ཡང་གཞོན་གཞོན་ཡིན་དགོས། དེ་༧གོང་ས་མཆོག་གི་དགོངས་གཞི་རེད་ལ།་ བོད་མི་དམངས་ཡོངས་གི་རེ་བ་རད་་ ང་ཡང་དེ་དང་གཅིག་་མཚུངས་ཡིན་་
    ་བློ་བཟང་སེང་གེ་དང་བུད་མེད་འབུམ་རམས་པ་བློ་བཟང་རབ་རྒྱས་ སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ཟེར་བ་ཚོའི་ བཀའ་ཁྲི་མགྱོན་གིས་ཡང་མ་རེད་་
    གལསྲིད༧གོང་ས་མཆོག་གིས་མ་འདས་སྤྲུལ་སྐུ་དང་བཀའ་ཁྲི་མགྱོན་པ་ཞིག་དགོས་ན་
    ༧གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་སྒོ་ནས་མ་འོངས་བའི་བཀའ་ཁྲི་བདམ་པ་ཡིན་ན་
    བཀའ་ཁྲི་དེ་ངོ་མ་རེད་ དེས་མགྱོན་གིས་རེད་ལ་ བོད་མི་དམངས་ཡོངས་བློ་བདེ་བོ་ཡོང་གི་རེད་
    གཞན་ཨམ་མདོ་ཚོའི་ཨམ་མདོ་རེ་གདམ་ དབུས་གཙང་ཚོའི་དབུས་གཙང་རེ་གདམ་ ཁམས་པ་ཚོའི་ཡང་ཁམས་པ་རེ་གདམ་གི་རེད་ བོད་མི་དངམས་ལ་བསམ་ལོ་གཏོང་གི་མ་རེད་ དེ་ངའི་སེམས་ཁོངས་ནས་ཤོར་བའི་འབོད་སྒྲ་ཡིན་་་་་་་་་་་་་་་་

  50. མགོན་པོ་ཕྱག་གཉིས་པ། says:
    2008-12-23 at 12:03 pm

    ༧རྒྱལ་བ་རིན་པོ་ཆེས་ང་ཚོ་གོམ་པ་གང་རེ་གང་རེ་བྱས་ནས་དམངས་གཙོའི་ལམ་དུ་བོང་བུ་དར་ཐོག་ཏུ་ཁྲིད་པ་བཞིན་བྱས་ནས་ཁྲིད་ཡོང་པ་རེད། ཡེ་ཤེས་དབྱིངས་དཔྱད་ཀྱི་རིགས་ཉུང་དུ་བཏང་བ་དང་མི་མང་གི་འོས་འདེམས་ལམ་ནས་ཐག་གཅོད་བྱེད་པ་མང་དུ་བཏང་བ་དེ་ཚོ་དེའི་དཔེ་མཚོན་ཞིག་རེད།
    ད་ཆ་ཁོང་ལ་གཉེན་ལ་ངོམ་རྒྱུ་དང་དགྲ་ལ་འཕྱར་རྒྱུ་ཞིག་སྟེ་ཡང་ཡང་དམངས་གཙོའི་རྒྱལ་ཁབ་ཁག་ནང་གསུང་དགའ་བའི་ཚིག་ཅིག་ཡོད་པ་ནི་བཀའ་བློན་ཁྲི་པ་མི་མང་གིས་འདེམས་པ་དེ་དང་ཁོང་ཕྱེད་ཀ་ལས་མེད་ཡིན་གསུངས་པ་དེ་རེད། ཉེ་སྔོན་ད་རུང་བཀའ་བློན་ཁྲི་པ་ངའི་འགན་འཛིན་རེད་གསུངས་ནས་བཞད་མོ་བཞད་ཀྱི་འདུག
    ཁྱེད་ཚོ་རེ་ཟུང་ཞིག་ནས་རྒྱལ་བ་རིན་པོ་ཆེ་གྲོངས་རག་བར་དུ་ཡེ་ཤེས་དབྱིངས་དཔྱད་བྱེད་འཇུག་འདོད་ཡོད་པ་འདྲ། དམངས་གཙོར་དགའ་བའི་རྒྱལ་བ་རིན་པོ་ཆེ་དེ་ཕྱིའི་མཐོང་སྣང་ལ་སྲིད་དབང་སྒེར་འཛིན་པ་ཞིག་གི་ངོ་བོར་བསྒྱུར་འདོད་ཡོད་པ་འདྲ། ཁོང་གྲོངས་པའི་རྗེས་བོད་མི་མང་དཀའ་རྙོག་གསར་པ་ཞིག་ནང་གཡུགས་འདོད་ཡོད་པ་འདྲ། ད་བར་ཐབས་ཤེས་རིམ་པར་འཐེན་ནས་འགྱུར་བ་བཏང་ཚར་བ་ཞིག་ལ་ད་ཡང་སྐྱར་རྒྱབ་བཤིག་བྱེད་འདོད་ཡོད་དམ།

  51. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-23 at 12:12 pm

    བོད་ཀྱི་བདེ་སྡུག་ཡོད་ཚད་ལ་བོད་མི་དམངས་ཀྱི་འགན་ཆགས་མིན་དེ་ནི་བོད་མི་དམངས་ལ་བོད་མི་དམངས་ལ་འགན་འཁུར་བས་བསམ་བློ་གཏོང་བས་ནུས་པ་དེ་བྱུང་ཉིན་ཡིན་ལ། བོད་མི་དམངས་ཀྱིས་བོད་ཟེར་བ་འདི་ནི་གཅིག་ལས་གཉིས་མེད་པ་དང་། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་དང་བྲལ་ཉིན་བོད་ལ་བཀའ་བློན་ཁྲི་བ་བོད་ཀྱི་དགོས་འདུན་ལ་མདུན་བསྐྱོད་བྱེད་ཐུབ་མཁན་ཞིག་ཡོང་ངེས་ཡིན་པ་ལས། ད་ལྟ་གླེང་བཞིན་པས་མི་འདི་དག་གིས་བོད་མི་དམངས་ཀྱི་བདེ་སྡུག་ལ་འགན་ཆགས་མི་ཆགས་ཁོ་ཐག་ཡིན།

  52. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-23 at 12:35 pm

    འགན་མི་ཆགས་ཁོ་ཐག་ཡིན། འོན་ཀྱང་། བོད་ལ་བཀའ་བློན་ཁྲི་བ་ནི་མེད་དུ་མི་རུང་བ་ཡིན། དེའི་ཕྱོགས་སུ་མི་དམངས་ལ་གོ་རྟོགས་བཟང་བོ་ཞིག་སྤེལ་ཐབས་བྱེད་རྒྱུ་ལས། རང་རང་གི་དགའ་ཕྱོགས་རྐྱང་རྐྱང་གླེང་ན་ནམ་ཡང་བོད་ལ་ཤ་ཚ་བས་མི་ཞིག་ཁག་པོ་རེད།

  53. མགོན་པོ་ཕྱག་གཉིས་པ། says:
    2008-12-23 at 12:42 pm

    བཀའ་ཁྲི་སྔོན་མ་དེ་ཡང་མི་མང་གིས་འདེམས་ཡོང་པ་རེད། ཆོལ་ཁ་གསུམ་གྱི་མི་མང་མང་ཆེ་བས་ཁམས་མཐའ་ཁུལ་རྒྱལ་ཐང་ཕྱོགས་ཀྱི་མི་ཞིག་བཀའ་ཁྲིར་འདེམས་ཡོང་བ་རེད། དེ་ཡིན་ན་མཁར་འཕགས་ཁྱེད་རང་དོགས་པ་རྣམ་རྟོག་ཞེ་དྲག་བྱེད་དགོས་དོན་མི་འདུག ངའི་ཕ་ཡུལ་དུ། མི་རྣམ་རྟོག་ཅན་ལ་འདྲེ་དགུ་འཁོར་ཟེར་བའི་གཏམ་དཔེ་ཞིག་ཀྱང་ཡོད་པས་དེ་དོན་སེམས་ལ་ཉོར།

  54. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-23 at 12:51 pm

    འདྲེ་འཁོར་ན་སྐྱོན་ནི་མ་རེད། མགོན་པོ་ཕྱག་གཉིས་ལྟ་བུ་སྲུང་མ་བཙན་པོ་ཞིག་ཡོད་སྟབས། སེམས་བདེ་མོ་བྱོས་ན་འགྲིག་གི་རེད། ང་རང་ལ་དོགས་པ་རྣམ་དོགས་མེད་ཟེར་མཁན་གྱི་མི་ཞིག་འཇིག་རྟེན་འདིར་རྙེད་ཁག་པོ་རེད། གལ་ཏེ། དོགས་པ་རྣམ་དོག་མེད་མཁན་གྱི་མི་ཞིག་ཡོད་ན་དེ་ནི་ངེད་ཅག་གི་དྲ་ཚིགས་འདི་ལྟ་བུ་ལ་ཞུགས་ནས་ཉིན་མ་སྟོང་གཟད་དང་དུས་ཚོད་འཕྲོ་བརླག་གི་སྐད་ཆ་འདི་འདྲ་བཤད་ནས་འདུག་ནི་མ་རེད། སྐད་ཆ་འདི་ཚོ་བཤད་མཁན་ནི་ངེད་ཅག་ལྟ་བུ་དོགས་པ་རྣམ་དོག་ཡོད་མཁན་གྱི་གང་ཟག་ཚོས་གླེང་གཞི་རེད། དོགས་པ་རྣམ་དོག་མེད་མཁན་ཞིག་མགོན་པོ་ཕྱག་གཉིས་བས་རྙེད་ན་ནི་ངེད་ཅག་ལ་འཚམ་སྤྱོར་གནོང་དང་དེ་ནི་བཀའ་ཁྲི་ལ་ཕེབས་པར་རེ་སྐུལ་བྱས་ན། མི་དེའི་རིགས་ཀྱི་བོད་མི་དམངས་མི་བསླུ་ཁོ་ཐག་ཡིན།

  55. karchen says:
    2008-12-23 at 4:24 pm

    གལ་སྲིད་མཐའ་མའི་འོས་འགྲན་ནང་གོང་གི་མི་གསུམ་ལས་མི་གཉིས་སླེབས་པ་ཡིན་ན༑ ངས་ཐོག་མར་མི་གཉིས་སླེབས་སྟངས་ལ་བལྟ་གི་ཡིན༑ མི་གཉིས་ལས་གཅིག་ཕོ་དང་གཅིག་བུད་མེད་ཡིན་ན༑ བུད་མེད་དེ་འདེམས་ཀྱི་ཡིན༑ གཉིས་ཀ་ཕོ་ཡིན་ན༑ ཁོང་གཉིས་ལ་བོད་རྒྱའི་འབྲེལ་མོལ་དང་འབྲེལ་བའི་སྐོར་ནས་ཡིག་ཚད་ཞིག་གཏོང་གི་ཡིན༑ ཡིག་ཚད་དེ་མཁས་བའི་ལྷན་ཚོགས་ཞིག་ལ་ཕུལ་ནས་བརྒྱ་ཆ་སྤྲོད་འཇུག་གི་ཡིན༑ དེ་ནས་ཁོང་གཉིས་བཙན་བྱོལ་གྱི་གཞིས་ཆགས་ཁག་ལ་བསྐྱོད་ནས་མི་མང་དང་མཉམ་དུ་དྲི་བ་དྲིན་ལན་བྱེད་འཇུག་གི་ཡིན༑ དེ་ནས་ད་དུང་ལས་གཞི་མང་པོ་ཡོད༑

  56. karchen says:
    2008-12-23 at 4:26 pm

    ནོར་བཅོས༑ དྲིས་ལན༑

  57. ཀླུ་སྨྱོན། says:
    2008-12-23 at 4:26 pm

    ཉིད་ཀྱི་ཤད་ཚང་མ་རིན་ཆེན་སྤུངས་ཤད་ཡིན་དོན་ཅི་རེད།

  58. ཀླུ་སྨྱོན། says:
    2008-12-23 at 4:27 pm

    རིན་ཆེན་སྤུངས་ཤད་གང་ཞིག་ཏུ་འབྲི་དགོས་ལུགས་ཨ་ལགས་ཚེ་ཏན་ཚང་གིས་སྒྲ་རིག་ཕྱེ་མ་ལེབ་ཀྱི་གཤོག་རླབས་སུ་གསུངས་མི་འདུག་གམ།

  59. སྟག་སྨྱོན། says:
    2008-12-23 at 4:29 pm

    སྐར་ཆེན་དུས་བབ་ཚང་ལ་གི་སྤྱོད་ལུགས་མ་འདྲ་བ་ཞིག་ཡོད་པ་ནང་བཞིན་ཉིད་ཀྱིས་རིན་ཆེན་སྤུངས་ཤད་བཀོལ་སྟངས་གང་ཡིན་ཡིན་ནམ། གློག་ཀླད་ཀྱི་སྐྱོན་ནམ། གོང་གི་ལན་དེ་སྤྱང་པོ་བརྒྱབ་འདུག

  60. སྟག་སྨྱོན། says:
    2008-12-23 at 4:32 pm

    སྐུ་སྨྱོན་ངེད་གཉིས་དེ་རིང་ལྟ་བ་མཐུན་པ་འདྲ་བྱས་འདུག། སྐ་ཆ་ཁ་ཤས་ཤིག་གིས་ཁོའི་ཁ་སྔ་འདུག

  61. karchen says:
    2008-12-23 at 4:42 pm

    ཨ་ལགས་རིན་པོ་ཆེ་ ངེད་ཀྱི་གློག་ྐླད་ལ་མགོ་ནད་ཞིག་བྱུང་ནས་ཤད་རེག་གི་མི་འདུག དེར་བརྟེན་ ངས་རིན་ཆེན་སྤུངས་ཤད་བེད་སྤྱོད་བྱས་བ་ཡིན་
    ངས་ཀྱང་ཤད་བཙལ་བཞིན་པའི་སྒང་ཡིན་ཡ་ འོན་ཀྱང་ རྙེད་རྒྱུ་ཁག་པོ་ཡིན་པ་འདྲ་ ཁྱེད་ལ་ཐབས་ཤེས་འདྲ་ཡོད་དམ

  62. ཀླུ་སྨྱོན། says:
    2008-12-23 at 4:43 pm

    ས་ཆ་འདི་ལ་ད་དུང་ཁ་བ་འབབ་བཞིན་འདུག་ལ་མུ་མཐུད་རྒྱུའི་ཉེན་བརྡ་འདུག་པས། སྟག་སྨྱོན་ས་འདི་ཞིག་ན་ཡོད་ཚེ་རྡུང་རེས་གཡུག་རེས་ཡིད་ཚིམ་པ་ཞིག་བྱེད་ཐུབ་པ་ཡིན་ན་གཟུགས་པོར་དྲོད་རེ་སྐྱེ་ས་རེད། དེ་མིན་དེ་རིང་རྩ་ལམ་ཚང་མ་རློན་པ་ཆགས་ནས་གཏུམ་མོའི་མེ་དེ་ཡང་འབར་གི་མི་འདུག

  63. ཀླུ་སྨྱོན། says:
    2008-12-23 at 4:46 pm

    གློག་ཀླད་མང་ཤོས་ཀྱི་ནང་འཇུག་གི་ཐད་ཀའི་མཐེབ་རྡོག་ངོས་སུ་ཚེག་གཉིས་གོང་དང་གཅིག་འོག་ཏུ་ཡོད་པ་དེ་ཡིག་གཟུགས་འདིའི་ཤད་རེད།

  64. karchen says:
    2008-12-23 at 4:49 pm

    དྲ་གྲོགས་གཉིས་ལ་ཐབས་ཤེས་འདྲ་ཡོད་དམ

  65. སྟག་སྨྱོན། says:
    2008-12-23 at 5:05 pm

    http://www.tibettimes.net/blogs.php?id=28&post_id=317 འདི་ནང་གཟིགས་དང་ཕན་སྲིད། ངས་དབུ་ཁྱུད་འདི་སྟངས་འདི་ནས་སྦྱང་ཡིན།

  66. སྟག་སྨྱོན། says:
    2008-12-23 at 5:07 pm

    ཁྱོད་ཀྱི་དེ་ཧི་མ་ཅལ་གི་ཡིག་གཟུགས་རེད་པས།

  67. ཀླུ་སྨྱོན། says:
    2008-12-23 at 5:18 pm

    སྟག་སྨྱོན་གྱིས་དྲངས་པའི་ངོ་སྤྲོད་དེ་བཞིན་ཉ་ཡིག་གི་ཀླད་དུ་ཡོད་པ་དེ་རེད།

  68. karchen says:
    2008-12-23 at 5:23 pm

    ངེད་ཀྱིས་ཧི་མ་ལ་བེད་སྤྱོད་གཏོང་གི་མེད་ གཡུ་མཚོ་བེད་སྤྱོད་གཏོང་གི་ཡོད་
    ཧི་མ་ལ་ཡར་བསྒྱུར་བྱེད་ཀྱི་ལག་ཆ་དམིགས་བསལ་ཞིག་ཡོད་ ལག་ཆ་དེས་སྐར་ཆ་གཉིས་ཀྱི་ནང་ལ་གཡུ་མཚོ་དང་སྨོན་ལམ་གང་རུང་ནས་ཧི་མ་ལ་ཡར་བསྒྱུར་ཐུབ་ཀྱི་ཡོད་

  69. ཀླུ་སྨྱོན། says:
    2008-12-23 at 5:47 pm

    ཁྱོད་ཀྱི་ལག་ཆ་དེས་པཎཌིཏ་ཡང་བསྒྱུར་ཐུབ་ཀྱི་ཨེ་ཡོད། ཡོད་ན་ཇི་ལྟར་སྒྱུར་ལུགས་རེ་གསལ་བཤད་ཡོད་པ་ཞུ། ངས་མང་པོ་ཞིག་པཎཌིཏའི་ནང་བྲིས་ཡོད་ཀྱང་བསྒྱུར་མ་ཐུབ་པར་ལྷགས་བསྡད་ཡོད། ཁ་སྔོན་དྲ་གྲོགས་ཤིག་གིས་བསྒྱུར་སྟངས་ཤིག་ངོ་སྤྲོད་བྱས་སོང་སྟེ་དབང་པོ་རྟུལ་དྲགས་ནས་བསྒྱུར་ཐུབ་མ་སོང་།

  70. karchen says:
    2008-12-24 at 8:30 am

    ཨ་ལགས་ དགོངས་དག མདང་དགོང་ང་གཉིད་ཤོར་ནས་ཁྱེད་ཀྱི་དྲི་བར་ལན་རྒྱག་ཐུབ་མ་སོང་ ངེད་ཀྱི་ལག་ཆ་དེས་བསྒྱུར་ཐུབ་ཀྱི་མི་འདུག

  71. ᫙᪠་᫕᪣ᨕ᫙ says:
    2008-12-24 at 3:51 pm

    ᪠᩶ᨓ་᪱ᨕ་᫗ᨑ᪄་᪄

    second check!!!

  72. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-24 at 5:00 pm

    འདིས་གོང་དུ་རྡོ་ཁང་གྲུབ་བཞི་ཞིག་བརྩིགས་འདུག་པ་འདི་སུ་ཡིན། ཡིག་གཟུགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་ན་yalasooདེའི་ནང་དུ་སོང་དང་ཐབས་ཤེས་རེ་རེག་སྲིད་ངེས།

  73. བོད་པ་ཚང༌། says:
    2008-12-25 at 4:36 am

    འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་དེ་ཀིརྟི་སྒྲོལ་དཀར་ལྷ་མོའམ། འཁོར་ལྷ་བསོད་ནམས་སྟོབས་རྒྱལ་གཉིས་གང་རུང་ཞིག་བསྐོས་ན་བསམ།

  74. དགུ་རོང་གྲུབ་ཆེན། says:
    2008-12-25 at 1:32 pm

    ད་ལྟའི་དུས་འདིར་རྒྱ་རི་ལས་འོས་པ་སུ་ཡང་མེད། རྒྱ་རིར་བཀའ་ཁྲི་ལ་ཚང་འོས་པའི་ཆ་རྐྱེན་ཚང་མ་ལྡན།

  75. སྟག་སྐྱ་ལི། says:
    2008-12-26 at 1:07 pm

    ཨ་ཁུ་སྟོན་པའི་རྟ་སྒྲོ་དགོས་ན་ཨ་ལགས་ཟམ་གདོང་སླར་ཡང་སྐོས༎
    ཕར་སྤྲོད་ཚུར་ལེན་རང་ལུགས་འདོད་ན་ཕ་རྒན་རྒྱལ་ལོ་རྒྱལ་སར་ཞོགས༎
    རྒྱ་རག་བོད་རག་བྲོ་བ་མྱོང་ནས་རང་བཙན་ཐོབ་ན་རྒྱ་རི་འོས༎
    སྐུ་ངོ་སྐུ་དྲག་རིགས་ལ་དགའ་ན་སྐུ་ངོ་བཀྲས་མཐོང་སླར་ཡང་གདོམས།༎

  76. བེ་རི་འཇིགས་མེད་ says:
    2008-12-26 at 10:34 pm

    འབྱུང་འགྱུར་བཀའ་བློན་ཁྲི་བའི་ཐོག་ཁྱོད་ཀྱིས་ཐུགས་བསམ་གཏིང་ཟབ་གནང་འདུག ཁྱོད་ཀྱི་དགོངས་འཆར་འདི་དུས་ཚད་མི་ཆད་པའི་དྲྭ་རྒྱ་བ་ཚོ་གཅིག་དང་ཉེ་རིང་ཆགས་སྡང་གིས་བཟི་བའི་དཔྱོད་བརྗོད་པ་ཁག་གཅིག་གི་འགྲན་བརྗོད་དང་མི་འདྲ་བར་བསམ་བློ་ཞིག་ངེས་པར་དུ་གཏོང་རྒྱུ་འདུག ཁྱོད་ཀྱིས་བདམས་པ་དེ་དག་གི་སྒང་ལ་ངས་གཅིག་སྣོན་གི་ཡིན། དེ་ནི་ད་ལྟར་དྷ་སར་ཡོད་པའི་འཆར་འགོད་འགན་འཛིན་དཀོན་མཆོག་བརྩོན་འགྲུས་ཡིན། ཁོང་རྒྱ་གར་ནས་མཐོ་སློབ་ཐོན་རྗེས་རང་གཞུང་གིས་འཇའ་མན་དུ་འཆར་འགོད་རིག་གཅིག་རྐང་འཛིན་ཆེད་མངགས་བཏང་གནང་མཛད་པ་ལྟར། མི་ལོ་ཧྲིལ་པོ་ལྔར་བསླབ་ནས་འབུམ་རམས་པ་ཐོན་པ་དང་ཐད་ཀར་རྒྱ་གར་དུ་ཡོང་ནས་ད་ལྟའི་བར་འཆར་འགོད་ཀྱི་ཕྱག་ལས་ལོ་བཅུ་ལྷག་གནང་ཚར་བ་རེད། དེང་སང་གི་མི་ཁག་གཅིག་ལྟར་འབུམ་རམས་པ་ཐོན་རྗེས་ཕྱི་རྒྱལ་ནས་ལས་ཀ་ཞིག་འཚོལ་ནས། སྐབས་འགར་བཙན་བྱོལ་ནས་རྫིག་པོ་འདྲ་བཤད། ཁ་འདྲ་བཏང་ནས་བསྡད་ན་རང་ཉིད་སྒེར་གྱི་མི་ཚེ་དང་མཚན་སྙན་ངེས་ཅན་རེ་ཐོབ་ངེས་ཀྱང༌། དེ་འདྲ་མི་གནང་བར་ད་ལྟར་ཡང་དྷ་ས་རང་དུ་ཕྱག་ལས་གནང་བཞིན་པ་རེད།
    མཁན་དབང་ཟམ་གདོང་གིས་མཁས་ཉམས་སྟོན་རྒྱུའི་སྤོབས་པ་སླེབས་ས་ཡང་ཁོ་བ་རང་རེད། (འོན་ཀྱང་སྲོལ་རྒྱུན་སོ་ནམ་སོགས་ཁོང་གི་འཆར་འགོད་མ་རེད།)ང་ཚོའི་སྤྱི་ཚོགས་ནང་ཡ་མཚན་དགོས་པ་གཅིག་ལ། གོང་གི་དཔྱོད་བརྗོད་པ་ཁག་གཅིག་གི་དགོངས་འཆར་ལྟར་མགོ་བདེ་དྲན་འཕྲུལ་དང་། ཁ་བདེ་ལྕེ་བདེ་འགའ་རེ་སྤྱི་ཚོགས་འདིའི་ནང་གློ་བུར་དུ་འཛུལ་ནས་སྐད་ཆ་རྫིག་ཐག་ཆད་རེ་བཤད་ནས་སོང་ན། དེ་ལ་གློ་བུར་དུ་རེ་བ་ཆེན་པོ་རེ་རྒྱག་རྐྱང་བྱས་ཏེ། འུར་ལངས་འགྲོ་བ་ངས་མ་བཤད་ཀྱང་མཁྱེན་ངེས་རེད། ཁ་ཡོད་ལག་ཡོད་ཀྱིས་སྤྱི་ཚོགས་འདིའི་ནང་ཕྱག་ལས་ཡུན་རིང་གནང་བ་མ་ཟད། དེ་ལྟར་གནང་བའི་ཤེས་ཚད་དང་ཉམས་མྱོང་གཉིས་ཀ་འབུར་དུ་ཐོན་པ་ཁག་གཅིག་ཁུ་སིམ་མེར་ལས་ཀ་རང་ལ་མགོ་འཁོར་ནས་བསྡད་མཁན་ཚོར་སྤྱི་ཚོགས་ནང་སྣང་མེད་དུ་ལུས་འགྲོ་བ་དེ་འདྲ་ཡང་མི་ཉུང་བ་རེ་འདུག་པ་དེ་རིགས་ལ་ངེས་པར་དུ་དོ་སྣང་དགོས་ཀྱི་འདུག

  77. དགུ་རོང་གྲུབ་ཆེན། says:
    2008-12-26 at 10:41 pm

    འཆར་འགོད་རིགས་གཅིག་རྐང་འཛིན་པ། །
    འཆར་ལོའི་བཀའ་ཁྲིར་མ་བདམས་ན། །
    འཆར་རྒྱུའི་ཉི་མ་མི་འཆར་བར། །
    འཆར་གཞིའི་ལས་ཀར་འཐུས་ཤོར་འགྲོ །

  78. རྨོག་རུ་བསྟན་པ། says:
    2008-12-28 at 12:52 pm

    པདེནཕ རེད

  79. གླེན་པ་ལུག says:
    2008-12-28 at 12:53 pm

    བདེན་པ་རེད།

  80. རྨོག་རུ་བསྟན་པ། says:
    2008-12-28 at 12:55 pm

    བདེན་པ་མ་རེད།

  81. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-28 at 1:36 pm

    ག་རེ་བདེན་པ་རེད། སུས་བཤད་ནོ་བདེན་པ་རེད། ཇི་ལྟར་བདེན་པར་མཐོང་སོང་ངམ། གླེན་ལུག་ལགས།

  82. Lhamon says:
    2008-12-29 at 6:30 am

    སྐར་ཆེན་གྱི་འོས་གཞི་གསུམ་གྱི་ནང་ནས་བློ་བཟང་སེང་གེ་རྒྱབ་སྐྱོར་བྱེད་ཐུབ་ས་རེད། བོད་ཡིག་གི་ཐོག་ནས་རྩོམ་པོ་མ་ཡིན་ཀྱང༌། བོད་ཡིག་བོད་སྐད་ཀྱི་ཐོག་ནས་དཀའ་ངལ་ཆེན་པོ་ཡོད་པ་དེ་འདྲ་མ་རེད། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ལ་སློབ་སྦྱོང་ཆེན་པོ་གནང་ཡོད་པ་མ་ཟད། དོན་དངོས་ཐོག་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཁོང་གཉིས་སློབ་གྲྭ་གཅིག་པ་ཡིན་པ་མ་ཟད། སློབ་ཐོན་ལག་ཁྱེར་གྱི་ཐོག་ནས་བཤད་ཀྱང་ཨོ་བྷ་མ་ལས་ཆེ་བ་མེད་ནའང་ཆུང་བ་མེད་པ་དངོས་ཡོད་གནས་ཚུལ་རེད། དེར་བརྟེན་ཁོང་གིས་བཀའ་བློན་ཁྲི་པ་གནང་ཡང་འགྲིག་གི་རེད། ཨ་རི་ལ་ཨོ་བྷ་མ་ཡིས་འགྲིག་ས་ནས་བཙན་བྱོལ་གཞུང་ལ་བློ་བཟང་སེང་གེས་མ་འགྲིག་པ་ཞིག་ཡོད་པ་མ་རེད་ལ། འགྲིག་དགོས་ཀྱི་རེད།
    བློ་བཟང་རབ་རྒྱས་ཀྱིས་བོད་ཡིག་ཕར་ཞོག བོད་སྐད་ཀྱང་ཡག་པོ་ཤེས་ཀྱི་མི་འདུག ཁོང་ངས་ངོ་ཤེས་ཀྱི་ཡོད། སྔོན་མ་དཔལ་ལྡན་རྒྱལ་སྐྱི་བཟའ་ཟླ་རེད། ཁོང་ཕྱིའི་རིག་གནས་ཀྱི་ཐོག་ནས་བཤད་ན་ཧ་ཅང་མཁས་པ་ཆེན་པོ་ཡིན་འདུག བོད་སྐད་ཀྱི་ཐོག་ནས་ཟ་སྐད་འཐུང་སྐད་ཙམ་ཤེས་ཀྱང་ཚོགས་ཐོག་ནས་སྐད་ཆ་ཤོད་ཐུབ་མཁན་དེ་འདྲ་རྩ་བ་ཉིད་ན་མ་རེད། དེར་བརྟེན་མཁས་པ་ཡིན་པ་ཙམ་གྱིས་བཀའ་བློན་ཁྲི་པ་བྱེད་ཐུབ་ཀྱི་མ་རེད། བཙན་བྱོལ་བོད་གཞུང་གི་གནས་སྟངས་ཀྱང་ཁྱོན་ནས་ཤེས་ཀྱི་མ་རེད། ཁོང་ལ་རྒྱབ་སྐྱོར་རྩ་བ་ཉིད་ནས་བྱེད་ཐུབ་ས་མ་རེད།
    སྤེན་པ་ཚེ་རིང་ལ་མཚོན་སྐར་ཆེན་ལགས་ཀྱིས་གསུངས་པ་བཞིན་འདྲེས་བདེ་པོ་དང་མི་མཐོ་དམན་མེད་པ་ཚང་མ་ལ་ལྟ་སྟངས་གཅིག་པ་འཛིན་ཐུབ་མཁན་ཞིག་རེད། ད་དུང་བཙན་བྱོལ་བོད་པའི་སྤྱི་ཚོགས་སྐོར་ལ་རྒྱུས་མངའ་ཡོད་པ་དང༌། སློབ་སྦྱོང་གི་ཐོག་ནས་ཀྱང་འགྲིག་ངེས་ཡོད་པ་རེད། འོན་ཀྱང་ཁོང་གི་སྐྱོན་ཆེ་ཤོས་བཙན་བྱོལ་བོད་རིགས་ནང་ཁུལ་དུ་འཐེན་ཁྱེར་གྱི་དཔུང་ཁག་སྒྲིག་རྒྱུ་དང༌། ལྷག་པར་དུ་ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དུ་ཤོག་ཁག་འཐེན་ཁྱེར་ཡོད་པའི་བཤད་ཚུལ་མང་པོ་ཡོང་བཞིན་པའི་ནང་གི་སྤེན་པ་ཚེ་རིང་དེའི་ནང་གི་རུ་འདྲེན་པ་ལྟ་བུ་ཡིན་པ་དངོས་ཡོད་གནས་ཚུལ་རེད། ང་ཁོང་ལ་རྒྱུས་ཆེན་པོ་ཡོད། གཞན་ཀ་རྟགས་སྤྲུལ་སྐུའི་དོན་རྐྱེན་སྐོར་ཡང་གླེང་གཞི་གཏན་ནས་མེད་པ་ཞིག་རྩ་བ་ཉིད་ནས་མ་རེད། དེར་བརྟེན་ཁོང་བཀའ་བློན་ཁྲི་པ་བྱས་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་འདི་ཉིད་ཁག་གཉིས་ཆགས་རྒྱུ་ཡིན་པ་ངས་ཁ་ཚོན་བཅད་ནས་བཤད་ཐུབ། དེར་བརྟེན་ཁོང་ལའང་རྒྱབ་སྐྱོར་བྱེད་ཐུབ་ས་མ་རེད།

  83. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-29 at 7:07 am

    ཁྱེད་རང་གི་བློ་བཟང་སེང་གེ་ཨ་རིའི་སྲིད་འཛིན་གསར་བ་ཨོ་བྷ་མ་དང་གཉིས་བསྡུར་ནས་བཤད་ཀྱི་འདུག་ལ། བསམ་ཚུལ་དེ་ལྟར་བཤད་ཀྱང་མ་འགྲིག་པ་མི་འདུག་མོད། བློ་བཟང་སེང་གེ་ནི་བོད་པ་བཙན་བྱོལ་ཚང་གི་མི་མང་ཤེས་ཀྱི་ངོ་ཡག་པོ་ཤེས་ཀྱི་མེད་ལ་འོས་བླུགས་དགོས་ཕལ་ཆེར་ཁོང་ལ་ཐོབ་འདོག་ཁ་བོ་མ་རེད། བཙན་བྱོལ་ཚང་ལ་ནད་ཚ་ཞིག་ཡོད་པ་ནི་མི་སུ་ལ་མིང་ཆེན་པོ་ཡོད་པ་དང་སྐུ་དྲག་གི་རྒྱུད་པ་ཡིན་མིན་སོགས་ལ་བལྟ་བའི་ལུགས་སྲོལ་དེ་ད་དུང་ཉམས་མེད་པ་རེད། ཨ་རི་ཚང་ནི་དེ་འདྲ་མ་ཡིན་པར་མདུན་བསྐྱོད་ཀྱི་ལམ་ན་མི་དམངས་ཡང་ཆབ་སྲིད་ཐད་དུ་གོ་རྟོགས་གང་ཙམ་སེལ་ཡོད་ལ་ཨོ་བྷ་མ་ངོ་ཤེས་རྒྱུ་ལ་ཡང་མི་དམངས་ལ་དཀའ་ངལ་མེད་ལ་ཁོང་ཚོ་ལ་དོན་སྣང་ཡང་ཤུགས་ཆེན་པོ་ཡོད་ལ་དེ་ལྟར་དུ་འོས་ཤོག་གི་ཆ་ཤས་ཀྱང་ལེན་གྱི་ཡོད་པ་རེད། བོད་པ་ཚང་གི་མི་དེ་དག་གི་མང་ཤོས་ནི་ཆབ་སྲིད་ཀྱི་གོ་རྟོགས་དང་དེ་ལ་དོན་སྣང་མེད་པ་དང་འོས་ཤོག་གི་ཆ་ཤས་ཀྱང་ལེན་གྱི་མེད་ལ་ལེན་པའི་དབང་དུ་བཏང་ན་ཡང་མི་མང་ཤོས་ཀྱི་མིང་གོ་མྱོང་བ་ཞིག་དང་མི་ཆེན་དཔོན་ཆེན་གྱི་མིང་ཡོད་མཁན་ཞིག་ལས་མི་དམངས་དཀྱིས་མ་ཤེས་ཡོན་དང་འཇོན་ཐང་ཡོད་མཁན་དག་འཚོལ་རྒྱུའི་འབད་བརྩོན་བྱེད་རྒྱུའི་ནུས་པ་གང་ཡང་མེད་སྟབས། ད་དུང་ལོ་ངོ་གང་མང་ཞིག་ལ་མི་སུ་ལ་མིང་དང་གོ་ས་ཤུགས་ཆེ་ན་དེའི་རིགས་ལ་ཐོབ་རྒྱུ་ལས་གཞན་གང་ཡང་འགྱུར་བ་ལས་སླ་བོ་འགྲོ་མི་སྲིད་པ་ཡིན།

  84. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-29 at 7:09 am

    མི་མང་ཤོས་ཀྱི་ངོ་ཡག་པོ་ཤེས་ བཅོས་ནོར

  85. Phonya Mundgod says:
    2008-12-29 at 8:26 am

    རྨོག་རི་རྨོངས་མགོ་རྨོག་ལས་མཁྲེགས་པ་ཁྱོད།།
    སེམས་ཀྱི་གཏད་སོ་སྣབས་ལས་ཡངས་པའི་བུ།།
    མི་ཡི་རྗེས་ལ་ཁྱི་བཞིན་རྒྱུག་པ་ལས།།
    རང་གིས་རང་ཚུགས་རང་གིས་བཟུང་ན་དགའ།།

    བོད་གཞུང་འཆར་འགོད་ཕ་རིའི་སྤང་ཁ་རེད།།
    ལྷོ་ཕྱོགས་ཕོ་ཉའི་འཆར་འགོད་ཡག་པོ་གྱིས།།
    ལས་བྱེད་ཟླ་ཕོགས་དུས་ཐོག་གནང་རོགས་གྱིས།།
    དངུལ་དང་རྩིས་ཁྲ་མཉམ་ཉར་མ་གནང་རོགས།།

  86. Lhamon says:
    2008-12-29 at 8:32 am

    ལྷ་ཀླུ་གཉན་གསུམ་ལགས། ཁྱེད་ཀྱིས་བཤད་པ་དེ་ལ་རྒྱུ་མཚན་ཡོད་ཀྱང༌། ངས་སྐར་ཆེན་ལགས་ཀྱི་འོས་མིག་གསུམ་ལ་དབྱེ་ཞིབ་ཀྱིས་རྒྱབ་སྐྱོར་བྱས་པ་ཡིན། འོན་ཀྱང་ང་རང་གི་བསམ་ཚུལ་ལྟར་བྱས་ན་བློ་བཟང་སེང་གེ་བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་འོས་ཤོས་སུ་མཐོང་གི་མེད།

  87. karchen says:
    2008-12-29 at 9:12 am

    Thank you lhamon. i cant write Tibetan fonts these days. i will reply you later.

  88. ཡུལ་གྱལ་བ། says:
    2008-12-30 at 8:27 am

    ཡུལ་མིར་མཐུན་ལམ་དགོས་ན་ཟླ་བ་ཚེ་རིང་བསྐོས་ཤིག
    གདུལ་བྱའི་ངོ་བཏུན་དགོས་ན་ཟམ་གདོང་བླ་མ་བསྐོས་ཤིག
    སྐད་ཆ་གདོང་བཤད་དགོས་ན་ཨོརྒྱན་སྟོབས་རྒྱལ་བསྐོས་ཤིག
    གལ་སྲིད་འདེམས་ཀ་མེད་ན་རང་ཉིད་རང་གིས་བསྐོས་ཤིག

  89. མཁར་འཕགས says:
    2009-01-02 at 4:02 pm

    མགོན་པོ་ཕྱག་གཉིས་པ་
    དོགས་པ་རྣམ་རྟོག་ཁྱེད་གིས་བྱེད་ཀྱི་འདུག
    བཀའ་ཁྲི་སྔོན་མ་དེ་ཡང་མི་མང་གིས་འདེམས་ཡོང་པ་རེད། ཆོལ་ཁ་གསུམ་གྱི་མི་མང་མང་ཆེ་བས་ཁམས་མཐའ་ཁུལ་རྒྱལ་ཐང་ཕྱོགས་ཀྱི་མི་ཞིག་བཀའ་ཁྲིར་འདེམས་ཡོང་བ་རེད། དེ་ཡིན་ན་མཁར་འཕགས་ཁྱེད་རང་དོགས་པ་རྣམ་རྟོག་ཞེ་དྲག་བྱེད་དགོས་དོན་མི་འདུག་ཟེར་རྒོས་དོན་ཀྱི་ཡིན་
    ངས་ཁམས་པ་ཞིག་ངེས་པར་དུ་དགོས་ཨ་མདོ་བ་མི་དགོས་ཟེར་མེད་
    ངས་མིང་ལ <>རེད<>རེད་འདུག་ཁྱད་ཀྱིས་ཡག་པོ་བལྟོས་
    ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་འཁྱེར་ནས་བོད་དོན་་སེམས་ཤུགས་ཡོད་ཁུལ་བྱས་ནས་དོན་དུ་ ཨ་མདོ་ཡིན་བརྟག་བསྟོན་དགོས་པའིའདྲེ་ཞིག་འཁོར་རེད་དམ།
    ཁྱེད་རིང་གས་ཕ་ཡུལ་གཏམ་དཔེ་ མི་རྣམ་རྟོག་ཅན་ལ་འདྲེ་དགུ་འཁོར་ཟེར་བའི་གཏམ་དཔེ་ཞིག་ཡོད་པ་དེ་དོན་སེམས་ལ་ཁྱེད་རངགེས་ཉོར་ལོ

  90. སྟག་སྐྱ་ལི་ says:
    2009-01-05 at 10:30 am

    ཁ་བརྡའི་དྲ་ཞུགས་ཁ་ཅིག་བཀའ་ཁྲིའི་ཐོག།
    བགྲོ་གླེང་གནང་བཀའ་དྲིན་ཤིན་ཏུ་ཆེ༎
    ཡི་དམ་མཇལ་ནས་དད་པ་ཆོས་པའི་ཕུལ༎
    རྐུ་མ་རིག་ནས་ཟུག་པ་ཁྱི་ཡི་མཆོག།
    ད་ལྟའི་ཟམ་གདོང་ལྟ་བུའི་བཀའ་ཁྲི་ཞིག་ཕྱིར་ཆད་རྙེད་དཀའ་ཡང༌། ད་དུང་འདིས་ཀྱིས་མ་འགྲིགས་པ་མང་པོ་ཞིག་ང་རང་གི་ངོས་ནས་ཀྱང་མི་བགྲང་ཀ་མེད་ཡོང་གི་འདུག ཐ་ན་ཁ་རྩོད་ཀྱང་གང་མང་ཤོར་འགྲོ་གི་འདུག དེར་བརྟེན་བཀའ་ཁྲི་གསར་པ་ཞིག་འདེམས་རྒྱུ་ཤིན་ཏུ་ཁག་པོ་མཐོང༌། སྟབས་ཉེས་ཤོས་ཤིག་ལ། མི་ཉུང་ཤས་ཤིག་འགག་དོགས་སར་སླེབས་དུས་ཆོས་ཞེན་ལུང་ཞེན་ལ་འཁྲིལ་ནས། སྤྱི་པའི་རྩ་དོན་ལ་དུངས་ཞེན་ཡོད་བཞིན་དུ་སེམས་དང་གཟུགས་པོའི་རྒྱུད་ལམ་ཁ་ཁར་ཕྱིར་འགྲོ་བ་མཐོང་ཆོས་ཡིན། ཡིན་ནའང་མཁས་དབང་དང་རྩོམ་པ་པོ་ཚོའི་སྣེ་འཁྲིད་ལམ་སྟོན་ལ་ཁ་མི་རྩི་མཁན། མངའ་རིས་སྐོར་གསུམ་གཙོས་མི་འབོམས་མང་ཤས་དེ་གྲས་ཀྱིས་བདམས་ཁ་ལ་བརྟེན་ནས། དེ་སྔོན་བཀའ་ཁྲི་མ་འཆུགས་ཙམ་ཞིག་བདམས་ཐུབ་སོང་པ་དེ་བཞིན། རྗེས་ནས་ཀྱང་དེ་ཚོས་བླུན་རྟགས་དང་དྲང་རྟགས་ག་རེ་ལབ་ནའང་། ལོང་བའི་ནང་གི་སྤྱན་བཟང་ཞིག་འདེམས་ཀྱི་རེད་སྙམ་ནས་ཡིད་ཆེས་བཟོས་ན། ཕལ་ཆེར་བློ་བདེ་བ་ཞིག་ཡོང་ལོས་ཆེ།

  91. སྟག་སྐྱ་ལི་ says:
    2009-01-05 at 10:39 am

    ད་ལྟའི་བཀའ་ཁྲི་འདི་འོས་འདེམས་སྐབས་ཀྱང་མཁས་པ་དང༌། རྩོམ་པ་པོ། གསར་འགོད་པ་ཚོས། ལམ་སྟོན་དང་དགོངས་འཆར་ཤིན་ཏུ་མང་པོ་སྤེལ་ནའང༌། རྒྱ་ཆེ་མང་ཚོགས་ཤེས་རྒྱ་དང་མཐོང་ཆུང་དྲགས་པས། མཁས་པ་དང་རྩོམ་པ་པོ་ཚོའི་རྗེས་མ་བསྙོགས་ནས། དགོངས་འཆར་དང་ལམ་སྟོན་ཁག་ལ་གསན་བཞེས་མ་གནང་བར། རང་དབང་གི་ལམ་ནས་བཀའ་ཁྲི་བདམས་སོང་བས། ང་ཚོ་དྲ་ཞུགས་པ་བཅུ་ཕྲག་ཁ་ཤས་ཀྱིས་ཚོར་ཤུགས་ཆེན་པོས་བགྲོ་གླེང་ཟབ་རྒྱས་གནང་བ་འདི་རྒྱལ་ཁབ་དང་མི་རིགས་ལ་དུངས་ཞེན་ཟབ་པའི་སྨོན་པ་སེམས་བསྐྱེད་རང་དུ་རྩིས་ནས་བཞུགས་ན་བློ་བདེ་བོ་ཡོང་ངེས་སྙམ།

  92. བེ་སྨྱོན says:
    2009-01-06 at 4:30 am

    གྲོགས་པོ་དྲ་ཞུགས་པ་བཅུ་ཕྲག་ལངས་མ་ལངས་ཀྱིས། ཁ་ན་ན་དང༌། སོ་འཆག་འཆག་གིས་བགྲོ་གླེང་གནང་བ་འདི་བཟང་ས་ནས་བཤད་ན་རྒྱལ་ཁབ་དང་མི་རིགས་ལ་དུང་ཞེན་ཟབ་པའི་རྣམ་འགྱུར་རང་ཡིན་པས། དགའ་འོས་པ་ཞིག་ལོས་ཡིན། ཡིན་ནའང་འདིས་རྒྱ་ཆེ་མང་ཚོགས་ཀྱི་བསམ་བློ་སྒུལ་ཀྱོག་གཏོང་མི་ཐུབ། ང་ཚོའི་ནང་གི་ཤ་རུས་ཁྲག་གསུམ་དང༌། ལྷ་སྨོན་ལྟ་བུའི་མིང་ལྤགས་རྫུན་མ་གོན་མཁན་འགའ་རེས། རང་རང་གིས་གཉེར་བའི་གསར་ཤོག་ཐོག རང་ནའདོད་ལྟར་གང་ཞིག་འོས་འདེམས་གནང་ན་དེས་ནུས་པ་ཅུང་ཟད་བཏོན་ཐུབ། འོན་ཀྱང་། བོད་རྒྱ་ཆེ་མི་དམངས་འདི་ཚོ་མཁྲེགས་འཛÔན་དམ་དྲགས་པས། རང་རང་གི་འདོད་པ་མ་གཏོགས་མཀས་དབང་དྲ་ཞུགས་པ་ཚོའི་ཞལ་ལ་རྩི་མི་འོང༌། དེ་སྔོན་ནང་ནང་བཞིན་མི་དམངས་བརྒྱ་ཆ་བརྒྱད་ཅུ་བརྒལ་བ་བསམ་པ་གཅིག་མཐུན་ཆགས་ནས། ཁ་ལ་དཔག་པའི་སོ་ཞིག་ཏན་ཏན་གདོམས་འོང༌། བོད་མི་དམངས་འདི་ཚོ་གྱོང་པོ་ཡོད་པ་རེད། འདི་ཚོར་ཕར་བསླབ་བྱ་མི་འཕྲད་འདི་ཚོས་ང་ཚོ་དྲ་ཞུགས་པ་ཚོའི་ཕྱི་ནང་གསང་གསུམ་ལ་ཚུར་བརྟག་དཔྱད་གཏོང་རྒྱུའི་ཉེན་ཁ་ཡང་ཆུང་ཆུང་མིན། དྲ་ཞུགས་པ་ཚོ་ཁ་སྲང་པོ་དང༌། དོན་དམ་པའི་གཡོ་སྒྱུ་མི་མཁྱེན་མཁན་ཡིན་པས། ཁོང་ཚོས་དྲ་ཞུགས་ཕལ་ཆེ་བ་ཞིག་གི་གསང་བ་ལྐོག་གྱུར་གྱི་དགོངས་འཆར་རྣམས་ལག་ངོས་ཀྱི་རི་མོ་བཞིན་མི་ལེན་པའི་ངེས་པ་འང་ག་ལ་ཡོད།

  93. བོད། ལྷ་ཀླུ་གཉན་གསུམ། says:
    2009-01-06 at 10:20 am

    བེ་སྨྱོན་ལགས་ཀྱིས་བོད། ཤ་ཁྲག་རུས་གསུམ་དང་ལྷ་སྨོན་གཉིས་ངོ་ཤེས་ཀྱི་ཡོད་པ་འདྲ་ཁོང་ཚོས་རང་རང་གི་གཉེར་བའི་གསར་ཤོག་ཐོག་ཟེར་སྲོལ་ལ་བལྟས་ན། མི་དེ་གཉིས་ཀྱི་གཉེར་བའི་གསར་ཤོག་གང་ཞིག་རེད། དྲ་གྲོགས་ཚོ་ལ་གསུང་ན་འགྲིག་གི་ཡོད་ན།

  94. བེ་སྨྱོན says:
    2009-01-07 at 12:24 am

    དྲ་གྲོགས་ལགས། ངོ་ལོས་ཤེས། ཁོང་ཚོས་རང་ཉིད་ཀྱི་མཚན་ངོ་མ་འགོད་འདོད་མེད་པར། ངས་འདིར་བཀོད་ན་སྔགས་གཞུང་གི་མ་སྨིན་གསང་སྒྲོག་དང་འདྲ་བར་འཚམ་པོ་ཞིག་གི་མཐོང་གི་མི་འདུག ཁོང་ཚོས་མིང་གཞན་སྤྱད་པར་དགོས་པ་ཞིག་ཅིས་ཀྱང་ཡོད་ངེས། དྲང་པོར་ཞུས་ན་ཁོང་རྣམ་པས་རང་མིང་བྲིས་ན་ཡག་པོ་མཐོང་གི་འདུག གསར་འགོད་ཀྱི་མིང་ཁུར་བའི་རྗེས་ནས། གསར་འགྱུར་གྱི་་འགན་ཡང་ཁུར་དགོས་ངེས་རེད།

  95. འུག་རྒན། says:
    2009-01-07 at 6:01 am

    Lhamon ལགས། བློ་བཟང་སེང་གེ་ཡང་བོད་པའི་སྤྱི་ཚོགས་ནང་དཀྲུག་ཤིང་རྒྱག་མཁན་ཞིག་དང་སྐབས་འཚོལ་བ་ཞིག་ཡིན་པ་ཁྱེད་ཀྱིས་ལོས་ཤེས། སྔོན་མ་མདོ་སྟོད་ནང་ཁུལ་ལ་རྙོག་གྲ་མ་ཆགས་གོང་ཙམ་ནས་བཀའ་ཟུར་ཁྲི་བ་ཨ་ལགས་འཇིགས་མེད་ཀྱི་རྒྱུགས་ཁྱི་བྱས་ནས་བཅོ་ལྔ་ཚེ་རིང་གི་ཉིན་ཐོ་འཕྲོག་པ་དང༌། དེ་རྗེས་མདོ་སྟོད་གསར་པའི་རྐུབ་སྟེགས་ལ་འཛེགས་ནས་བོད་པའི་གཞིས་ཆགས་རྣམས་སུ་དཀྲུག་ཤིང་ཡག་ཐག་ཆོད་ཅིག་བསླང་བ། ད་དུང་ཤེས་རིག་ལས་ཁུངས་ཀྱི་གན་རྒྱ་ལ་མ་རྩིས་པ་སྤྱི་སྐལ་སྒེར་བཟས་བྱེད་མཁན་ཞིག་ཀྱང་ཡིན་པས་ཁོང་ལ་ཡང་སྐྱོན་མང་པོ་ཡོད་ད།

  96. དཀོན་མཆོག says:
    2009-01-07 at 9:48 am

    བཅོ་ལྔ་ཚེ་རིང་ཡིན་ན་དེ་ཐེ་ཝན་གྱི་ཕོགས་གཟན་མཁན་སྐད་གྲགས་ཆེ་སེ་གྲངས་དེ་མ་རེད་དམ། མདོ་སྟོད་གསར་པའི་མི་དེ་རྣམས་ཅུང་བསམ་བློ་གུ་ཡངས་པོ་དང་བོད་ཁྱོན་ཡོངས་ལ་བསམ་བློ་གཏོང་ཤེས་མཁན་དེ་འདྲ་རེད། གཞན་པ་མང་ཆེ་བ་བླུན་པོ་ཆུ་སྣ་གར་འཁྲིད་རེད་ད།

  97. བོད། ལྷ་ཀླུ་གཉན་གསུམ། says:
    2009-01-07 at 6:53 pm

    བེ་སྨྱོག་ལགས། རྗེས་མ་ནས་བཟུང་མི་ཤེས་སར་མི་ཤེས་པར་ཁས་ལེན་བྱས་དེ་ཁ་རོག་གེར་བཞག་ན་ཡག་པོ་ཡོད་པ་རེད་ལ། རང་གཞན་གཉིས་ཀྱི་གོ་ན་ཡང་སྟབས་བདེ་བ་དང་རྣ་ལ་སྙན་པོ་ཡོད་པ་རེད་དོ། དེ་མིན་མི་ཤེས་ཀྱང་ཤེས་མདོག་མདོག་བྱས་དེ་དྲ་ཐོག་ནས་དྲ་གྲོགས་ཚོ་ལ་སྐྱག་རྫུན་བཤད་གི་མ་འདུག་ལགས། སྤྱིར་ན་ངེད་ཅག་གི་དྲ་ཐོག་འདི་ནས་བསམ་ཚུལ་སྤེལ་རེས་གྲོས་མོལ་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པ་ལས་མིང་ལ་རྩད་གཅོད་དང་མི་རེ་རེའི་གང་བྱེད་ཀྱི་ཡོད་མེད་སོགས་གནད་དོན་དུ་འཛིན་གྱི་མེད་པ་ཐུགས་ལ་ངེས་པར་མཛོད།

  98. འཚོ་བྱེད་བུ། says:
    2009-01-08 at 4:09 pm

    བཀའ་ཟུར་བཀ྄ྲ་ཤིས་དབང་འདུས་ལགས་ལོ་མང་བཀའ་བ྄ློན་བྱས་མོང་བ་དང་གཞུང་ཞབས་ལོ་མང་གནང་མྱོང་མཁན་ཞིག་རེད། མི་གཤིས་ད྄ྲང་མོ་ཡོད་མཁན་ཞིད་ཡིན་ཚོད་འདུག་པས། ཁོང་མ་འོངས་པའི་བཀའ་བ྄ློན་ཁ྄ྲི་པར་འོས་པོ་མིན་འདུག་གམ།

  99. འཚོ་བྱེད་བུ། says:
    2009-01-08 at 4:09 pm

    བཀའ་ཟུར་བཀ྄ྲ་ཤིས་དབང་འདུས་ལགས་ལོ་མང་བཀའ་བ྄ློན་བྱས་མོང་བ་དང་གཞུང་ཞབས་ལོ་མང་གནང་མྱོང་མཁན་ཞིག་རེད། མི་གཤིས་ད྄ྲང་མོ་ཡོད་མཁན་ཞིད་ཡིན་ཚོད་འདུག་པས། ཁོང་མ་འོངས་པའི་བཀའ་བ྄ློན་ཁ྄ྲི་པར་འོས་པོ་མིན་འདུག་གམ།

  100. ཡུལ་གྱལ་བ། says:
    2009-01-10 at 7:52 am

    འདི་ལོ་བོད་གཞུང་གི་སྲིད་བྱུས་ལས་འཕྲོས་པའི་ཟུར་ཞིག་སྟེ། བུ་མེད་ཀྱི་ནུས་ཤུགས་སྤེལ་དགོས་གསུངས་པ་ལྟར་ད་ནི་འབྱུང་གྱུར་བཀའ་བློན་ཁྲི་པ་ནི་བུ་མེད་ཞིག་ཡིན་དགོས་པ་རེད། ང་ཚོས་བུ་མེད་སུ་ཞིག་འོས་མིན་ད་དུང་ཞིབ་དཔྱོད་ཞིག་བྱ་ན་གང་འདྲ་འདུག

  101. འུག་རྒན། says:
    2009-01-13 at 6:41 am

    ལྷ་སྨོན་ལྷ་ཡུལ་གཤེགས་པ་མ་ཡིན་ནམ༎
    སྨོན་ལམ་ལོག་པར་ཐེབས་པ་མ་ཡིན་ནམ།།
    ལྷ་ལྤགས་འདྲེ་ཡིས་བཤུས་པ་མ་ཡིན་ནམ།།
    སེང་གེ་ཁྱི་རྒན་ཆགས་པ་མ་ཡིན་ནམ༎

  102. བོད། ལྷ་ཀླུ་གཉན་གསུམ། says:
    2009-01-13 at 4:02 pm

    བོད་མིས་ལྷ་ཀླུ་གསོལ་སྟངས་ཤེས་ཡོད་ན།།
    བོད་མིས་བོད་སྐད་བཤད་ལུགས་ནོར་མེད་ན།།
    བོད་མིས་བོད་དོན་སྐྱོང་རྒྱུ་བརྗེད་མེད་ན།།
    བོད་པས་བོད་ཡུལ་ལེན་པར་འགོར་མེད་ལ།།
    བོད་མིས་བཀའ་ཁྲི་འདེམས་རྒྱུ་ནོར་མི་སྲིད།།

  103. Lhamon says:
    2009-01-14 at 2:19 am

    བློ་བཟང་སེང་གེ་ལ་སྐྱོན་ཡོད་ཀྱི་རེད། ངས་ཀྱང་ཁོ་ལ་སྐྱོན་ཡོད་པ་མ་རེད་ཅེས་བཤད་མེད། གོང་དུ་མི་གསུམ་པ་ཡོད་པ་དེ་ཚོའི་ནང་ནས་བློ་བཟང་སེང་གི་དྲག་གི་རེད་ཅེས་བཤད་པ་ཡིན། བོད་སོག་ལས་ཁུངས་ཀྱི་རྒྱུག་ཁྱི་ལྟས་ངན་བཅོ་ལྔ་ཚེ་རིང་ཟེར་བའི་མི་ཁོག་འདྲེ་ཞུགས་དེའི་ཉིན་ཐོ་འཕྲོག་ཐུབ་ཡོད་ན་ཧ་ཅང་ཡག་པོ་རེད། དེའི་སྐད་ཆ་དེ་གོ་བ་དང་པོ་ཡིན། བོད་སོག་ལས་ཁུངས་ཀྱི་ཕྱོགས་གཏོགས་ཚོས་སྔ་ཕྱིར་བོད་པའི་སྤྱི་ཚོགས་ནང་རྙོག་གྲ་ག་ཚོད་བཟོས་སོང༌། ཁོང་ཚོའི་གསང་པ་འཕྲོག་པ་དེ་འཇོན་པ་རེད།
    1994 ལོར་མདོ་སྟོད་ཆུ་སྒང་གསར་པའི་རྒྱུན་ལས་ཀྱི་འགན་ཁུར་རབས་ཤིག་གོ་མྱོང་། དེ་ཡག་པོ་རེད། དེ་ལ་དཀྲུག་ཤིང་རེད་ཟེར་མཁན་བོད་སོག་ལས་ཁུངས་ཀྱི་རྒྱུག་ཁྱི་དེ་ཚོ་མ་གཏོགས་ཡོད་པ་མ་རེད། འུག་རྒན་ནི་འུག་རྒན་རང་རེད། ཁྱེད་ཀྱང་དེ་དག་ཞབས་གྲས་ཤིག་ཡིན་པ་འདྲ། སྐབས་དེ་དུས་དེ་ལྟར་གནང་བ་ཡག་པོ་རེད་ལ། དེ་བདེན་པ་ཡིན་ན་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། ཤེས་རིག་ལས་ཁུངས་ཀྱི་གན་རྒྱ་རྩིས་མེད་བཏང་ནས་སྤྱི་སྐལ་སྒེར་སྤྱོད་བྱས་པ་རེད་ཟེར་བ་དེ་བདེན་པ་ཡིན་སྲིད་པ་རེད། འོན་ཀྱང་ཤེས་བྱ་དང་བོད་མིའི་རང་དབང་ནང་ཐོན་པ་མཐོང་མ་སོང༌། དེ་ག་རེ་བྱས་ནས་ཡིན་ན། འུག་རྒན་ཁྱེད་ཀྱིས་མུན་ཁུང་ནང་ནས་ཅང་མཐོང་མ་སོང་ངམ། ཁྱེད་ཀྱིས་བློ་བཟང་སེང་གེ་ལ་སྐྱོན་འཛུགས་གསུམ་བྱས་པ་ནས་ཐོག་མ་གཉིས་དེ་ལ་བརྟེན་ནས་ང་ཁོང་ལ་རྒྱབ་སྐྱོར་ཆེ་རུ་ཕྱིན་སོང༌། སྤྱི་སྐལ་སྒེར་སྤྱོད་ཟེར་བ་དེ་ད་དུང་ཞིབ་འཇུག་བྱེད་རྒྱུ་ལས། འུག་རྒན་ཁྱོད་ལྟ་བུ་ཞིག་གི་ཁ་ལ་ཉན་གྱི་མིན། དེར་བརྟེན་ད་ལྟ་ཐག་བཅད་ནས་བཤད་ཐུབ་ས་མ་རེད།

  104. Lhamon says:
    2009-01-14 at 2:38 am

    བེ་སྨྱོན་ཞེས་པ་འདི་ཡང་ཁྱོད་ཀྱི་མིང་ངོ་མ་ཡིན་ནམ། མི་ལྟ་བའི་མིག་ཡོད་ཀྱང་༎ རང་ལ་ལྟ་དུས་མེ་ལོང་དགོས་ཞེས་པ་དེ་དངོས་ཡོད་གནས་ཚུལ་རེད། ཁྱེད་ཀྱིས་ངས་གསར་ཤོག་ཅིག་གཉེར་གྱི་ཡོད་པ་ལྟ་བུ་བཤད་འདུག དེ་ཙམ་ལ་བལྟས་ན་ཁྱེད་ཀྱིས་སྐྱག་རྫུན་བཤད་ཀྱི་ཡོད་གསལ་པོ་རེད། ངས་ཀྱང་དྲ་ཚིགས་འདི་དང༌། ཚགས་དེབ་སོགས་ཀྱི་ཐོག་བེ་སྨྱོན་དང༌། ཁྱི་སྨྱོན། ཀླུ་སྨྱོན། འབྲུག་སྨྱོན་ཟེར་བ་སོགས་སྨྱོན་པ་མང་པོ་ཞིག་གི་མིང་མཐོང་ཡང་མིང་ངོ་མ་ཡིན་པ་ཞིག་ལ་ད་བར་ངོས་ངོས་འཛིན་བྱེད་མྱོང་མེད། དེ་དག་གི་སུ་གཅིག་ངོ་མི་ཤེས་ལ། ཤེས་དགོས་དོན་ཡང་མེད། སྨྱོན་པ་དེ་དག་གི་རྒྱབ་ལྗོངས་འཚོལ་དགོས་དོན་དེ་བས་ཀྱང་མི་འདུག ངའི་མིང་ལ་ལྷ་སྨོན་ཟེར་བ་འདི་ཧ་ཅང་ནོར་འཁྲུལ་ཡིན་པ་དང༌། འདིའི་རྒྱབ་ལྗོངས་སུ་གནས་ཚུལ་གསང་བ་ཆེན་པོ་ཞིག་ཡོད་མདོག་བསྟན་འདུག ག་རེ་གསུང་རྒྱུ་ཡོད་ནའང་དྲ་ཚིགས་འདིར་གསུང་རོགས་ཀྱིས་དང༌། མི་ལ་བཤད་མི་ལོ་བའི་གསང་བ་ཞིག་ང་ལ་གང་ཡང་མེད། སྨྱུག་མིང་འབྲི་བ་ལ་དགོས་པ་དང་རྒྱུ་མཚན་མང་པོ་བཤད་རྒྱུ་ཡོད་ལ། སྐྱོན་དང་ནོར་འཁྲུལ་ཡང་མང་པོ་བགྲང་རྒྱུ་ཡོད། དེར་བརྟེན་སྨྱུག་མིང་གི་སྐོར་ལ་རྩོད་པ་བརྒྱབ་ནས་ཚར་རྒྱུ་ཞིག་ཨེ་ཡོད་ན། ངས་སྨྱུག་མིང་བེད་སྤྱོད་བྱེད་ཆོག་ཀྱང༌། ཁྱེད་ཀྱིས་ཆོག་གི་མ་རེད་ཅེས་ཀྱང་བཤད་འོས་སམ།

  105. Lhamon says:
    2009-01-14 at 2:41 am

    གསལ་པོ་བཤད་རྒྱུ་ཞིག་ལ་ལྷ་སྨོན་ཟེར་བ་འདི་ཡང༌། དྲིན་ཕ་མས་ཆུང་ངུའི་དུས་སུ་བཏགས་པའི་མིང་ཞིག་ཡིན་པ་ལས། ལྷ་འདྲེ་གདོན་བགེགས་ཞིག་ལ་གཡར་ཡོང་བ་ཞིག་དང༌། གྲུབ་སྨྱོན་གང་རུང་ཞིག་ལ་བརྐུས་ཡོང་བ་ཞིག་དེ་བས་ཀྱང་མིན།

  106. ཡུལ་གྱལ་བ། says:
    2009-01-14 at 6:24 am

    ཨ་ཁ་ཁ༌༌༌༌༌༌༌༌༌༌༌༌་ གངས་ཅན་གྱི་བུ་རྒོད་ཚོ། བདེན་དོན་གྱི་ལ་རྒྱ་འཚོལ་བའི་སྨྱུག་ཐོག་ཚོ། ཚིག་སྔ་ཕྱི་ཙམ་གྱིས་དེ་ལྟར་ངར་དགོས་པ་ཨེ་ཡིན་ནམ།
    ཕོ་རབ྄་ཀྱི་ཁོག་པར་མདའ་ཤོང་མདུང་ཤོང་བཤད་པ་དེ་དག་ཁྱེད་ཅག་གིས་མ་མཁྱེན་ནམ།

  107. འུག་རྒན། says:
    2009-01-15 at 3:09 am

    ལྷ་སྨོན་ཁྱོད་ཀྱང་བློ་སེང་བཞིན་སྐབས་འཚོལ་བ་ཞིག་ཡིན་པ་འདྲ། ཁྱོད་ལྷ་ཡིས་མ་མཐོང་ལ་ང་འུག་རྒན་གྱིས་མཐོང་བའི་རྒྱུ་མཚན་མང་པོ་ཞིག་རྗེས་སུ་ཡོད།

  108. Lhamon says:
    2009-01-15 at 10:10 pm

    ང་བློ་སེང་བཞིན་གོ་སྐབས་འཛིན་ཐུབ་མཁན་ཞིག་ཡིན་ན། ང་དགའ་ནས་ཉིན་ཁ་ཤས་ལ་གད་མོ་ཤོར་ས་རེད། ཁོང་གིས་གོ་སྐབས་དམ་འཛིན་བྱས་ནས་སློབ་སྦྱོང་བྱས་པ་རེད་ལ། གོ་སྐབས་དམ་འཛིན་བྱས་ནས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་སློབ་དཔོན་ཆེན་མོའི་མཚན་རྟགས་བླངས་པ་རེད། ང་རྨི་ལམ་དུའང་དེ་ལྟ་བུའི་གོ་སྐབས་འཛིན་ཐུབ་པ་ཞིག་དང༌། དེ་ལྟ་བུ་གོ་སྐབས་འཚོལ་ཤེས་མཁན་ཞིག་ཡིན་ན་བསམ་ནས་བསྡད་ཡོད། འོན་ཀྱང༌། ང་འུག་རྒན་ཁྱོད་དང་ མཚུངས་པར་ཉིན་མོ་བྲག་གསེབ་ཏུ་ཡིབས། མཚན་མོ་ཐན་སྐད་རྒྱག་མ་དགོས་ཙམ་ཞིག་ཡིན།
    འུག་རྒན་ལགས། ཁྱེད་ཀྱི་རྗེས་སུ་སྐད་ཆ་ལ་བསྒུག་ནས་བསྡད་ཡོད།

  109. Lhamon says:
    2009-01-15 at 10:21 pm

    བློ་སེང་སྐད་གྲགས་དགོང་གི་ཉི་མ་བཞིན༎
    གླིང་བཞི་ཤར་ནུབ་ཀུན་ལ་གྲགས་པའི་ཚེ༎
    འུག་རྒན་ཕྲག་དོག་མིག་གིས་མ་བཟོད་པར༎
    མཚན་མོ་སྐད་ངན་སྒྲོག་པ་གད་མོའི་གནས༎

    རང་ཤ་བཅད་ནས་ཁྱི་ལ་སྤྲོད་པ་དང༌༎
    ཁྱི་མགོ་སྡེར་ཐོག་བཤམ་པའི་ཡོ་ལང་འདི༎
    མི་རྗེས་ཁྱི་རྒྱུག་བྱེད་པའི་འུག་རྒན་གྱིས༎
    རྣལ་མའི་སྤྱོད་ལམ་ཡིན་པ་སུས་ཀྱང་ཤེས༎

    དགའ་དུས་རྒས་མོའི་ནུ་མ་འབུར་རབས་གླེང༌༎
    སྡུག་དུས་མཁས་དགུའི་ཚོགས་པ་ཁ་རྡུང་གཏོང༌༎
    འུག་རྒན་ཐན་སྐད་སྟོང་གི་ངུ་ཟུག་ལ༎
    མཁས་བླུན་སྟོང་གིས་ཁྲེལ་དགོད་བྱེད་ལ་ལྟོས༎

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme