Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གལ་སྲིད་ང་ཕ་མ་ཡིན་ན།

Posted on 2008-12-172008-12-17 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 7 Comments on གལ་སྲིད་ང་ཕ་མ་ཡིན་ན།

སྐར་ཆེན། ཡོ་རོབ།
རྨོངས་འཆར་འདི་སྤེལ་དུས། ངས་གལ་སྲིད་ཞེས་བའི་ཐ་སྙད་འདི་སྤྱོད་དགོས་བར་གྱུར། རྒྱུ་མཚན། ང་ཕ་མ་མིན། ང་བུ་ཕྲུག་ཞིག་ཡིན། མཐོ་སློབ་འགྲིམས་བཞིན་པའི་བུ་ཕྲུག་ཞིག་ཡིན།
སློབ་བུ་ཞིག་ཡིན།  རང་གི་ཕ་ཡུལ་དང་ཁ་བྲལ་བའི་སློབ་བུ་ཞིག་ཡིན། ཕ་མ་མ་ཐུག་པར་ལོ་བརྒྱད་འགོར་བའི་སློབ་བུ་ཞིག་ཡིན། འོན་ཀྱང་། གལ་སྲིད་ང་ཕ་མ་ཡིན་ན། ངེད་ལ་བུ་ཕྲུག་བསྐྱེད་པའི་དམིགས་ཡུལ་་ཞིག་ཡོད་། རང་གི་བུ་ཕྲུག་གི་འཚར་ལོངས་ལ་རེ་བ་ཞིག་ཡོད།
རང་གི་བུ་ཕྲུག་གཅེས་བར་སྐྱོང་སྟངས་ཀྱི་བརྒྱུད་རིམ་ཞིག་ཀྱང་ཡོད། ངེད་ཀྱི་བསམ་པར་བརྒྱུད་རིམ་འདི་ཕ་མ་ཚང་མར་དགོས་ངེས་ཤིག་རེད་འདོད། འོན་ཀྱང་། ངེད་ཀྱི་དྲིན་ཆེན་ཕ་མ་གཉིས་གཙོས་བའི་བོད་ནང་གི་ཕ་མ་ཚོར་འདི་ལྟའི་བརྒྱུད་རིམ་དེ་མེད། ཁོང་ཚོར་བརྒྱུད་རིམ་འདི་མེད་པར་ཐུགས་ཁག་མེད། ཁོང་ཚོར་སློབ་སྦྱོང་མེད།  རང་ལ་དགོས་བའི་འཚོ་སྡོད་ཀྱི་ཐོབ་ཐང་དེ་མེད། རང་ལ་བདག་པའི་འཚོ་སྡོད་ཀྱི་རང་དབང་དེ་མེད། རང་དབང་དང་ཐོབ་ཐང་ཟེར་བ་དེ་མེད་ན་བརྒྱུད་རིམ་འདི་དག་ལག་ལེན་ལ་འཁྱོངས་དཀའ། ངེད་ལ་ཁོང་ཚོར་ལེ་བདའ་མེད།
གལ་སྲིད་ང་ཕ་མ་ཡིན་་ན། ངེད་ལ་བུ་ཕྲུག་བསྐྱེད་པར་དམིགས་ཡུལ་ཞིག་ཡོད་། ངེད་ཀྱི་མི་རིགས་འདི་འཆི་གསོན་གྱི་གནས་ལ་ལྷུང་ནས་ཡོད། ངེད་ཀྱི་མི་རིགས་ལ་མི་གྲངས་ས་ཡ་དྲུག་ཡས་མས་ཤིག་མ་གཏོགས་མེད།
 ངེད་ཀྱི་མི་རིགས་འདི་རྒྱའི་གཉའ་གནོན་འོག་ཤོར་ནས་ཡོད། རྒྱའི་མི་འབོར་གྱི་བཙན་འཛུལ་འོག་ལ་ཤོར་ཉེན་ཆེ། ངེད་ཀྱི་མི་རིགས་འདི་རྩ་བརླག་ལ་མ་སོང་བའི་སླད་དུ་ངེད་ཀྱིས་ཅིས་ཀྱང་མི་འབོར་གྱི་གྲངས་ཀ་དེ་སྤར་དགོས། གལ་སྲིད། བོད་པའི་ཕ་མ་རེ་རེས་ངོས་ནས་བུ་ཕྲུག་གསུམ་རེ་བསྐྱེད་པ་ཡིན་ན། ཉུར་མཐར་ཡང་བོད་མི་རིགས་ཀྱི་མི་གྲངས་དེ་ས་ཡ་བཅུ་བརྒལ་འགྲོ་གི་རེད། དེས་ན་ངེད་ལ་མི་འབོར་གྱི་སྟོོབས་ཤུགས་ཤིག་ཀྱང་ཡོད། ངེད་ལ་མི་འབོར་གྱི་སྟོབས་ཤུགས་འདི་ཅིས་ཀྱང་དགོས་ངེས་ཡིན།

གལ་སྲིད་ང་ཕ་མ་ཡིན་་ན། ངས་རང་གི་བུ་ཕྲུག་གི་མོས་པ་དང་འདུན་པ་ལ་རྒྱབ་སྐྱོར་དང་རམ་འདེགས་བྱེད་ཀྱི་ཡིན། གལ་སྲིད་ངེད་ཀྱི་བུ་ཕྲུག་གི་མོས་པ་དང་འདུན་པ་དེ་རི་མོ་བ་ཞིག་བྱེད་རྒྱུ་དེ་ཡིན་ན། ངས་བུ་ཕྲུག་གི་མོས་པ་དང་འདུན་པ་དེར་གཞི་རྐང་ཡག་པོ་ཞིག་ཚུགས་རྒྱུའི་དོན་དུ་རང་གི་ནུས་ཚོད་ཀྱིས་མཐུན་རྐྱེན་སྦྱོར་རྒྱུ་ཡིན།  གཞན། ངས་བུ་ཕྲུག་དེ་རྩོམ་འབྲི་བ་ཞིག་ཆགས་ན་བསམ་བའི་རེ་བ་དང་འདོད་པ་དེ་བུ་ཕྲུག་གི་མོས་པ་དང་འདུན་པ་ཕྱོགས་སའི་་རི་མོ་བའི་སྒང་ལ་གཡོགས་ཀྱི་མིན་།   ཕ་མའི་མོས་པ་དང་འདུན་པ་བུ་ཕྲུག་གི་སྒང་ལ་རྒྱས་འགེབ་བྱེད་རྒྱུའི་འདོད་པ་ངེད་ལ་མེད།
གལ་སྲིད་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་དུ། ངེད་ཀྱི་བུ་ཕྲུག་གིས་རི་མོ་བ་ཞིག་བྱེད་རྒྱུའི་མོས་པ་དང་འདུན་པ་དེ་བརླགས་ནས་པར་ལེན་པ་ཞིག་བྱེད་རྒྱུར་བློ་ཁ་ཕྱོགས་པ་ཕྱོགས་པ་ཡིན་ན་། ངེད་ཀྱིས་དེ་ལ་རྒྱབ་སྐྱོར་་བྱེད་ངེས། ངེད་ཀྱིས་དེ་ལ་མོས་མཐུན་བྱེད་ངེས།

གལ་སྲིད་ང་ཕ་མ་ཡིན་ན། ངེད་ཀྱིས་བུ་ཕྲུག་གི་མཚར་འཛིན་གྱི་བློ་རིག་ལ་གཏོར་བཅོམ་གཏོང་མི་སྲིད། མཚར་འཛིན་གྱི་བློ་རིག་འདི་བུ་ཕྲུག་གི་ཡོན་ཏན་རེད། མཚར་འཛིན་གྱི་བློ་རིག་འདི་བཅོམ་པ་ཡིན་ན། བུ་ཕྲུག་གི་བསམ་བློའི་ཡར་རྒྱས་མེད་པ་བཟོས་བ་དང་གཅིག་པ་རེད།
ཤེས་བྱ་ཞེས་བ་དེ་བློ་རིག་གི་བང་མཛོད་ལྟ་བུ་ཞིག་ཡིན་ན། མཚར་འཛིན་གྱི་བློ་དེ་བང་མཛོད་དེའི་སྒོ་འབྱེད་བྱེད་ཀྱི་ལྡེ་མིག་ལྟ་བུ་རེད། ངེད་ཀྱི་བུ་ཕྲུག་ལ་མཚར་འཛིན་གྱི་བློ་རིག་ཡོད་པ་ལ་བརྟེན། དུས་ནས་དུས་སུ་བུ་ཕྲུག་གིས་ངེད་ལ་དྲི་བ་གཏོང་གི་རེད། དོགས་འདྲི་བྱེད་ཀྱི་རེད།
བསམ་གཞིགས་སློང་གི་རེད། ངེད་ཀྱིས་གང་ཐུབ་ཐུབ་ཀྱིས་དྲི་བ་རེ་རེར་ལན་རྒྱག་གི་ཡིན། ངེད་ཀྱིས་མ་ཤེས་ཡོད་ན། གཞན་ལ་འདྲི་གི་ཡིན། དེབ་ྐློག་ནས་བཙལ་གྱི་ཡིན། ངེད་ཀྱིས་ལན་འདེབས་དཀའ་བའི་མཚར་འཛིན་གྱི་དྲི་བ་དེ་འདྲར་ཐུག་ན།   ངེད་ཀྱིས་བུ་ཕྲུག་ཆེད་ལས་མཁས་པ་དེ་འདྲའི་རྩར་འཁྲིད་ནས་ཆེད་ལས་མཁས་པ་དང་མཉམ་དུ་གླེང་སློང་བཅུག་གི་ཡིན། 
གང་ལྟར། ངེད་ཀྱི་བུ་ཕྲུག་འདི་རྗེས་མ་བླུན་པོ་ཆུ་སྣ་གར་འཁྲིད་མ་ཡིན་པར་དོགས་དཔྱོད་ཀྱི་བློ་ཡོད་མཁན་ཞིག་། བྱ་དངོས་འདྲ་མིན་གྱི་་གནས་ལུགས་ལ་ཞིབ་པར་འཇུག་མཁན་ཞིག།
དཔྱོད་ཤེས་ཀྱི་བློ་རྒྱ་ཡོད་མཁན་ཞིག་ཆགས་རྒྱུ་ནི་ངེད་ཀྱི་རེ་བ་ཡིན།
གལ་སྲིད་ང་ཕ་མ་ཡིན་ན། ངེད་ཀྱི་བུ་ཕྲུག་གིས་ནོར་འཁྲུལ་བཟོས་བ་ཡིན་ན།
ངས་བུ་ཕྲུག་ལ་གཤེ་གཤེ་གཏོང་མི་སྲིད། རྡུང་རྡེག་དེ་བས་ཀྱང་ག་ལ་གཏོང་ཕོད། བུ་ཕྲུག་གིས་བཟོས་བའི་ནོར་འཁྲུལ་རེ་རེ་ནི་ཉམས་མྱོང་གི་སྨན་ཐུན་རེ་རེ་ཡིན། ནོར་འཁྲུལ་ཆུང་ཆུང་རེ་རེས་ངའི་བུ་ཕྲུག་ལ་བློ་ཁ་གསར་བ་རེ་རེ་ཕྱེས་ཀྱི་ཡོད།
དེས་ན། ངས་བུ་ཕྲུག་ལ་གཤེ་རྒྱུའི་ཚབ་དུ། བུ་ཕྲུག་དང་མཉམ་དུ་ནོར་འཁྲུལ་དེའི་སྐོར་ལ་གླེང་མོལ་བྱེད་ཀྱི་ཡིན། གླེང་མོལ་དེ་གྲོགས་པོའི་ངོ་བོའི་སྒོ་ནས་བྱེད་ཀྱི་ཡིན། བུ་ཕྲུག་ལ་ནོར་འཁྲུལ་གྱི་འབྱུང་རྐྱེན་དང་བརྒྱུད་རིམ་སོགས་གླེང་མོལ་བྱེད་ཀྱི་ཡིན།
འོན་ཀྱང་། བུ་ཕྲུག་སོ་སོའི་ངོས་ནས་ནོར་འཁྲུལ་ཡིན་པ་ངོས་མ་ཟིན་བར་དུ་ངེད་ཀྱིས་བུ་ཕྲུག་ལ་དེ་ནོར་འཁྲུལ་རེད་ལབ་ཀྱི་མིན། ནོར་འཁྲུལ་ངོས་ཟིན་མཚམས་། ངེད་ཀྱིས་བུ་ཕྲུག་ལ་སོ་སོའི་ནོར་འཁྲུལ་སོ་སོས་ཡོ་བསྲང་བྱེད་དགོས་བའི་བསམ་ཚུལ་འདོན་གྱི་ཡིན།
ངེད་ཀྱི་སོ་སོ་བུ་ཕྲུག་ཡིན་པའི་སྐབས་ཀྱི་ནོར་འཁྲུལ་རྣམས་ཁོང་ལ་གླེང་མོལ་གྱི་ལམ་ནས་བཤད་ཀྱི་ཡིན།
གལ་སྲིད་ང་ཕ་མ་ཡིན་ན། ང་ཐག་རིང་ལ་འགྲོ་དགོས་བྱུང་ན།
ངས་རང་གི་མི་ཚེའི་ཉམས་མྱོང་རྣམས་ཡིག་ཐོག་ལ་བྲིས་ཏེ་བུ་ཕྲུག་ལ་བསྐུར་གྱི་ཡིན། བུ་ཕྲུག་གིས་བྱས་བའི་བྱས་རྗེས་སྣ་གཅིག་ཡིན་ཡང་དེ་ལ་གདེངས་འཇོག་ཆེན་པོ་བྱེད་ཀྱི་ཡིན། ད་དུང་དེས་ག་ལ་ཚད། དགོས་དོན་བྱུང་ན། ངས་བུ་ཕྲུག་གི་དགེ་རྒན་ལ་ཡང་འཕྲིན་ཡིག་བཏང་ནས་བུ་ཕྲུག་གི་སྐོར་ལ་བསམ་ཚུལ་བརྗེ་རེས་བྱེད་ཀྱི་ཡིན།
གལ་སྲིད་ང་ཕ་མ་ཡིན་ན། གལ་སྲིད་ང་ཕ་མ་ཡིན་ན།
འོན་ཀྱང་། ང་ཕ་མ་མིན། སློབ་ཕྲུག་དཀྱུས་མ་ཞིག་ཡིན།

སྣ་ཚོགས། Tags:Add new tag

Post navigation

Previous Post: "བོད་ཆེན་པོ་"ཟེར་བར་གཞི་འཛིན་ས་གང་ཡང་མེད།
Next Post: གཞས་པའི་ངོ་གདོང་སྐྱུར་མོ།

Comments (7) on “གལ་སྲིད་ང་ཕ་མ་ཡིན་ན།”

  1. ཀླུ་སྨྱོན། says:
    2008-12-17 at 10:22 pm

    ལོ་ཁ་ཤས་ལས་མི་འགྱངས་པར་ཉིད་ཀྱང་ཕ་མ་གང་ཤེས་ཏེ་ཕ་རྒན་ཞིག་ཏུ་འགྱུར་གི་རེད། དེ་དུས་ཉིད་ཀྱིས་གོང་གི་རྩོམ་ཡིག་འདི་བཞིན་ལག་ལེན་དུ་འདེབ་ཐུབ་པའི་སྨོན་ལམ་འདེབས། ཡིན་ན་ཡང་ཕ་སེམས་བུ་དང་བུ་སེམས་རྡོ་ཞེས་པའི་གཏམ་དཔེ་འདི་ཡང་མིག་མཐོང་ལག་ཟིན་དུ་ཡོང་གི་འདུག་ཡ།

  2. Dhondup Tashi Rekjong says:
    2008-12-17 at 10:48 pm

    ང་ཕ་རྒན་ཞིག་ཆགས་རྒྱུར་ཉུང་མཐར་ཡང་ལོ་ངོ་བཅུ་གྲངས་འགོར་གྱི་རེད་།
    རྒྱུ་མཚན། ང་ད་དུང་སློབ་ཕྲུག་རེད། ང་ལ་སྦྱངས་བྱའི་ྐློག་དེབ་མང་། བགྲོད་བྱའི་ལམ་བུ་མང་།
    རྗེས་མ་ལྷོད་ཀྱི་ཁ་བརྡ་བྱེད་ཡ།

  3. karchen says:
    2008-12-17 at 10:52 pm

    ཕྱོགས་གཞན་ཞིག་ནས་ངེད་ཀྱི་རྨོངས་འཆར་འདི། ཕ་སེམས་བུ་དང་བུ་སེམས་རྡོ་ཡིན་མཁན་ཚོར་བརྡ་ཞིག་ཡིན།

  4. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-18 at 6:27 pm

    གལ་ཏེ་བུ་ཕྲུག་དེ་ནི་དེང་རབས་ཀྱི་ལུགས་སྲོལ་བཟང་བོ་དང་དར་སྲོལ་ཆེ་བས་དུད་ནག་འཐེན་མཁན་གྱི་ལམ་ཁར་ཞུགས་ན་ཁྱེད་རང་གི་ཁོས་འདོད་ཐོག་དུ་འཇོག་རྒྱུ་ཡིན་ནམ། ཡང་ན། དེང་རབས་ཀྱི་ལུགས་སྲོལ་དུ་བརྩི་བས་མཚན་སྲེད་དམ་འཁྲིག་སྲེད་ལ་རོལ་མཁན་ཞིག་བྱེད་རྒྱུ་ཡིན་ཟེར་ན་ཁྱེད་རང་གི་དེ་ལ་རྒྱབ་སྐྱོར་བྱེད་ཐུབ་བམ། ད་དུང་། ཉིན་ཞིག་ཁྱེད་རང་གི་རྒྱུ་དངུལ་ཡོད་ཚད་ཁོ་རང་གི་མིང་ཐོག་དུ་འཇོག་དགོས་ཟེར་ན་ཁྱེད་རང་གི་འཇོག་ངེས་ཡིན་ནམ། ཨོ་རེད། ཁྱེད་རང་སློབ་ཕྲུག་ཞིག་ཡིན་སྟབས་ཕ་མ་ཟེར་བས་སྐྱིད་སྡུག་ཁ་ཙམ་ཞིག་གླེང་ཤེས་པ་ལས་རྨི་ལམ་བཟང་བོ་ཞིག་རྨིས་པ་ལས་གང་ཡང་མ་རེད། རྒྱུ་མཚན་དང་དཀའ་ངལ་ནི་ཁྱེད་རང་གི་ད་དུང་མི་ཤེས་སྟབས་ཁག་ཡོད་རྒྱུ་མ་རེད། ཡིན་ཡང་། གོང་གི་འདི་དག་ལ་ལན་རེ་འདེབས་པར་འཚལ།

  5. སྟག་སྨྱོན། says:
    2008-12-18 at 7:05 pm

    ངས་དང་པོ་ཕྱི་རྒྱལ་གྱི་མིའི་འགྲོ་འདུག་སྤྱོད་གསུམ་ལ་རང་གིས་ལད་མོ་ཡག་པོ་བྱེད་ན་འདོད། དེ་ནས་རང་གིས་ལད་མོ་བྱས་ནས་གང་སྦྱངས་པ་ཕྲུ་གུ་ལ་སྤྲོད་ཀྱི་ཡིན། ད་དུང་ཟ་མ་ཟ་དུས་དང་ཇ་འཐུང་དུས་ཕྲུ་གུ་ལ་ཕྱི་རྒྱལ་གྱི་མི་དང་གཅིག་པ་གཅིག་རྐྱང་བྱས་ནས་ཟ་དགོས་ཟེར་ན་འདོད། གང་ལྟར་བོད་པའི་རྟགས་བསྟན་ན་མི་ཆོག་ཟེར་དགོས་པ་མིན་འགྲོ། བོད་པའི་ཟ་སྟངས་འཐུང་སྟངས་དང་སློབ་གསོ་རྗེས་ལུས་རེད་ལབ་ན་ཉན་གྱི་ཡོད་འགྲོ། ད་དུང་ལོ་བཅོ་བརྒྱད་ནས་ངས་ཁྱོད་ལ་མི་བརྩི། ཁྱེད་ཀྱིས་ཕ་མའང་བརྩི་མི་དགོས། ཕ་མ་དང་ལྟ་བ་མི་མཐུན་ན་པོ་ལི་སི་བོས་ནས་ཕ་མ་བཙོན་ཁང་དུའང་བཅུག་ཆོག་གི་རེད་ལབ་ན་ཡག་པོ་འདུག་གམ།

  6. karchen says:
    2008-12-18 at 9:40 pm

    ངེད་ཀྱི་རྨོངས་འཆར་ལྟར་ན། དུད་ནག་འཐེན་མཁན་གྱི་རིེགས་འདི་དེང་རབས་ཀྱི་ལུགས་སྲོལ་བཟང་པོ་ཞིག་མ་རེད། མི་རིགས་དང་རྒྱལ་ཁབ། ཚོགས་སྡེ་སུས་ཀྱང་འདི་ད་ཕན་ལུགས་སྲོལ་བཟང་པོ་ཞིག་ལ་བརྩི་མཁན་བྱུང་མེད།
    ཁྲོམ་རྭའི་དཔལ་འབྱོར་གྱི་ཐོག་ཏུ་ཡང་འདི་ཚོང་གི་མ་རྩ་ཞིག་ལ་ངོས་འཛིན་གྱི་འདུག་མ་གཏོགས་ལུགས་སྲོལ་བཟང་པོ་ཞིག་ལ་ངོས་འཛིན་གྱི་མི་འདུག དུད་ནག་གི་ཐོན་ཁུངས་གཙོ་བོ་ཡིན་པའི་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་དེ་དག་གིས་ཀྱང་དུད་ནག་འདི་ལུགས་སྲོལ་བཟང་པོ་ཞིག་ལ་བརྩི་གི་མི་འདུག
    དར་སྲོལ་ཆེ་བ་དང་ལུགས་སྲོལ་བཟང་བོ་གཉིས་ཁ་ཁ་རེད། ངེད་ཀྱི་བུ་ཕྲུག་གི་མི་ཚེའི་ཕུགས་བསམ་དང་མདུན་ལམ་གྱི་སྐོར་ནས་ཚན་པ་ཞིག་གླེང་ཡོད། དེ་ཡང་ཕུགས་བསམ་དང་མདུན་ལམ་ཐག་གཅོད་དང་འདེམས་མོས་ཀྱི་སྐོར་ནས་རེད་མ་གཏོགས་འཁྲུག་སྲེད་དང་དུད་ནག་སོགས་སྒེར་གྱི་བྱ་སྤྱོད་དང་འབྲེལ་བའི་སྐད་ཆ་དེ་མ་རེད།་ ངེད་ཀྱི་རེ་བར། ཁྱེད་ཀྱིས་ངེད་ཀྱི་རྨོངས་འཆར་དེ་བསྐྱར་ྐློག་ཞིག་བྱེད་རོགས། ཞིབ་ཚགས་པོའི་སྒོ་ནས་ྐློགས། སེམས་པ་རྒྱ་ཡན་ལ་མ་སོང་བར་ྐློགས། དོན་དག་སེམས་ལ་ངེས་ནས་ྐློགས། དེ་ནས་སོ་སོར་བསམ་ཚུལ་ཡོད་ན། རྨོངས་འཆར་ཡོད་ན། ནོར་འཆུག་མེད་པར་ཤོད། ནང་དོན་མ་འགལ་བར་ཤོད། མ་རེད་དམ།
    བུ་ཕྲུག་དེ་ཡང་རང་གི་ནོར་འཁྲུལ་ངོས་ལེན་ཐུབ་པ། རྟོགས་དཔྱོད་ཀྱི་བློ་རིག་ཡོད་མཁན་ཞིག་ཡིན་དུས།
    བྱ་སྤྱོད་ཐ་མལ་བའི་རིགས་འདི་འདྲ་བསྟེན་གྱི་མ་རེད། ང་ཕ་མ་མ་རེད། སློབ་ཕྲུག་རེད། ཁྱེད་བདེན་པ་རེད། འོན་ཀྱང་། ངས་ཕ་མའི་དཀའ་ངལ་མཐོང་མྱོང་། ཐོས་མྱོང་། དེའི་ཕྱོགས་ལ་བསམ་བློ་བཏང་མྱོང་། ཕ་མའི་དཀའ་ངལ་མཐོང་ནས་མིག་ཆུ་བཏང་མྱོང་། སེམས་པ་སྡུག་གིས་མནར་མྱོང་།
    དེར་བརྟེན། རྨོངས་འཆར་འདི་འདྲ་ཞིག་སྤེལ་ཡིན།

  7. karchen says:
    2008-12-18 at 9:52 pm

    ངེད་ཀྱིས་བསམ་ན། ནུབ་ཕྱོགས་པའི་ཕ་མས་བུ་ཕྲུག་སྐྱོང་སྟངས་དང་ཤར་ཕྱོགས་པའི་ཕ་མའི་བུ་ཕྲུག་སྐྱོང་སྟངས་ཐད་ན་ལེགས་ཆ་དང་ཞེན་ཆ་གཉིས་ཀ་ཡོད་གི།
    ལེགས་པའི་ཆ་བླངས་ནས་སོ་སོའི་བུ་ཕྲུག་ལ་སྤྲོད་ཨེ་ཐུབ་བལྟ་རྒྱུ་དེ་གལ་ཆེན་པོ་རེད། བུ་ཕྲུག་དེ་ཡང་རྗེས་མ་འཛམ་གླིང་ལ་བལྟ་ཤེས་མཁན་ཞིག་ཆགས་ཀྱི་རེད།
    ལེགས་ཉེས་བླང་དོར་ཤེས་མཁན་ཞིག་ཆགས་ཀྱི་རེད། ཕ་མ་ཡིན་ལབ་ནས་དབང་ཆ་གཅིག་སྡུད་འདྲ་བོ་བྱས་ནས་བསྡད་ན་བུ་ཕྲུག་མི་ཕན་པའི་ཐོག་ལ་སོ་སོའི་ནང་སེམས་ཀྱི་བདེ་ཐང་ལ་ཡང་ཕན་གྱི་མ་རེད་ཡ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme