Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།

Posted on 2026-03-192026-03-19 By ཁ་བརྡ་ No Comments on སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།

མགར་རྡོར།
—  སྔོན་གླེང་། ཉེ་བའི་ལོ་འགའི་ནང་། བོང་རྫིའི་སྨྱོ་བཤད་གཟའ་བཤད་དང་། དག་ལ་མ་དག་པའི་ཡིག་ཉོག་དེ་ཚོ་དྲ་སྒང་ནས་མཐོང་གྲངས་མང་དྲགས་པས་སུན་སྣང་སྐྱེ་བཞིན་ཡོད། མཚམས་རེ་འདི་ལ་རང་གི་བསམ་ཚུལ་ཞིག་འབྲི་དགོས་སྣང་རེ་ཡང་འཆར་མྱོང་ཡོད་མོད། འབྲི་རིན་ཡོད་པར་ཆེར་མ་མཐོང་ནས་དེ་མུར་ལྷག་སོང་། འོན་ཀྱང་ཁ་སང་ཁེ་ཉིན་ཟིག་ནས། དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་ལ་ཅིག་བརྫས་ནས་སྨྱོ་གྲབས་བྱེད་བཞིན་པར་སུན་སྣང་གཏིང་ནས་སྐྱེས། ད་ནི་སྐུ་ཞབས་བོང་རྫིའི་རྣ་རྩེར་ཁྲག་གི་གཏར་ཁ་ཞིག་མ་བྱས་ན། ཁྲག་ཀླད་པར་ཕོགས་ཉེན་ཡོད་པས་འོག་གི་གཏར་ཡིག་རིང་མོ་འདི་བསྒྲིགས་པ་ཡིན། རྩོམ་ཡིག་འདིར་བོད་ཀྱི་མཁས་པ་སྐུ་དྲིན་ཅན་འགའ་ཡི་མཚན་ཡང་འབྲི་དགོས་བྱུང་ཡོད། དྲིན་དྲན་དྲིན་བཟོའི་ཕྱིར་དུ་བྲིས་པའང་ཡིན། གཙོ་བོ་བོང་རྫིའི་ཉོག་ཁ་དེའི་ནང་ཁོང་རྣམས་བཙོག་གྲིབ་ཏུ་མ་ཤོར་ཕྱིར། མཚན་ནས་སྨྲས་ཏེ་བོང་རྫིའི་ཁ་ལས་ཕྱིར་བཏོན་ཟིན་པ་ཡིན། ད་ནས་བཟུང་བོང་རྫི་ཁྱོད་ཀྱིས་ཁོང་རྣམས་པར་མཚན་དམོད་བྱས་ན་”སྡིག་པ་”རང་གིས་ཁུར་དགོས་ཡོད་དོ།།

1- བོང་རྫི་དང་བོང་བུའི་གཤིས་ཀར་འདྲ་ས་ཧ་ཅང་མང་བ་འདྲ། བོད་མིའི་བཤད་རྒྱུན་དུ། བོང་བུའི་བསམ་པ་གནག་ལ་གཤིས་ཀ་གྱོང་ཟེར་བ་གོ་མྱོང་། ད་རུང་བོང་བུས་སྦྱིན་བདག་ལ་བསམ་པ་ངན་ངན་ལ་བསྡད་ཡོད་རེད། གོ་སྐབས་བྱུང་ན་ཁོག་ནག་གི་སྦྱོར་བ་རྩོམ་ངེས་ཡིན་ཟེར་བ་གོ་མྱོང་། སྐུ་ཞབས་བོང་རྫིའི་བསམ་པ་གནག་མིན་མི་ཤེས་ཏེ། བོང་བུར་འགྲོགས་ཡུན་རིང་བས་བོང་བུའི་གཤིས་ཀས་ཤུགས་རྐྱེན་ཐེབས་ཡོད་པ་བརྒྱ་བརྒྱ་རེད། བོང་བུ་ཨུ་ཚུགས་ཆེ་བས་ལས་ཀར་ས་ཆོད་མེད་ཀྱང་སྤྱོད་སྒོ་ཆེ་ཟེར་བ་ལྟར། སྐུ་ཞབས་བོང་རྫིར་ཡང་བརྩོན་འགྲུས་ལྡན་པས་བྱ་བ་ཅི་བརྩམ་མཐའ་འཁྱོང་བྱེད།  དེ་བས་གང་བརྩམ་ལས་ཐམས་ཅད་ལའང་གྲུབ་འབྲས་མི་དམན་པ་ཐོབ་ཡོད། མཚན་སྙན་གྲགས་ཀྱང་བོང་བུ་ལས་རྦད་དེ་བརྒལ་འདུག བོད་ཕྱི་ནང་གཉིས་ན་བོང་རྫི་ངོ་མི་ཤེས་མཁན་ཞིག་ཕལ་ཆེར་མེད་ཚོད་རེད། དེའང་བོང་རྫིས་བོང་བུར་དཔེ་བླངས་ཏེ་ཨུ་ཚུགས་མཐའ་སྐྱེལ་བྱས་པའི་འབྲས་བུ་རེད། བོང་བུར་བོང་བུའི་བཟང་ཆ་ཡོད་ལ། བོང་རྫིར་བོང་རྫིའི་འཇོན་ཐང་ཡང་ཡོད་རེད། འོན་ཀྱང་བོང་བུ་ནམ་ཡང་རྟ་ལ་འགྱུར་མི་ཐུབ་པ་བཞིན། བོང་རྫི་ཡང་ནམ་ཡང་རྟ་རྫིར་འགྱུར་མི་སྲིད། དེ་བས་བོང་རྫིས་ནམ་རྒྱུན་རྟ་རྫི་རྣམ་པར་བསྙད་བསྐོས་བསྐོས་རང་མ་བསྡད་ན། ད་ནས་བཟུང་བོང་རྫིས་ལས་གང་བྱས་རང་དབང་ཡིན་ནོ།།

2- བོང་རྫིའི་མགོ་དེ་བོང་མགོ་རེད། ཚུལ་ཁྲིམས་བློ་གྲོས་ཀྱི་མགོ་དེ་མྱི་མགོ་རེད། བོང་རྫིས་ཉེ་བའི་ལོ་འགའི་རིང་། ཚུལ་ཁྲིམས་བློ་གྲོས་ལ་ལོ་གསུམ་མཁན་པོ་བརྫས། གསེར་རྟ་སྒར་ལ་ཆོས་སྤེལ་ཀུང་སི་བརྫས། དགེ་བཅུའི་ཁྲིམས་ལ་ཤ་འགོག་ལས་འགུལ་བརྫས།  ནམ་ཡིན་ན་གསེར་རྟའི་ཕྱོགས་ལ་ཅིག་བརྫས་བརྫས་རང་བསྡད་སོང་། དཔེར་ན་ཨ་ཡས་རྒན་མོ་ཚོས་མ་ཎི་བགྲང་བགྲང་བྱས་སོང་། བོང་རྫིའི་དམིགས་ཡུལ་ཅི་ཡིན་མི་ཤེས་མོད། ཤུགས་བརྒྱབས་ནས་རྒྱུན་སྐྱོང་མཐའ་འཁྱོང་བྱས་སོང་། ཡ་དེས་ན། བོང་རྫིས་བཤད་པ་ལྟར་ཚུལ་ཁྲིམས་བློ་གྲོས་དངོས་གནས་ཅང་མི་ཤེས་མཁན་ལོ་གསུམ་མཁན་པོ་ཙམ་རེད་དམ་ཟེར་ན། ཆེ་ཡིན། མ་རེད། འོན་ཀྱང་རེད་འདོད་མཁན། བོང་རྫིའི་བོང་ཕྲུག་འགའ་རེ་ཡོད་སྲིད་ན་རྦད་དེ་ནོར་བ་རེད་ཞུས་པ་ཡིན། ཉེ་བའི་ལོ་འགའི་སྔོན་ཞིག་ལ་ཚུལ་ཁྲིམས་བློ་གྲོས་ཀྱིས་འཆད་ཁྲིད་བྱས་པའི་སྒྲ་སྒམ། ཆུ་ཚོད་བདུན་ཅུ་དོན་གཉིས་ཅན་ཞིག་ལ་ཐེངས་གཉིས་ཉན་པ་ཡིན། ཁྲིད་བྱ་དགེ་ཆོས་ཀྱི་ཀླུ་སྒྲུབ་དགོངས་རྒྱན་རེད། མཁས་པའི་ཡན་ན་མཁས་པ་ཞེས་པའི་ཟེར་སྲོལ་དེ་ཁོང་གིས་དེ་དུས་ང་ལ་ཤེས་སུ་བཅུག་སོང་། སྤྱིར་ནང་པའི་གྲུབ་མཐའི་འདོད་སྲོལ་ཙམ་མཁས་པ་ཚང་མས་མཁྱེན་གི་རེད། དབུ་མའི་ལྟ་བའི་སྐོར་ལའང་རང་རང་ལུགས་ལྟར་གསུང་རྒྱུ་ཡོད་རེད། འོན་ཀྱང་གསར་རྙིང་གི་དབུ་མའི་ལྟ་བ་གཉིས་གཞི་གཅིག་ནས་ཕྱོགས་སོ་སོར་གླེང་ཐུབ་མཁན། ངས་ནི་ཚུལ་ཁྲིམས་བློ་གྲོས་མ་གཏོགས་ད་སྔ་བར་མཐོང་མྱོང་མེད། དེ་བས་ཁོང་གི་མཁྱེན་དཔྱོད་ལ་མོས་གུས་ཚད་མེད་སྐྱེས་མྱོང་ཡོད། ད་རུང་བོང་རྫིས་ནམ་རྒྱུན་ཚུལ་ཁྲིམས་བློ་གྲོས་ཀྱིས་ཅང་ཤེས་གི་མ་རེད། ལོ་གསུམ་མཁན་པོ་ཙམ་རེད་ཅེས་བརྫས་བརྫས་ཐམས་ཅད། དམིགས་ཡུལ་ཡོད་པའི་སྒོ་ནས། འཆར་གཞི་བཏིང་བའི་སྟེང་ནས། བསམ་བཞིན་དུ་ཁོང་ལ་སྐུར་འདེབས་དང་སྒྲོ་འདོགས་བྱས་པའང་ཞོར་དུ་ཤེས་སོང་། ཉེ་བའི་ཟླ་ཤས་གོང་། དགེ་བཤེས་ལྷ་རམས་ཤིག་གིས། སྐྱེ་བ་སྔ་ཕྱི་ཡོད་མེད་དང་རྣམ་ཤེས་ཀྱི་རྒྱུན་ཚེ་ཕྱི་མར་འགྲོ་རྒྱུ་ཡོད་མེད་སོགས་ལ་དོགས་པ་ཞིག་བྱས་པ་རེད། ཚན་རིག་དང་མཐུན་པའི་སྒོ་ནས་དེ་ལ་ལན་དོན་མཐུན་ཞིག་རྒྱག་མཁན་ད་སྔ་བར་ཕལ་ཆེར་བྱུང་མེད་པ་འདྲ། འབྱུང་ཡང་ཐུབ་གི་མ་རེད། འོན་ཀྱང་ཚུལ་ཁྲིམས་བློ་གྲོས་ཀྱིས་ཚན་རིག་དང་མི་མཐུན་པའི་སྒོ་ནས་དེ་ལ་ལན་དོན་མཐུན་ཞིག་སྔོན་མ་ནས་བརྒྱབས་ཚར་འདུག  དེའང་ཁོང་གི་ཕུལ་དུ་བྱུང་བའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པ་ཞིག་ལ་བདག་གིས་འདོད་བཞིན་ཡོད། ནང་བསྟན་དང་ཚན་རིག་གི་རིགས་པའི་འཛིན་མཚམས་ཞེས་པའི་ཁོང་གི་བརྙན་ལྡན་འཆད་ཁྲིད་དེ་ལ་ལྟ་མྱོང་ཡོད་ན་ཧ་གོ་ཐུབ། མདོར་ན་ཚུལ་ཁྲིམས་བློ་གྲོས་ལགས་ནི་གནའ་དེང་གི་རིག་པའི་བང་མཛོད་ཅིག་རེད། སྐུ་ཞབས་བོང་རྫི་ལགས་ནི་བལ་བ་ཛ་ནང་བཞིན་ཅི་ལོ་འདི་ལོ་མེད་པ་ཞིག་མ་རེད་དམ། དེ་བས་བོང་རྫིའི་མགོ་དེ་བོང་མགོ་རེད། ཚུལ་བློའི་མགོ་དེ་མྱི་མགོ་རེད་ཞུས་ཏེ་བོང་རྫི་དང་ཚུལ་ཁྲིམས་བློ་གྲོས་ཀྱི་རྩོད་སྤོང་གླེང་ཟིན་ཏོ།།

3- བོང་རྫིས་བདུད་ལྷ་རྒྱལ་སོད་གི་མ་རེད། དེང་སང་བོང་རྫིས་བདུད་ལྷ་རྒྱལ་ཨེ་སོད་ལྟ་བཞིན་འདུག་མོད།  སོད་གི་མ་རེད། སྤྱིར་ན་བོང་རྫིར་བདུད་ལྷ་རྒྱལ་གསོད་བྱེད་ཀྱི་ལག་ཆ་ཡོད་མ་རེད། དགའ་ལྡན་ཕོ་བྲང་གྲི་མདུང་ལ་བསྒྱུར་ནས་གསོད་རྩིས་བྱས་ཀྱང་སོད་རྒྱུ་དཔེ་མི་སྲིད། བོང་རྫིར་ཅི་ཡང་ཡོད་མ་རེད། མཐའ་ན་སྨྲ་བརྗོད་དག་པའི་ལྕེ་བདེ་མོ་ཞིག་ཀྱང་མི་འགུ། ཁོ་བོ་བདུད་ལྷ་རྒྱལ་གྱི་དངོས་སློབ་ཏུ་གྱུར་མྱོང་བས་བོང་རྫི་ལས་གསལ་ཆ་ཧ་ཅང་ཆེ། བདུད་ལྷ་རྒྱལ་གྱི་མཁྱེན་དཔྱོད་དང་རིག་གཞུང་གི་བྱང་ཚད་དེ་གྲངས་ལ་གཞལ་ན། བོང་རྫིའི་སྐྲ་ལས་ཀྱང་མང་བ་ཁོ་ཐག་ཡིན། བོད་ལ་མཚོན་ན། བདུད་ལྷ་རྒྱལ་ནི་རྩོམ་རིག་དཔྱད་བརྗོད་ཀྱི་ཤིང་རྟ་བ་ཞིག་ཡིན་པ་ཡོངས་གྲགས་རེད།  བོང་རྫིས་ཁ་འཁྲུག་བཤད་རྒྱུ་མ་གཏོགས། ཡིག་ནོར་དོན་ནོར་མེད་པའི་རྩོམ་ཡིག་སྤུས་དག་གཅིག་ར་འབྲི་མི་ཤེས་ཁོ་ཐག་རེད། ཡིད་མི་ཆེས་ན། བོང་རྫིས་དྲ་སྒང་དུ་ཡིག་ཕྲེང་འགའ་རེ་བསྒྲིག་པ་དེ་ཚོར། ལྟོས་དང་ཧ་གོ་ཡོང་། “བྱ་རོག་སོར་རྟོག་”ཅན་པོ་འགྲིག་འདུག་པཱ་ཟེར་ན།  གཞན་གྱི་སྨྱུག་རྩེས་རོགས་པ་མེད་པར། བོང་རྫིའི་སྐེ་བཅད་ནའང་དེ་འདྲ་ཞིག་འབྲི་ཐུབ་གི་མ་རེད་དོ།། ལོ་ངོ་སུམ་བརྒྱ་ཙམ་གྱི་སྔོན་ཞིག་ལ། དགའ་ལྡན་ཕོ་བྲང་། འབྲས་སྤུངས་དགོན་པའི་བླ་བྲང་ཞིག་ནས་ལྷ་སའི་སྲིད་གཞུང་གསར་བར། འཕོ་བ་གྲོང་འཇུག་བྱས་པ་རེད། མིང་ལ་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་བཏགས་པ་རེད།  ལོ་ངོ་སུམ་བརྒྱའི་རིང་གི་སྲིད་གཞུང་འདིས། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་གཤའ་མ་ཞིག་བོད་ལ་ལག་བསྟར་བྱས་པ་རེད། བཟང་ན་དེ་རེད། མ་བཟང་ནའང་དེ་རེད། ཞིང་བྲན་ལམ་ལུགས་ཀྱི་གཞུང་དངོས་ཀྱང་ལོ་ངོ་སུམ་བརྒྱ་བོ་འདིའི་རིང་རེད། བོང་རྫིས་འདི་ལ་བསྟོད་ནའང་དེ་རེད། བདུད་ལྷ་རྒྱལ་གྱིས་དེ་ལ་སྨད་ནའང་འདི་རེད། དགའ་ལྡན་ཕོ་བྲང་སྲིད་གཞུང་གིས་ལྷ་སའི་བོད་གཞུང་ལ་ལོ་ངོ་སུམ་བརྒྱའི་རིང་དབང་བསྒྱུར་བ་རེད། མི་རིང་མི་ཐུང་གི་དུས་རབས་གསུམ་ཙམ་གྱི་རིང་འདི། ཕྱིའི་འཛམ་གླིང་ལ་མཚོན་ན་འགྱུར་ལྡོག་ཧ་ཅང་ཆེ་བའི་དུས་རབས་རིམ་མཐུད་ཅིག་རེད། འཛམ་གླིང་ལ་ངེས་པར་བལྟ་དགོས་པའི་དུས་རིམ་ཞིག་ཀྱང་རེད། བལྟ་སའི་སྒེའུ་ཁུང་ཡང་ཡོད་པའི་དུས་རེད། འོན་ཀྱང་སྡེ་བ་གཞུང་གི་སྡེ་སྲིད་མགོ་ལེབ་ཚོས་མ་བལྟས་པ་དེ་དངོས་ཡོད་རེད། བལྟ་མ་ཤེས་པ་ཡིན་ནའང་ཐང་། ད་རུང་བལྟ་མ་འདོད་པའང་ཡིན་གཤིས་ཆེ། གང་ལྟར་ལོ་ངོ་སུམ་བརྒྱའི་རིང་གི་བོད་གཞུང་དེ། དགའ་ལྡན་ཕོ་བྲང་གི་ལག་ནས་འཇིག་སོང་བ་དེ་དངོས་ཡོད་གནས་ཚུལ་རེད། བོང་རྫིའི་ལྕེ་དིག་ལོ་དེས་འགྲེལ་བཤད་ཇི་ལྟར་བརྒྱབས་ཀྱང་། བྱ་རོག་སོ་རྟོག་གི་འགྲེལ་བཤད་རང་ལས་གཞན་ཅང་ཡོད་ནི་མ་རེད་དོ་ཞུས་ཏེ་བོང་རྫི་དང་བདུད་རྒྱལ་གྱི་རྩོད་སྤོང་གླེང་ཟིན་ཏོ།།

4- བོང་རྫིས་དོན་འགྲུབ་རྒྱལ་གྱི་བཀའ་དྲིན་ཁྱག་གི་མ་རེད། བོང་རྫིས་དོན་འགྲུབ་རྒྱལ་ལ་དམར་སྲུང་དམག་མི་བརྫས་ནས་ངན་སྨོད་བྱས་པ་རེད། ཁོ་རང་སྲོལ་རྒྱུན་གྱི་དར་དཔྱངས་ཡིན་ཅན་པོ་རེད། ངོ་མ་དགོད་སྤྱད་རེད་ཡ། ཡ་རབ་བཟང་སྤྱོད་ཀྱི་དྲི་ཙམ་ཡང་མི་བྲོ་བའི་བོང་རྫི་འདི། ངོ་མ་མྱི་དགོད་སྤྱད་རེད་འདུག བོང་རྫི་ཤེས་ཡོན་ཅན་མཁས་པ་ཞིག་མིན་ནའང་མི་སྐྱོན་མོད། གཞན་ལ་ངོ་ཚ་མ་ཤེས། རང་ལ་ངོ་གནོང་མ་ཤེས་ན་དངོས་གནས་ཅིག་རྫོབ་གི། ཇོ་བོ་རིན་པོ། ལོ་རབས་བརྒྱད་ཅུ་བའི་ལོ་མགོ་ཙམ་ནས། དཔལ་དོན་འགྲུབ་རྒྱལ་གྱིས་བོད་ལ་སྔར་མེད་པའི་རྩོམ་རིག་གསར་བའི་ཤིང་རྟ་ཞིག་དྲུད་ནས་ཡོང་བ་རེད། ཤིང་རྟའི་ལམ་ཁ་མེད་པའི་བོད་ལ་མཚོན་ན་རྐང་ལམ་ལ་གོམས་བསྡད་ཡོད་པས། བོང་རྫི་ལྟ་བུའི་མྱི་མང་པོས་ཁོང་ལ་དགག་པ་བརྒྱབ་པ་རེད། ཁོང་གི་གཅེས་པའི་ཚེ་སྲོག་ཀྱང་དེའི་སྐྱེན་པས་ཤོར་སོང་བ་རེད། ལོ་རབས་བརྒྱད་ཅུའི་ལོ་མགོ་ཟེར་དུས། བོད་ལ་རིག་གནས་གསར་བརྗེ་མཇུག་སྒྲིལ་བའི་རྔ་མ་ཏག་ཏག་རེད། སྐབས་དེའི་བོད་ཡིག་ནི་ཤི་མ་གསོན་གྱི་རྨས་མ་ཚབ་ཆེན་ཞིག་རེད། དཔལ་དོན་འགྲུབ་རྒྱལ་ལགས་ནི་སྐབས་དེའི་བོད་ཡིག་གི་ཚེ་སྲོག་སྐྱོབས་པའི་སྨན་པ་སྐུ་དྲིན་ཅན་གཙོ་བོའི་གྲས་རེད། དོན་འགྲུབ་རྒྱལ་ལ་མཁས་དབང་དུང་དཀར་ཚང་དང་། ཚེ་ཏན་ཞབས་དྲུང་། དམུ་དགེ་བསམ་གཏན་སོགས་བོད་རྙིང་པའི་སྐབས་ཀྱི་མཁས་པ་རྒན་པ་ཚོའི་བྱིན་རླབས་ཞུགས་ཡོད་པས། བོང་རྫིས་བཤད་པ་ལྟར་དམར་སྲུང་དམག་མི་ཞིག་ཇི་ལྟར་ཡིན་སྲིད། “ལང་ཚོའི་རྦབ་ཆུའི་”ཆུ་སྒྲ་སྙན་མོ་མི་རིགས་སློབ་ཆེན་དག་གི་སློབ་ཁང་ནས་དབྱངས་ལ་བཏེགས་དུས། བོད་ཡིག་སྦྲུམ་པའི་སློབ་མ་རྣམས་ཀྱིས། དོན་འགྲུབ་རྒྱལ་ནི་དམར་སྲུང་དམག་མི་ཞིག་ཏུ་མ་མཐོང་པར། བོད་སྐྱོངས་བསྟན་མ་བཅུ་གཉིས་གཅིག་འདུས་ཀྱི་ངོ་བོ་ལྟ་བུར་སྣང་ཡོད། “ལང་ཚོའི་རྦབ་ཆུ་”ཁུར་བའི་སྐྱེས་བུ་དོན་འགྲུབ་རྒྱལ་གྱིས། སྐབས་དེའི་བོད་ཡིག་ལ་ཚེ་སྲོག་གསར་པ་གནང་བ་ཙམ་མ་ཡིན་པར། བོད་ཡིག་རྒྱ་ཁྱབ་ཏུ་དར་བར་བྱེད་པར་སྐུལ་འདེད་ཆེན་པོ་ཐེབས་ཡོད། བླ་མ་གྲྭ་བས་ཆོས་འདོད་བྱེད་ཙམ་ནས། རྩོམ་ལུས་སྣ་ཚོགས་པ། བརྗོད་བྱ་སྣ་ཚོགས་པ། སྒྱུ་རྩལ་སྣ་ཚོགས་པས་ཕྱུག་པའི་ད་ལྟའི་བོད་ཡིག་འདི་ཡང་། མཐར་དེད་ན་དྲན་དབང་དོན་འགྲུབ་རྒྱལ་ནས་འགོ་བརྩམས་པ་ལྟ་བུར་སྣང་ཡང་དོན་ལ་གནས་ཡོད། བཀའ་དྲིན་ཆེ་སྐུ་ཞབས་རང་གྲོལ་ལགས། རྗེས་རབས་པའི་འབུམ་རམས་པ་ཆེན་མོ། བསྟན་སྲུང་དམ་ཅན་ཆེན་མོ། སངས་རྒྱས་ཀྱི་དཔའ་རྟུལ་རྒོད་པོ། བོང་དམག་སྟོང་གི་བདག་པོ་སྐུ་ཞབས་བོང་རྫིས་ཁྱོད་ལ་དྲིན་ཤེས་དྲིན་བཟོ་ཞིག་མི་བྱེད་ཐག་གིས་ཆོད་ནའང་། བདག་དང་བདག་གི་ཁྲེལ་ཡོད་བོད་འབངས་རྣམས་དེ་ལྟར་མ་ཡིན་ནོ་ཞུས་ཏེ་བོང་རྫི་དང་དོན་འགྲུབ་རྒྱལ་གྱི་རྩོད་སྤོང་གླེང་ཟིན་ཏོ།།

5- བོང་རྫི་ཞོགས་དུང་གི་འགྲན་ཡ་མ་རེད། བོང་རྫིས་ཞོགས་དུང་སོགས་ལ་རིག་ཁྲམ་པ་ཞེས་པའི་མིང་ཞིག་བཏགས་པ་རེད། བཏགས་པ་དོན་ལ་མི་གནས་ནའང་། བརྫས་བརྫས་གཉི་གས་མྱི་ཚང་མའི་རྣ་བར་གཞག་གཞག་བྱས་ཡོད་རེད། འདི་ནི་བོང་རྫི་བོང་བུ་བཞིན་ཨུ་ཚུགས་ཆེ་བའི་འབྲས་བུ་རེད། སྤྱིར་ན་བོང་རྫི་ཞོགས་དུང་གི་འགྲན་ཡ་མི་ལོ་མོད། བོང་རྫིས་ཅིག་བཤད་བཤད་གཉི་གས་འགྲན་ཡ་ལྟ་བུ་ཞིག་རང་བཞིན་གྱིས་ཆགས་འདུག འོན་ཀྱང་གསལ་བོ་བཟོ་ཡ་ཞིག་ལ། བོང་རྫི་ནམ་ཡང་བོང་རྫི་རང་ཙམ་ལས། བསམ་བློ་གསར་བའི་རུ་དཔུང་ཆེན་ནོ་སྐུ་ཞབས་ཞོགས་དུང་གི་བསྡུར་ཡ་གཏན་ནས་མིན། སྤྱི་ལོ་ཉིས་སྟོང་གསར་ཚེས་དང་མཉམ་དུ། ཞོགས་དུང་ལགས་བོད་ཁམས་ཡོངས་ནས་འབྲུག་གྲགས་གྲགས་བྱས་པ་རེད། དེ་ཡང་ཆར་བ་ཡོད་པའི་འབྲུག་སྒྲ་རེད། ཉེ་བའི་ལོ་ཤས་སྔོན་ནས་བོང་རྫིས་ཀྱང་བོད་ཁམས་ཡོངས་ལ། བོང་བུས་ཧོ་འདེབས་འདེབས་བྱས་ནས་གྲགས་པ་རེད། འོན་ཀྱང་བོང་རྫི་གྲགས་པ་དེ། བོང་བུའི་ཧོ་འདེབས་རང་བྱས་ནས་གྲགས་པ་མ་གཏོགས། གྲགས་པའི་སྒྲ་ལ་ཚིག་མེད་རེད། གལ་སྲིད་ཚིག་ཡོད་པའི་དབང་དུ་བྱས་ནའང་། ཚིག་ལ་དོན་ཡོད་མ་རེད་དོ།། སྟོང་ལོ་གསར་ཚེས་ཀྱི་རྗེས་ནས་ད་སྔ་བར། བོད་ཡིག་ལ་དུས་རབས་དང་མཐུན་པའི་ཚེ་སྲོག་གསར་བ་འབྱིན་མཁན། སྐུ་ཞབས་ཞོགས་དུང་ལགས་བཀའ་དྲིན་ཧ་ཅང་ཆེ་བའི་གྲས་སུ་ཡོད། ངོ་མ་བཤད་ན་ཞོགས་དུང་ལགས་ཀྱི་བསམ་བློའི་ལྗིད་ཤུགས་ཀྱིས། སྐུ་ཞབས་བོང་རྫི་སེན་མོས་ཤུག་གཅུར་གཅུར་བྱས་བཞག་ནའང་གཅུར་ཐུབ་གི་རེད་མོད། ཞོགས་དུང་གིས་བོང་རྫི་ནི་བོང་རྫི་རང་ཡིན་པ་ཤེས་ནས་དེ་མུར་བཞག་བཞག་པ་རེད། བོད་ཡིག་ནང་འབོལ་རྩོམ་འབྲི་བའི་སྒོ་ཆེན་དེ་སྐུ་ཞབས་ཞོགས་དུང་ལགས་ཀྱིས་ཕྱེས་ནས་བཟུང་། བོད་ཡིག་ཀྱང་བརྗོད་བྱ་སྣ་ཚོགས་ཁུར་ཐུབ་པའི་གླང་ཆེན་ས་ལ་རབ་བརྟན་ལྟ་བུ་ཞིག་ཆགས་པ་རེད། བོང་རྫིས་བཤད་པའི་རིག་ཁྲམ་པ་དེ་ཁོང་ལྟ་བུ་ལ་ཟེར་གི་ཡོད་ན། དེ་ནས་བོད་ལ་དགོས་པ་དེ་རིག་ཁྲམ་པ་རེད། འབུམ་རམས་པ་བོང་རྫི་མ་རེད་དོ་ཞུས་ཏེ་བོང་རྫི་དང་ཞོགས་དུང་གི་རྩོད་སྤོང་གླེང་ཟིན་ཏོ།།

6- བོང་རྫིའི་མགོ་ལས་ཐུབ་བསྟན་ཕུན་ཚོགས་ཀྱི་མགོ་དེ་ཆེ་བ་འདུག གཟབ་གཟབ་མ་བྱས་ན་ཕར་བལྟས་ཙམ་གྱིས་ཧ་གོ་མི་ཐུབ། ཁོ་གཉིས་ཀ་བརྙན་ལམ་ནས་མཐོང་དུས་མགོ་ཆེ་ཆེ་གཉིས་རེ་མཐོང་གི་རེད།  འོན་ཀྱང་བོང་རྫིའི་མགོའི་བཟོ་ལྟ་ཆེ་བ་མ་གཏོགས་ནང་ཕལ་ཆེར་སྟོང་པ་རེད།  “བྱ་རོག་སོ་རྟོག་གི་བསྟན་བཅོས་”ཞེས་པའི་མིང་གཡར་མ་ཅན་གྱི་ཤོག་ལྷེ་འགའ། སོབ་སོབ་བྱས་ནས་བསྒྱང་བསྡད་པ་མ་གཏོགས།  བཙུར་ན་མནན་ན་ཇེ་ཆུང་ཇེ་ཆུང་དུ་བུད་འགྲོ་བ་ཞིག་རེད་འདུག ཐུབ་ཕུན་གྱི་མགོ་དེ་བཟོ་ལྟ་ཆེ་བ་ཙམ་མ་ཡིན་པར། ནང་ལའང་རིག་གཞུང་ཁུར་བའི་དེབ་རྒན་རྐང་རྩ་ཅན་དག་དག་གིས་ཁེངས་བསྡད་ཡོད་པའི་བཟོ་འདུག དེབ་རྒན་དེ་དག་གིས་བོང་རྫི་མནན་བཞག་ནའང་ཁོ་ལངས་མི་ཐུབ་ཁོ་ཐག་རེད། མདོར་ན་ཐུབ་ཕུན་གྱི་མགོའི་ནང་ལ་སློབ་མ་སྟོང་ཕྲག་མང་པོས་རིག་པའི་བྲོ་འཁྲབ་ས་ཡོད་རེད།  བོང་རྫིའི་མགོའི་ནང་། རོང་ཕྱོགས་ཀྱི་བོང་བུ་འགས་འཕྲ་གཏུག་ས། འབྲོག་ཕྱོགས་ཀྱི་གཡག་ཐུག་འགའ་རྭ་རྩེད་ས་ཙམ་ལས་མེད་པར་མངོན་ནོ་ཞུས་ཏེ་བོང་རྫི་དང་ཐུབ་བསྟན་ཕུན་ཚོགས་ཀྱི་རྩོད་སྤོང་གླེང་ཟིན་ཏོ།།

7- བོང་རྫི་དང་སྒོ་ཤེར་གཉིས་ཁ་ཁ་རེད།  སྒོ་ཤེར་གྲྭ་བ་གཙང་མ་ཞིག་རེད། བོང་རྫི་གྲྭ་ལོག་གཙང་མ་ཞིག་མ་རེད། སྒོ་ཤེར་གྱིས་རྒྱ་ཡིག་འདོན་ཤེས་པ་མ་ཟད་ནང་དོན་ཡང་གོ་ཚོད་རེད། བོང་རྫིས་དབྱིན་ཡིག་འདོན་ཤེས་པ་མ་གཏོགས་ནང་དོན་གོ་གི་མེད་པ་འདྲ། སྒོ་ཤེར་གྱི་འཆད་པའི་སྨྲ་སྒོ་དག་ལ་སྒྱུ་རྩལ་ལྡན། ཚིག་སྦྱོར་ཡག་ལ་སྙན་ཆ་དོད། གཏམ་གྱི་ལྷུ་ལག་འགྲིག་ལ་མགོ་རྔ་ཚང་། འོན་ཀྱང་བོང་རྫིའི་ལྕེ་གྱོང་ལ་མཉེན་ཆ་མེད།  གྲོང་ཚིག་མང་བས་གཏམ་ལ་ཉམས་མེད། རོང་སྐད་ཤུགས་ཆེ་བས་སྐད་ཆའི་སྙན་ཆ་ཤོར་ཏེ་ཉན་མཁན་ལ་སུན་སྣང་སྟེར།  གཏམ་གྱི་ལྷུ་མ་འགྲིག་པས་གོ་བརྡ་འཕྲོད་དཀའ། དེ་ཡིས་ཉན་མཁན་ལ་ཉོབ་སྣང་སྦྱིན། མདོར་ན་ཞང་ཞུང་བས་བཤད་པ་བཞིན། ཟློ་གར་སྙན་ཚིག་རོ་འཛིན་དང་།། བྲལ་བའི་སྐྱེ་བོ་ལྐུག་པ་ཡིན།། ཞེས་པ་ངོ་མ་དེ་སུ་ཡིན། བོང་རྫིའི་དྲ་སྒང་གི་སྐད་ཆ་དག་ལ་ཉན་ན་རང་ཤུགས་ཀྱིས་རྟོག་ཡོང་བ་ཞིག་ཡོད་པར་འདོད།  ད་རུང་སྒོ་ཤེར་མཁས་པ་ཞིག་རེད། སྣ་འདུས་ཀྱི་མཁས་པ་ངོ་མ་ཞིག་རེད།  བོང་རྫི་མཁས་པ་ཞིག་མ་རེད་ལབ་པ་མིན་ཏེ།  སྒོ་ཤེར་མཁས་སྟངས་ཅན་པོ་མིན་པ་ཐག་གིས་ཆོད། སྒོ་ཤེར་སྐད་གྲགས་ཆེན་པོ་རེད། ཡོངས་འདུས་ཀྱི་སྐད་གྲགས་ཅན་ངོ་མ་ཞིག་རེད། བོང་རྫི་ཡང་སྐད་གྲགས་ཅན་མ་རེད་ལབ་པ་མིན་ཏེ། འོན་ཀྱང་སྒོ་ཤེར་གྲགས་སྟངས་ཅན་པོ་ཡིན་དཔེ་མི་སྲིད། དེ་བས་སྒོ་ཤེར་དང་བོང་རྫི་གཉིས་ཁ་ཁ་རེད་དོ་ཞུས་ཏེ་བོང་རྫི་དང་སྒོ་ཤེས་རབ་རྒྱ་མཚོའི་རྩོད་སྤོང་གླེང་ཟིན་ཏོ།།

8- བོང་རྫི་དང་གཡང་དགའ་གཉིས་གྲོགས་པོ་ཡིན་སར་འགྲོ་མི་དཔེ།  བོང་རྫིས་འབུམ་རམས་པ་གཡང་དགའ་ངེད་གཉིས་གྲོགས་པོ་ཡིན་ཞེས་དྲ་ཐོག་ནས་འུར་བ་རེད། གཡང་དགའ་ལགས་གྲོངས་པའི་རྗེས་དེ་མ་ཐག་འུར་བ་རེད། སྐབས་ཐོག་དེར་ཅིག་བྱས་ན་བདེན་ན་ཐང་བསམ་བྱུང་མོད། རྗེས་སུ་གཡང་དགའ་ལགས་ཀྱི་འཆད་ཁྲིད་རིང་མོ་བརྙན་ལྡན་མ་ཞིག་བལྟ་བའི་སྐལ་བ་བདག་ལ་བྱུང་། ཟུར་མང་ལ་གནད་འདུས་པའི་འཆད་ཁྲིད་རྩ་ཆེན་དེ་མཐོང་བས། བོང་རྫི་གཡང་དགའི་གྲོགས་པོར་ཇི་ལྟར་ཉན་རྒྱུ་རེད་དམ་སྙམ་པའི་ངེས་པ་བྱུང་། གཡང་དགའི་ཟབ་ནན་གྱི་གཏམ་གླེང་དང་བོང་རྫིའི་ཁ་འཁྲུག་གཉིས་འགྲིག་ཐབས་མེད་པ་བཞིན། གྲོགས་པོར་འགྱུར་རྒྱུའང་དེའི་རང་བཞིན་ལས་མ་འདས། གཡང་དགའི་བསམ་བློ་རིག་གཞུང་གི་གཏིང་ཟབ་ན་འདུག བོང་རྫིའི་བསམ་བློ་བོང་བུའི་རྣ་ལྕོག་གི་རྩེ་རང་ན་འདུག་པས། ཁོ་གཉིས་བསམ་བློའི་གྲོགས་པོ་མི་ཡོང་ཐག་ཆོད་རེད། གཡང་དགའ་ལགས་མྱི་གཞི་བརྟན་བརླིང་གིས་བཞུགས་འདུག འགྱུར་སྐྱེན་པའི་བོང་རྫིའི་མྱི་གཞི་ཡར་ལྡིང་མར་ལྡིང་མ་འདིས། གཡང་དགའི་སྤྱི་བཏང་གི་གྲོགས་པོ་ཞིག་ཀྱང་མི་ཡོང་ཁོ་ཐག་རེད་དོ་ཞུས་ཏེ་བོང་རྫི་དང་གཡང་དགའི་རྩོད་སྤོང་གླེང་ཟིན་ཏོ།།

9- བོང་རྫི་དང་དོལ་རྒྱལ་གཉིས་ཀྱི་ལས་དབང་གཅིག་པ་རེད། བོང་རྫིས་ནམ་རྒྱུན་རྙིང་མའི་གདན་ས་ཆེན་པོ་གསེར་རྟ་སྒར་དང་། དེའི་བདག་པོ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་ལ་ཉེས་མེད་སྙོན་འཛུགས་ལྟ་བུ་ཞིག་བརྫས་བརྫས་རང་བསྡད་འདུག ཡིན་རྒྱུ་ནི། ཁོ་རང་དགེ་ལུགས་ཕྱོགས་ནས་ལངས་གི་ཡོད་མདོག་མདོག་བྱས་པའི་ཁུལ་རེད་འདུག ལས་མ་དྲང་བར་བོང་རྫི་མགྱོགས་པོར་སྐུ་གཤེགས་སོང་ན། འདྲེ་ལ་སྐྱེས་ཏེ་བོད་ཀྱི་ཤེས་ཡོན་པའི་སྡེ་ལ་གནོད་ཆེན་པོ་སྐྱེལ་ངེས་རེད། མཐར་དགེ་ལུགས་པས་བླ་མ་ཞིག་གིས་དམ་ལ་བཏགས། བསྟན་སྲུང་ཞིག་གི་མིང་བཏགས་ནས་སྲོག་གཏད་བརྩམ། དེ་ནས་བསྟན་སྲུང་བོང་རྫིས་བསྟན་པ་སྤྱི་སྲུང་བའི་འཇོན་ཐང་དང་ནུས་པ་རང་ལ་མེད་པ་ཤེས། བསྲུངས་ནས་ནུས་པའང་མི་ཐོན་པ་ཤེས་ཏེ། དགེ་ལྡན་བསྟན་པ་གཅིག་པོར་ཤ་ཚ་ཁུལ་དང་སྲུང་ཁུལ་བགྱིས་ནས་སྦྱོར་བ་ངན་པ་ཏག་ཏག་བརྩམ་མཐར། ཡང་དགེ་ལུགས་པའི་བླ་མ་ཞིག་གིས་དགེ་ལྡན་བསྟན་སྲུང་གི་གོ་ས་བླངས་ཏེ། དམ་ཉམས་དམ་སྲི་བོང་འདྲེ་ཁྱོད་ཅེས་བོད་པའི་སྤྱི་ཚོགས་དང་གཏན་དུ་ཁ་བྲལ་དགོས་པ་ཞིག་འབྱུང་ངེས་ཡིན་ནོ།།

10- བོང་རྫིའི་ཕ་ཡུལ་ན་བོང་རྫི་མ་གཏོགས་མྱི་བོང་མགོ་ཅན་ཞིག་ཡོད་ཚོད་མེད།  བོང་རྫིའི་ཕ་ཡུལ་ན་འབུམ་རམས་པ་བཞི་བཅུ་ལྷག་ཡོད་པའི་སྐད་ཆ་གོ་མྱོང་ཡོད། བོང་རྫི་གཅིག་པོ་མ་གཏོགས་འབུམ་རམས་པའི་ལག་འཁྱེར་རྫུན་མ་ཡིན་པའི་ཉེས་མིང་ཁུར་མྱོང་མཁན་ཡོད་རྒྱུ་མ་རེད་པཱ།  བོང་རྫིའི་མིང་དེ་ཕ་ཡུལ་གྱི་འབུམ་རམས་པའི་མིང་ཐོས་གྲས་ན་བཞག་མི་འདུག་ཟེར།  འདང་བརྒྱབ་ན་ཁག་ཡོད་རྒྱུ་མ་རེད། འབུམ་རམས་པ་དག་ཡིག་མི་ཤེས་མཁན་ཞིག་མིང་ཐོའི་ནང་བཞག་ན་ཁོང་ཚོའི་ངོ་ཚ་རེད་བསམ་པ་ཡིན་རྒྱུ་རེད། ད་རུང་བརྗོད་མི་བདེ་བརྗོད་པ་མི་གསལ། བྱེད་སྒྲའི་མགོ་བཅད་ནས་འབྲེལ་སྒྲའི་རྔ་མ་བཟོས་པ། དག་ཡིག་མ་ནོར་ལམ་བཟང་མཐོང་མྱོང་ནའང་། མཁས་པ་དགའ་བྱེད་རིག་མ་མྱོང་བའི་འབུམ་རམས་པ་བོང་རྫིའི་དེང་གི་དྲ་རྩོམ་དག་ཁོང་ཚོས་མཐོང་བས་ཡིན་རྒྱུ་རེད། རྡོ་ཤེར་དམར་སྲུང་དམག་ལ་མི་དགའ་ནའང་། དགའ་ཁུལ་བྱས་ནས་བསྟོད་གླུ་བྲིས།  བོང་རྫི་དགའ་ནའང་མི་དགའ་ཁུལ་བྱས་ནས་དགག་གཏམ་སྤེལ། ད་རུང་གཞན་ལ་དེས་བསྙད་འདྲུ་སྤྱད་བྱས།  པཎ་ཆེན་བླ་མས་བོད་རིགས་མཐུན་སྒྲིལ་ལ་ཤུགས་བརྒྱབ། མཁས་པ་གསོ་སྐྱོང་བྱས་ཏེ་ངོ་སོ་བསྟད། བོང་རྫིས་དེ་གཏོར་ཨེ་ཐུབ་ལ་འབད། ངོ་མ་ཡ་མཚན་རེད། ཕ་ཡུལ་གཅིག་རུང་མྱི་མི་གཅིག་པ་དེ།
2026.3.16 ཉིན་རང་ཤག་ཀླད་པ་དཔེ་ཁང་ནས་རྩོམ་མཇུག་བསྡུས།

བསམ་ཚུལ།

Post navigation

Previous Post: །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (29)
  • ན་ཟུག (11)
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན། (3)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme