Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཆི་ཕོད་སྙིང་སྟོབས།

Posted on 2008-06-10 By དགེ་རབ་ 9 Comments on འཆི་ཕོད་སྙིང་སྟོབས།

གཡུ་དྲུག་དཀར།
ཚན་ཚན་རིག་པའི་ཡར་འཕེལ་གྱི་མཐོ་རླབས་བླ་རུ་འཕར་བའི་དུས་རབས་ཉེར་གཅིག་པའི་ས་སྒང་ཧྲིལ་བོ་འདིའི་སྟེང་ངོ་མཚར་བའི་ལྟད་མོ་གཞན་ཞིག་མཐོང་རྒྱུ་ཡོད་པ་ནི། བོད་མི་ཚོའི་བྲང་ཁོག་ལྷན་སྐྱེས་ཀྱི་འཆི་ཕོད་སྙིང་སྟོབས་ཤིག་གིས་ཁེངས་ཡོད་པ་འདི་རེད།
ངོ་མ། དེང་གི་དུས་འདིར་འཛམ་གླིང་མི་མང་རྣམས་ནི་རང་གི་ལུས་སྲོག་ལ་གནོད་འཚེ་ཁབ་རྩེ་ཙམ་ཟུག་པ་ལྟ་ཅི། གཞན་གྱི་ལུས་ནས་ཐོན་པའི་ཁྲག་དམར་པོ་ཐིགས་པ་ཙམ་མཐོང་ཡང་ངུ་སྐད་དང་ཨ་ཧོ་ཨ་ཁའི་འཇིགས་དངངས་ཀྱི་སྒྲ་སྣ་ཚོགས་བར་མེད་དུ་འབྱིན་ཞིང༌། འཇིགས་སྐྲག་དང་ཞེད་སྣང་གིས་གློ་སྙིང་མཆིན་གསུམ་ཁ་ནས་ཐོན་ཡོང་ཨང་སྙམ་པའི་སྐབས་འདིར། དྲག་པོའི་དམག་དང་མཚོན་གྱི་མདུན་ལ་ལུས་སྲོག་འབེན་དུ་འཇོག་པའི་འཆི་ཕོད་སྙིང་སྟོབས་ཅན་ནི་བོད་མི་རིགས་ཁོ་ན་རེད་ཅེས་ཀྱང་བརྗོད་སྤོབ།
དེ་ཡང་ང་ཚོས་རང་གི་ཡ་ཆུང་ཁོག་དང་རུས་པའི་གཏིང་ནས་ད་དུང་ཡལ་མེད་པའི་འཆི་ཕོད་སྙིང་སྟོབས་འདིའི་འགོ་ཁུངས་དེད་ན། ང་ཚོ་ཐོག་མར་བྲག་སྲིབ་ལས་འཐོར་བས། འཆི་ཕོད་སྙིང་སྟོབས་འདི་ནི་ང་ཚོའི་ལྷན་སྐྱེས་ཀྱི་གཤིས་རྒྱུད་ཡིན་ལ། ང་ཚོར་ཁྱད་དུ་འཕགས་པའི་ལྷན་སྐྱེས་ཀྱི་གཤིས་རྒྱུད་འདི་འདྲ་ཞིག་ལྡན་པས། ད་གཟོད་མིའུ་ལྡོང་དྲུག་གིས་གོས་སུ་ཤིང་ལོ་གྱོན་ནས་ཟས་སུ་མ་རྨོས་པའི་ལོ་ཏོག་བསྟེན་ཏེ་དཀའ་སྡུག་གི་ཁྲོད་ནས་མནར་སོན་བཏུབ་པ་རེད་ལ། ཡར་ཀླུང་བཙན་རྒྱལ་གྱིས་རང་གི་དཔུང་པའི་སྟོབས་ལ་བརྟེན་ནས་བོད་ཁམས་ཧྲིལ་བོའི་ཕྱིའི་སྣོད་ཀྱི་བཀོད་པའི་མཐར་རུ་སྲིད་པའི་ལྕགས་རི་ལྟ་བུའི་གངས་ཀྱིས་བསྐོར་བ་བཞིན། ནང་བཅུད་ཀྱི་སེམས་ཅན་ཡོངས་རྫོགས་བལ་དཀར་པོའི་སྨུ་ཐག་གིས་གཅིག་ཏུ་བསྒྲིལ་བ་དང༌། མེས་དབོན་རྣམ་གསུམ་གྱིས་ཁྲག་གྲོན་དང་དཔའ་སྟོབས་ལ་བརྟེན་ནས་བོད་ཁམས་ཆེན་པོའི་ཁྱིམ་གཞི་བཟུང་ནས་ང་ཚོའི་འཆི་ཕོད་སྙིང་སྟོབས་ཀྱི་དཔའ་དར་དགུང་ལ་གཏད་ཅིང༌། བཙད་པོའི་བླ་ཤིང་བསྐམས་ནས་སྦྲ་ནག་ཁ་ཐོར་དུ་གྱུར་བའི་སྐབས་སུའང་ང་ཚོའི་འཆི་ཕོད་སྙིང་སྟོབས་ཀྱི་གདང་ཐག་ཆད་མྱོང་མེད་པར། ནོར་གནག་ཁྱུ་གཅིག་པོ་ལྷས་ར་ནས་གཞན་ལག་ལ་ཤོར་དུ་མ་བཅུག་པ་རེད་ལ། དགའ་ལྡན་ཕོ་བྲང་རི་ལ་བྱོལ་དགོས་བྱུང་སྟེ་བོད་ཁམས་ཁྲག་དང་མཆི་མས་བརླན་ཡང༌། ང་ཚོའི་འཆི་ཕོད་སྙིང་སྟོབས་ཀྱི་འཕར་ལྡིང་འཇག་མྱོང་མེད་པར། དུས་དེ་རིང་ཡང་དགྲ་དམར་པོའི་མདའ་ཁ་ན་ལྷོག་ལྷོག་ཏུ་འཕྱོ་བ་འདི་རེད། འདི་ནི་ང་ཚོའི་འཆི་ཕོད་སྙིང་སྟོབས་ཀྱི་ལོ་རྒྱུས་ཀྱང་རེད།
ངོ་མ། ང་ཚོའི་ཚེ་སྲོག་ནི་བྲང་ཁོག་སྐམ་པོར་འབྱར་བའི་འཆི་ཕོད་སྙིང་སྟོབས་འདི་རེད། ཇི་སྲིད་ང་ཚོའི་སྙིང་གི་ངར་ཤུགས་འདི་མ་ཡལ་བར་དུ་བོད་མི་རིགས་ཀྱང་དེ་སྲིད་དུ་ཡལ་ག་ལ་སྲིད། དགྲ་བོས་བཅིང་འགྲོལ་གྱི་ཁ་གཡང་སྒྲོག་བཞིན་པོ་ཏ་ལའི་ཟུང་ཁྲག་འཇིབ་པའི་སྐབས་འདིར་ཡང༌། ང་ཚོའི་འཆི་ཕོད་སྙིང་སྟོབས་འདིས་ཐོག་མ་ནས་དགྲ་ནག་པོའི་བོའུ་ཁ་བྲང་གིས་བཀག་སྟེ། རང་ཉིད་རང་གི་མགོན་དུ་ལངས་པས། ང་ཚོའི་རང་དབང་རང་བཙན་གྱི་རྣམ་ཤེས་འཇོམས་མ་བཏུབ་པ་རེད་ལ། ང་ཚོའི་བླ་སྲོག་གི་མདངས་སུ་གྱུར་བའི་ཉི་མ་སེར་བོའང་སྒྲིབ་མ་བཏུབ་ཅིང༌། ང་ཚོའི་གདེན་གཏམ་གྱི་དཔའ་སྐད་འགོག་མ་ཐུབ་པར་མ་ཟད། མི་ལོ་ལྔ་བཅུ་ལྷག་གི་རིང་ལོ་ཟླའི་སྡུག་གི་ཁུར་བོ་ལྕི་མོ་མགོ་ལ་བཏེགས་ནས། རང་དབང་དང་བདེན་པའི་ཆེད་དུ་ཚེ་སྲོག་གྲངས་མེད་ཅིག་འཕང྄ས་མེད་དུ་དོར་ཅིང༌། དུས་དེ་རིང་ཡང་ཞི་རྒོལ་གྱི་ཁུ་ཚུར་འཕྱར་བཞིན་དམར་དམག་གི་སོ་ཁར་རྒྱུག་པས། གླིང་བཞི་ལ་གཡོ་འགུལ་འཐེབས་བྱུང༌།
ངོ་མ། ད་ཆར་ཡང་ས་འཛམ་བུ་གླིང་གི་བོད་དོན་གྱི་སྒུལ་ཤུགས་མཐར་གཏུག་ན་བོད་ནང་གི་བོད་མི་ཚོའི་འཆི་ཕོད་སྙིང་སྟོབས་འདི་རེད། དུས་དེ་རིང་འཆི་ཕོད་སྙིང་སྟོབས་འདིས། ང་ཚོའི་སེམས་ཁུང་གི་ན་ཟུག་ལ་ཁ་གྲགས་ཏུ་བཅུག་སོང༌། འཇིག་རྟེན་ཁམས་ཀྱི་ང་ཚོའི་རང་དབང་དང་བདེན་པའི་མགོ་འབུར་ཏུ་བཅུག་སོང༌། ང་ཚོའི་ལྷན་སྐྱེས་ཀྱི་ཐོབ་ཐང་དང་རང་བཙན་གྱི་བླ་སྲོག་སླར་ཡང་ཡར་བསླངས་སོང༌། འདི་ནི་ད་ལྟའི་ས་སྒང་ཧྲིལ་བོའི་ཚན་རྩལ་ལས་ལྷག་པའི་ལྟད་མོ་རེད།
ངོ་མ། འཆི་ཕོད་སྙིང་སྟོབས་འདིས་འཛམ་གླིང་མི་མང་ཡོངས་ཀྱི་སེམས་བསམ་པའི་གཏིང་ལ་སྡུག་ཅིག་བཞག་ཡོད་ལ། ལྷག་པར་དུ་ཞི་བདེ་དང༌། འཚེ་མེད་ཞི་བ། རང་དབང༌། འདྲ་མཉམ་བཅས་ལ་དགའ་བའི་མི་བུ་དག་ལ་སྡོད་མི་ནུས་པའི་སེམས་འཚབ་བསླངས་ཤིང༌། འཇིགས་དངངས་བསྐུར་ཡོད།
འདི་ནི་ཡར་ཀླུང་གཙང་པོའི་ཧར་སྒྲ་དང༌། ཁྲི་ཤོར་རྒྱལ་མོའི་རླབས་སྒྲ། རྒྱ་མོ་རྔུལ་ཆུའི་འབབ་སྒྲ་བཅས་ཀྱིས་རྡོག་རྩ་གཅིག་ཏུ་སྒྲིལ་བའི་ཆོལ་གསུམ་གཞིས་ལུས་བོད་མིའི་འཆི་ཕོད་སྙིང་སྟོབས་རེད།

སྙན་ངག

Post navigation

Previous Post: མི་ལོ་ཞེ་དགུར་མྱངས་པའྀ་བོད་མིའི་སྐྱིད་སྡུག་གི་སྤྱི་བཤད།
Next Post: ངའི་མེད་པ་ཆོས་ཤིག མི་ལ་རྗེ།

Comments (9) on “འཆི་ཕོད་སྙིང་སྟོབས།”

  1. ཟུར་ལྟ། says:
    2008-06-10 at 11:45 am

    སྐུ་ཞབས་གཡུ་དྲུག་དཀར་ལགས།

    ཁྱེད་ཀྱི་བསམ་ཚུལ་དེར་ཕྱོགས་གཞན་ཞིག་ནས་བལྟས་ན། ཁྱེད་ཀྱི་བཤད་པ་བཞིན་བོད་མི་རྣམས་ནི་བྲག་དང་། རི་དང་། ཤ་དང་། རྩམ་པ་སོགས་ཀྱིས་འཚོ་ཞིང་། བཙན་པོ་དང་། རྒྱལ་པོ་དང་། བླ་མ་་སོགས་ཀྱིས་དབང་སྒྱུར་ནས་ད་བར་ལོ་ངོ་སྟོང་གི་རིང་གླེན་རྟགས་ཚ་བའི་གཤིས་ཀ་དེ་དང་ལྐུགས་རྟགས་ཚ་བའི་སྤྱོད་པ་དེ་ནས་བྲལ་ཐུབ་མེད། དུས་རབས་ཉེར་གཅིག་གི་མི་རྣམས་ཀྱིས་བློ་གྲོས་དང་ཤེས་ཡོན། དཔལ་འབྱོར་དང་། ནོར་སྲིད། མ་རྩ། ཐབས་ཤེས་དང་ཤེས་བྱ་བེད་སྤྱད་ནས་འཛམ་གླིང་འདིར་འགྲན་བསྡུར་བྱེད་བཞིན་པའི་དུས་ཚོད་འདིར། ང་ཚོས་ད་དུང་གླེན་རྟགས་ཀྱིས་”རང་སྲོག་བློས་གཏོང་ནུས་པ་དེ་”ཡང་རྩེར་བརྩིས་ནས་དེ་ཡོན་ཏན་ཆེན་པོ་ཞིག་ལ་བཀུར་ན་དེའི་འབྲས་བུ་ནི་རོ་མང་པོ་ཞིག་དང་ཕ་མེད་བའི་བུ་ཚ་མང་པོ་ཞིག་ལས་དེ་མིན་ཡར་རྒྱས་ཆེན་པོ་ཞིག་ཡོང་མི་ཐུབ། དེར་བརྟེན་ལྐུགས་རྟགས་ཀྱི་བསྟོད་པ་དེ་བགོད་བྲོ་དགོས་པ་དང་། བྱབ་ཆུང་བའི་བསམ་བློ་ཞིག་རེད།

    ང་བོད་ཀྱི་ཁམས་པ་དང་ཨ་མདོ་བ་འགའ་ཤས་ཀྱི་ལྐུགས་རྟགས་ཀྱི་བྱ་སྤྱོད་དེ་ཚོར་སེམས་ཚབ་འདུག ཁོང་ཚོར་སློབ་སྦྱོང་དང་མིའི་སྡེའི་སྤྱི་ཚོགས་ཀྱི་ཁྲིམས་དང་ཐོབ་ཐང་གི་ཤེས་བྱ་མེད་སྟབས། ག་དུས་ཡིན་ནའི་གླེན་རྟགས་ཁོ་ནར་བརྟེན་ནས་རྒྱལ་ཕམ་གྱི་འཐབ་བརྩོད་བྱས་སྟབས་མཐའ་མ་གྱོང་ཁོ་ན་ལས་མཁེ་ཕན་ཐོབ་མྱོང་མེད། ཁོང་ཚོར་ལུས་སྲོག་བློས་གཏོང་ཐུབ་པའི་སྙིང་སྟོབས་འདུག ཡིན་ནའི་དེས་གང་ཕན། དེས་བོད་ཀྱི་མི་རིགས་སྐྱོབ་མི་ཐུབ་ལ་དེས་ཁྱིམ་ཚང་ཞིག་ལ་བདེ་བ་སྤྲོད་མི་ཐུབ། མ་གཞི་ནས་བློ་ཁོག་དང་དཔའ་སྟོབས་ཟེར་བ་འདི་ལུས་སྲོག་བློས་གཏོང་ཐུབ་མིན་གཅིག་པུར་གོ་ན་ལྐུགས་པ་ལག་གིས་འདེགས་མི་ཐུབ་པའི་མི་ཞིག་དང་ཅིས་མི་མཚུངས།

    ལོ་རྒྱུས་ཀྱིས་དཔང་པོ་བྱས་ཡོད་པ་ནི་ཤེས་ཡོན་དང་། ཐབས་བྱུས། འཆར་གཞི། སྤྱི་ཕན་གྱི་ཕུགས་བསམ་བཅས་ལ་བརྟེན་མཁན་གྱི་རྒྱལ་ཁབ་དང་མི་སྒེར་ནི་འཇིག་བརྟེན་འདིར་མགོ་འཁྲིད་དང་རང་སྐྱིད་གཞན་སྨོན་གྱི་ཡུལ་དུ་འགྱུར་བ་དང་། དེ་ལས་ལྡོག་ཏེ། ལྐུགས་རྟགས། གླེན་སྤྱོད། ཨུ་ཚུགས་ཚ་པོ། གཏུམ་སྤྱོད་ཅན། དེ་བཞིན་རྒྱུ་མཚན་འགྲོ་ས་མེད་པའི་སྤྱི་ཚོགས་དེ་ཚོ་ནི་རྗེས་ལུས་དང་གཞན་དབང་འོག་ཏུ་ཤོར་ཡོད། དེར་བརྟེན་ཁྱོད་ཀྱིས་ངེད་ཚོའི་སྤྱི་ཚོགས་ནང་རྡོ་ཆས་དང་རྫ་ཆས་དུས་རབས་ཀྱི་གཏུམ་སྤྱོད་ཀྱི་གཤིས་ག་དེས་མི་རིགས་འདིའི་ཡོན་ཏན་གཙོ་བོ་བཟུང་ནས་བསྟོད་པ་ཕུལ་འདུག་པས། དེས་གཙང་པོ་རྒྱ་མཚོར་དཔེ་སྦྱར་བ་ལྟ་བུས། བསྟོད་པས་བསྟོད་མ་ཤེས་པར་སྨད་རྭར་མི་འགྲོའམ། དེར་བརྟེན་ཁྱེད་སྙན་ངག་སློབ་འཚར་རྗེས་སློབ་གྲྭར་ཕྱིན་ནས་སློབ་གསོ་ཏོག་ཙམ་ལེན་པ་ཕན་པ་མི་ཆེའམ།

  2. Rabjor says:
    2008-06-10 at 9:36 pm

    ཨ་རོ། གཡུ་དྲུག་དཀར་ལགས།

    རང་ལ་བསྟོད་ན་བསྟོད། གཞན་ལ་མ་སྨོད། བོད་པ་མ་གཏོགས་འཆི་ཕོད་པའི་སྙིང་སྟོབས་མི་འདུག་པར་ངོས་འཛིན་པ་འདི་དོན་དངོས་དང་་ཡང་མི་མཐུན། དབྱིས་རག་གི་ཨ་རི་ལ་དམག་ལན་བྱེད་པའི་ཁ་ཆེ་་རྣམས་ལ་ལྟོས་དང་། འགད་རྫས་ལུས་ལ་བཅིངས་ནས་ཤི་ངེས་ཅན་བྱས་ནས་འགྲོ་གི་འདུག་པ་ནི་མ་མཐོང་མ་ཐོས་པའི་གནས་ཚུལ་ཞིག་ཡིན་མི་སྲིད། དེ་བཞིན་དབྱིས་རག་ལ་ཨ་རིའི་དམག་མི་ཡང་སྟོང་ཕྲག་བཞི་ཙམ་གྱི་རང་སྲོག་ཤོར་བ་རེད། ཕར་ཚུར་གཉིས་ཀས་རང་སྲོག་བཏང་ནས་དམག་རྒྱག་་གི་ཡོད་པ་རེད།

    དཔའ་བོ་ཟེར་བ་འདི་བོད་ཀྱི་སྲོལ་རྒྱུན་གྱི་ལྟ་བར་རྩ་ཆེན་དུ་བརྩི་ན་མཐའ་གཅིག་ཏུ་བརྩི་བ་ཞིག་ཀྱང་མིན་པ་འདྲ། བོད་ཀྱི་ཁ་དཔེར་”དཔའ་ཡང་དག་གི་རྩ་བ་གླེན་དགོས།”ཟེར་བ་ལ་བལྟས་ན། དཔའ་བོ་དང་གླེན་པ་གཉིས་རྒྱུ་འབྲས་ཀྱི་འབྲེལ་བ་ཞིག་ཀྱང་ཡོད་་སྙམ་སྟེར།

  3. ཕུར་ཙེ་ says:
    2008-06-12 at 2:48 am

    དཔའ་བོ་ཟེར་བ་འདི་བོད་ཀྱི་སྲོལ་རྒྱུན་གྱི་ལྟ་བར་རྩ་ཆེན་དུ་བརྩི་ན་མཐའ་གཅིག་ཏུ་བརྩི་བ་ཞིག་ཀྱང་མིན་པ་འདྲ། བོད་ཀྱི་ཁ་དཔེར་”དཔའ་ཡང་དག་གི་རྩ་བ་གླེན་དགོས།”ཟེར་བ་ལ་བལྟས་ན། དཔའ་བོ་དང་གླེན་པ་གཉིས་རྒྱུ་འབྲས་ཀྱི་འབྲེལ་བ་ཞིག་ཀྱང་ཡོད་་སྙམ་སྟེར།

  4. Dechen Dolma says:
    2008-06-12 at 11:16 am

    སྐུ་ཞབས་ཟུར་ལྟ་དང་རབ་འབྱོར། ཕུར་ཙེ་བཅས་སུ།
    ངས་ཁྱེད་ཅག་གི་བསམ་ཚུལ་ལ་བལྟས་པ་ཡིན། ཁྱེད་ཚོས་འདོད་པ་ལྟར་ན་བོད་ལ་དཔའ་བོ་གཅིག་ཀྱང་མེད་པ་ཨེ་རེད། ཁྱེད་ཅག་གིས་རྒྱལ་གཅེས་ལྷག་བསམ་གྱིས་ཕྱུགས་པའི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་སུ་ཚད་གཞི་གང་འདྲ་ཞིག་འཇོག་གི་ཡིན་ནམ།
    ༼གོང་གསལ་མཆན་འདི་ཡིག་གཟུགས་གཞན་ཞིག་ཏུ་འདུག་པ་བསྒྱུར་ཐབས་མ་རྙེད་ནས་བསྐྱར་དུ་འབྲི་སྐྱོར་བྱས་པ་ཡིན། འཛིན་སྐྱོང་གིས། ༽

  5. ཟུར་ལྟ། says:
    2008-06-12 at 12:10 pm

    བདེ་ཆེན་ལགས། ཁྱེད་ཀྱི་ཡིག་གཟུགས་དེ་ངེད་ཀྱི་གློག་ཀླད་ཐོག་ཤར་མི་ཐུབ། ཁྱེད་ནས་Unicode ཡིན་པའི་ཡིག་གཟུགས་ཤིག་བཀོད་ཨེ་ཐུབ།

  6. ཟུར་ལྟ། says:
    2008-06-12 at 6:49 pm

    བདེ་ཆེན་སྒྲོལ་མ་ལགས། 

    ཐུབ་བསྟན་དངོས་གྲུབ་ལགས་ཀྱི་གནས་ཚུལ་དེ་བརྙན་འཕྲིན་ཐོག་མཐོང་དུས་སེམས་མ་སྐྱིད་པ་ཆེན་པོ་བྱུང་། མང་པོ་ངུས་པ་ཡིན། སྐབས་དེ་དུས་བོད་ཀྱི་གནས་ཚུལ་འདི་འུ་ཐུག་ཐབས་ཟད་ལ་འགྱུར་འདུག་སྙམ་ནས་སེམས་ནང་རེ་བ་མེད་པ་ལྟ་བུ་བྱུང་།ཡིན་ནའི་ཁོང་དཔའ་བོ་ཡིན་པ་དེ་ད་དུང་སེམས་ནང་འཁོར་གྱི་མིན་འདུག 
    སྲོག་བློས་གཏོང་བ་ཙམ་གྱི་དཔའ་བོ་ལ་རྩིས་དགོས་ན་ང་ཚོར་དཔའ་བོ་ཤི་འགྲོ་མཁན་ཤ་སྟག་ལས་མི་ཐོབ། ང་ཚོར་དགོས་པ་ནི་གསོན་པོར་གནས་པའི་དཔའ་བོ་དགོས། གསོན་པོར་གནས་པའི་དཔའ་བོ་ཡིན་ན་ཁོང་ཚོས་བོད་མིར་ཞབས་འདེགས་ཞུ་ཐུབ་ལ། བོད་མི་འདི་དཀའ་ངལ་ཆེན་པོ་འཕྲད་པའི་སྐབས་འདིར་སྡུག་རོགས་དང་རོགས་འདེགས་ཡོང་ཐུབ།
    ང་ལ་མཚོན་ན་དཔའ་བོ་ངོ་མ་ནི་གྲོང་གསེབ་ཁག་དང་འབྲོག་ཁུལ་ཁག་ནང་ཉིན་ལྟར་ཉི་མ་ནང་བཞིན་ངོ་གདོང་གཅིག་དང་གཤིས་ཀ་གཅིག་གི་ཐོག་སློབ་མ་ཚོར་བྱམས་བརྩེ་དང་འགན་འཁུར་ཡོད་པའི་ཐོག་ནས་སློབ་གསོ་སྐྱོན་མཁན་གྱི་དགེ་རྒན་དྲིན་ཅན་རྣམས་ཡིན། ཁོང་ཚོར་གཟི་བརྗིད་ཀྱི་གདིང་ཆ་དང་དགའ་བསུ་ཞུ་མཁན་གྱི་མི་དམངས་དགོས་ཀྱི་མེད་ལ། བརྙན་འཕྲིན་དང་རླུང་འཕྲིན་གྱི་སྒྲོག་གཏམ་ཡང་མི་དགོས། ཁ་ཁུ་སིམ་པོ། དུས་ཚོད་སྐར་མ་གཅིག་ལ་ཡང་དམ་འཛིན་བྱས་ནས་སློབ་མ་གཅིག་ལ་ཡང་ཕན་ན་བསམས་ནས་ཕྱག་ལས་གནང་མཁན་གྱི་དྲིན་ཅན་དེ་དག་ནི་ངའི་དཔའ་བོ་ཡིན།
    ངའི་ཨ་ཁུ་ཞིག་ཡོད། ཁོང་ཡང་དགེ་རྒན་རེད། ཁོ་རྒྱ་གར་ལ་ཡོང་ནས་དུས་འཁོར་དབང་ཆེན་ཞུས་ཁས་ལེན་ལ་ཁ་འདོན་མང་པོ་བྱེད་དགོས་ཀྱི་ཡོད། རྗེས་སུ་ཁོང་གི་སློབ་མའི་གྲངས་འབོར་མང་དུ་ཕྱིན་ནས་ཁ་འདོན་རྣམས་ཆད་འགྲོ་གི་ཡོད། བྱས་ཙང་ཁོང་ནས་ཁ་འདོན་བྱེད་རྒྱུ་དེ་མཇུག་བསྒྲིལད། དཔེ་ཆ་དེ་དག་གྲོང་གི་མཆོད་རྟེན་ཞིག་གི་ནང་བཅུག་འདུག རྗེས་སུ་ཁོང་གི་ཆོས་གྲོགས་ཤིག་གིས་དེ་ཤེས་ནས་ཁོ་པར་བསླབ་བྱ་མང་པོ་རྒྱབ་རུང་ཁོ་པས་བཤད་རྒྱུར། ང་དམྱལ་བ་ནང་འགྲོ་དགོས་བྱུང་ནའི་སྐྱེ་བ་རྗེས་མ་རེད་ ད་ལྟ་སྐྱེ་བ་འདི་འགྲིམ་མཁན་གྱི་སློབ་ཕྲུག་དེ་དག་ལ་སློབ་གསོ་ཡག་པོ་མི་ཐོབ་ན་སྡུག་བསྔལ་མང་པོ་འགྲིམས་དགོས་ཡོང་གི་རེད། བྱས་ཙང་སྔོན་ལ་ཕྲུ་གུ་དེ་དག་གི་མདུན་ལམ་ལ་བསམ་བློ་མ་གཏོང་ཐབས་མེད་རེད་གསུངས། རྗེས་སུ་ཁོང་གི་མི་གཉིས་སྐྱ་གྲིབ་ཕོག་ནས་རིམ་གྱིས་ལོང་བར་འགྱུར་འདུག བསམ་ཤེས་མེད་པའི་གྲོང་པ་ཚོས་ཁོ་པ་རྒྱལ་བ་རིན་པོ་ཆེའི་བཀའ་ལ་མ་བརྩི་བར་ཁས་ལེན་བྱས་པའི་འདོན་པ་རྣམས་མཚམས་འཇོག་བྱས་ཙང་ཁོང་ལ་ལྷ་བླ་མའི་ཆད་པ་ཕོག་པ་རེད་ཟེར། རྗེས་སུ་ཕྱི་རྒྱལ་དྭངས་བླངས་སྨན་པ་འགའ་ཤས་ཡོང་ནས་ཁོང་གི་མིག་ལ་གཤག་གཅོད་བྱས་ནས་མིག་གཉིས་དབྱིབས་དང་དྭངས་མཐོང་ཐུབ་ཙམ་བཟོས་འདུག ཁོང་ད་ཆ་ཁྱིམ་ལ་ཞུགས་ནས་སློབ་མ་གསོ་སྐྱོང་གནང་བཞིན་ཡོད། ངས་བལྟས་ན་ཁོང་དཔའ་བོ་རེད་ལ་བོད་ལ་གཏིང་ནས་ཤ་ཚ་ཡོད་མཁན་གྱི་ལྷ་བླ་མ་དེ་ཚོས་ཁོང་ལ་རོགས་པ་གནང་བ་ཡིན་ཚོད། 

  7. kalsang says:
    2008-06-14 at 6:48 am

    སྐུ་ཞབས་རབ་འབྱོར་དང་ཟུར་ལྟ། ཕུར་ཙེ་གསུམ་ལགས།
    ངས་བསམ་ན་དཔའ་ཡང་དག་གི་རྩ་བ་གླེན་དགོས་ཞེས་པའི་གཏམ་དཔེ་འདི་སྦྱར་སའི་དོན་གཞན་ཞིག་ལས། གདོལ་མ་ནས་བོད་མི་རིགས་ཀྱི་གཤིས་སུ་གྲུབ་པའི་འཆི་ཕོད་སྙིང་སྟོབས་འདི་ལ་སྦྱར་ཚེ་ར་མགོ་ལུག་སྦྱར་བྱས་པར་སྙམ་ཞིང༌། དཔའ་བོ་ཟེར་བ་དེའང་ཁྱེད་ཅག་གི་འདོད་དོན་བཞིན་རིག་པའི་དཔའ་བོ་རྐྱང་ཡིན་དགོས་པར་ཡང་མི་བསམ།
    ལྷག་པར་དུ་འཇིག་རྟེན་འདིར་འགྲོ་མི་ཀུན་ལ་ལྷན་སྐྱེས་སུ་བདག་པའིརང་གྀ་རང་དབང་དང་ཐོབ་ཐང་གི་རྩིས་ཐང་གཅེས་བའི་སྲོག་ལ་བརྗེ་ཕོད་པའི་སྙིང་སྟོབས་འདི་ནི་བློ་ཤེད་ཆེན་པོ་ཞིག་རེད་ལ། བོད་མི་རིགས་ཀྱི་འཆི་ཕོད་སྙིང་སྟོབས་འདིའི་རྒྱབ་ལྗོངས་ཀྱང་ང་ཚོའི་ལོ་རྒྱུས་དེབ་ཐེར་དག་ན་བདེན་པ་ནི་བསྙེན་ཞེས་པའི་ཡོན་ཏན་འགངས་ཆེན་པོ་ཞིག་མཆིས་པ་འདི་ཡིན་ཞིང༌།
    འདི་ལོའི་༣ ༡༠ནས་མགོ་ཚུགས་པའི་བོད་ཡུལ་ཆོལ་ཁ་གསུམ་གྱི་ཞི་རྒོལ་གྱི་རྣམ་འགྱུར་ལས་སྤྱི་དམངས་ཤིག་གི་བདེན་པའི་ཨུ་ཚུགས་ཀྱི་རྣམ་པའང་གསལ་བོར་མངོན་ཡོད་པས། འཆི་ཕོད་སྙིང་སྟོབས་འདི་ནི་བོད་མི་རིགས་ཀྱི་གཤིས་རྒྱུད་ཀྱི་ཡོན་ཏན་ཁྱད་པར་བ་ཞིག་རེད་ཅེས་ཀྱང་བརྗོད་སྤོབས།
    ཞེས་གཡུ་དྲུག་དཀར་ནས།

  8. རབ་འབྱོར། says:
    2008-06-14 at 11:31 am

    གྲོགས་པོ་རྣམ་པ།

    ངས་རང་གིས་ཅི་བཤད་ལ་དག་སེལ་ཞིག་བཤད་དགོས་བྱུང་།་་་ངའི་མཆན་བུའི་ནང་གི་དོན་གནད་གཅིག་ནི།་་རང་སྲོག་བློས་གཏོང་ཕོད་མཁན་བོད་པ་མ་གཏོགས་མི་འདུག་ཟེར་བ་འདི་ཐལ་ཆ་ཤོར་བ་རེད་ཟེར་གྱི་ཡོད།་་ང་ལ་གོ་འཛོལ་བྱུང་མེད་ན་གཡུ་དྲུག་དཀར་གྱི་རྩོམ་དུ་བོད་མ་གཏོགས་ཤི་ཕོད་པའི་མི་རིགས་ཤིག་མེད་པ་ལྟ་བུ་ཞིག་ཐོན་འདུག

    དོན་གནད་གཞན་ཞིག་ནི།་་་ངས་སུ་དཔའ་བོ་རེད་དང་སུ་དཔའ་བོ་མ་རེད་ཟེར་གྱི་མེད།་་ངས་བོད་རང་གིས་དཔའ་བོ་ཟེར་བ་འདི་ལ་ངོས་འཛིན་སྟངས་གཞན་པ་ཞིག་ཀྱང་ཡོད་པ་དེ་སྟོན་གྱི་ཡོད།་་་སྐལ་བཟང་ལགས་ཀྱིས་གསུངས་པ་བདེན་པ་རེད།་་དཔའ་ཡང་དག་གི་རྩ་བ་གླེན་དགོས་ཟེར་བའི་དཔའ་བོ་དེ་་དེང་སང་བོད་ཀྱི་རྩ་དོན་རྩོད་པའི་དཔའ་བོ་ལ་འབྱོར་ཁག་པོ་ཡིན་རྒྱུ་རེད།་་ཡིན་ན་ཡང་སྤྱི་ཚོགས་ཐོག་ན།་་དོན་དག་ཆུང་ཆུང་ཞིག་ལ་ཁོང་ཁྲོ་ཆེན་པོ་ཞིག་ལངས་ཤིང་།་་་རང་གཞན་གཉིས་ཀའི་ཚེ་སྲོག་ལ་རྩིས་ཐང་མེད་པའི་ཤི་ཕོད་པ་ཡང་མང་པོ་ཞིག་གནའ་དེང་གཉིས་ཀ་ཡོད་གི་ཡོད་པ་རེད།་་་དཔའ་ཡང་དག་གི་རྩ་བ་གླེན་དགོས་ཟེར་བ་འདི་འདྲ་ཞིག་ལ་གོ་དགོས་པ་ཡིན་ནམ།་་གང་ལྟར་ཡང་བོད་རང་ལ་དཔའ་བོ་ཟེར་བ་དེར་ངོས་འཛིན་བྱེད་སྟངས་འདི་འདྲ་ཞིག་འདུག

  9. གཡུ་དྲུག་དཀར། says:
    2008-06-20 at 12:55 am

    སྐུ་ཞབསཟུར་ལྟ་དང་རབ་འབྱོར། ཕུར་ཙེ་གསུམ་ལགས།
    ཁྱོད་ཚོས་ཀྱང་རང་རང་གི་ཐེངས་འདིའི་བོད་མིའི་འཆི་ཕོད་སྙིང་སྟོབས་ལ་ལྟ་ཚུལ་ཞིབ་ཚགས་ཤིག་བརྗོད་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme