Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།

Posted on 2025-12-23 By ཁ་བརྡ་ No Comments on ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།

གདོང་མཁན་པས་རྡོར་གདན་ནས།

༡༽དེང་དུས་གངས་ཅན་བོད་ཡུལ་འདི་ཉིད་དུ།།

འཕྲིན་ཕྲན་བགྲོ་གླེང་བྱེད་མཁན་མང་བ་ནི།།

སྨྲ་བརྗོད་རང་དབང་གསར་པའི་སྒོ་མོ་སྟེ།།

རྨོངས་པའི་རྟགས་སུ་སྨྲ་བ་ཅུང་ཟད་འཁྲུལ།།

༢༽རང་དོན་སྒྲུབ་ཐབས་གླེང་མཁན་ཉུང་བ་ནི།།

གཞན་ཕན་བསམ་བློའི་གོམས་སྲོལ་ཡིན་སྲིད་ལ།།

འཛམ་གླིང་སྤྱི་དང་མཐུན་པའི་གཤིས་ཀ་ནི།།

ནང་སེམས་ཞི་བདེ་འཚོལ་བ་མིན་ནམ་སྙམས།།

༣༽མི་ལུགས་བཤད་མཁན་ཉུང་བར་སྨྲེ་སྔགས་ཀྱང་།།

ཆོས་ཀྱི་བསླབ་བྱ་ཀུན་སྤྱོད་རྨང་གཞི་སྟེ།།

རང་རྒྱུད་གསོ་བའི་ཐབས་ལམ་མ་ཤེས་པར།།

ཕྱི་དངོས་ཡར་རྒྱས་ཁོ་ནས་ཅི་ཞིག་ཕན།།

༤༽བླ་མའི་པར་དང་གྲུབ་མཐའི་གནས་ལུགས་ནི།།

མི་རིགས་འདི་ཡི་དད་པའི་སྲོག་ཤིང་སྟེ།།

རྩོད་པའི་ཁྲོད་ནས་རིག་པ་གོ་ཆོད་པས།།

འདི་ལ་ཁྱད་གསོད་བྱེད་པ་ཤིན་ཏུ་ཕངས།།

༥༽མ་བསླབས་མཁས་པའི་བོད་པ་མཚར་ཟེར་ན།།

རིགས་པའི་གཞུང་ལུགས་བརྡར་བའི་རྣམ་དཔྱོད་ལ།།

གཟུ་བོའི་བློ་ཡིས་ཅུང་ཟད་གཟིགས་པ་ན།།

ལྐོག་གྱུར་རིག་པའི་གཏིང་མཐའ་དཔག་པར་དཀའ།།

༦༽ཕྱི་ན་དཔལ་འབྱོར་མེད་པས་སྡུག་ཟེར་བ།།

འདོད་རྔམ་སེམས་ཀྱི་སྡུག་བསྔལ་མིན་ནམ་སྙམས།།

ནང་གི་ཡོན་ཏན་ཆོས་ལ་བརྟེན་པས་ན།།

བོད་འདི་སྡུག་པའི་གནས་སུ་བགྲང་བ་ནོར།།

༧༽ཚན་རིག་དུག་ཏུ་མཐོང་བ་སུ་ཡང་མེད།།

རྨོངས་དད་སྤྲིན་ལྟར་འཁྲིགས་པའང་བདེན་མིན་ཏེ།།

རྒྱལ་བསྟན་བཤིག་པའི་བླ་མ་གང་དུ་མཆིས།།

རང་སྐྱོན་རང་གིས་འདོགས་པ་བླུན་པོའི་རྟགས།།

༨༽ཆོས་ཁྲིམས་འབངས་ཀྱི་གཉའ་ཤིང་མིན་པར་ལ།།

མ་བརྟག་མ་དཔྱད་གཏམ་འདི་སྨྲ་བ་ནི།།

ལོ་རྒྱུས་དངོས་ལ་རྨོངས་པའི་འཆལ་གཏམ་སྟེ།།

སྡུག་པ་དགུ་ལྡན་ཟེར་བ་སྨྱོན་པའི་ཟློ།།

༩༽སྲིད་འབྱོར་རིག་གསུམ་སྤེལ་བའི་ཐབས་ཤེས་ལ།།

བོད་མིའི་སྙིང་སྟོབས་ནམ་ཡང་ཞུམ་མེད་ཀྱང་།།

ཆོས་རིག་སྙིང་པོ་དོར་བའི་ཡར་རྒྱས་དེ།།

སྙིང་པོ་མེད་པའི་ལྦུ་བ་ཙམ་དུ་ཟད།།

༡༠༽གནའ་བོའི་བསམ་བློ་གད་སྙིགས་མིན་པར་ལ།།

མི་རིགས་ཤིག་གི་བླ་སྲོག་དྭངས་མ་ཡིན།།

ལྷ་སྒྲུང་བཤད་པས་བསམ་བློའི་གཤོག་པ་རྒྱངས།།

འདི་ལ་མི་མཁས་ཟེར་བ་རང་ཉིད་རྨོངས།།

༡༡༽ཁོག་སྟོང་ནམ་མཁའི་ཀློང་ནས་གླེང་བ་ནི།།

སྟོང་པ་ཉིད་ཀྱི་གནས་ལུགས་ཟབ་མོ་སྟེ།།

ཆར་འབྲུ་གཅིག་ཀྱང་མེད་པར་སྨྲ་བ་དེ།།

རང་གི་སྣོད་ལ་སྐྱོན་དུ་གྱུར་པའི་རྟགས།།

༡༢༽ ཚེ་འདིའི་ལྟོ་གོས་གལ་ཆེ་སྨོས་ཅི་དགོས།།

འོན་ཀྱང་ཕྱི་མའི་ལམ་སྣེ་མ་བསམས་ན།།

དུད་འགྲོ་རྣམས་ཀྱང་ལྟོ་གོས་འཚོལ་བར་མཁས།།

མི་ལུས་ཐོབ་པའི་དགོས་པ་གང་དུ་ཡོད།།

༡༣༽ཕ་མ་བུ་རྒྱུད་བྱམས་སྐྱོང་བྱེད་པ་དང་།།

འགྲོ་བ་རིགས་དྲུག་སྙིང་རྗེས་བསྐྱང་བ་གཉིས།།

འགལ་བ་མིན་པར་གཅིག་ཕན་གཅིག་གྲོགས་ཏེ།།

སེམས་རྒྱ་ཆུང་བའི་ལྟ་བས་དཔྱད་མི་བཟོད།།

༡༤༽ལོ་ངོ་སྟོང་གི་གནས་ལུགས་བརྡར་བ་ནི།།

རི་བོང་རྭ་ལ་རྩོད་པ་ག་ལ་ཡིན།།

བདེན་པ་འཚོལ་བའི་རིག་པའི་གོ་རིམ་སྟེ།།

འདི་ནི་བོད་ཀྱི་རྣམ་དཔྱོད་རྩེར་སོན་ཡིན།།

༡༥༽འཇའ་ལུས་འོད་སྐུའི་གནས་ལུགས་ཟབ་མོ་རྣམས།།

སྟོང་གཏམ་ཡིན་པར་འདོད་པ་ཤིན་ཏུ་འཁྲུལ།།

ཉམས་མྱོང་རྟོགས་པའི་ལམ་ནས་མ་བགྲོད་པར།།

མཁས་པའི་མདོག་གིས་སྨད་པ་བག་མེད་གཏམ།།

༡༦༽ཚེ་འདིའི་བྱ་གཞག་ཀླད་པ་སྟོང་ཟེར་ན།།

བོད་ཀྱི་རིག་གནས་འཛམ་གླིང་རྒྱན་དུ་གྱུར།།

འཕྲིན་ཕྲན་ནང་གི་ཆོས་ཀྱི་བགྲོ་གླེང་ནི།།

ཡོན་ཏན་ཡོད་པའི་རྟགས་སུ་མངོན་པ་ལགས།།

༡༧༽སང་ཉིན་འཚོ་བའི་ཐབས་ཤེས་མེད་པ་མིན།།

དེ་རིང་འཆི་བ་དྲན་པའི་མི་རྟག་པ།།

སྒོམ་པ་འདི་ནི་བོད་ཀྱི་བསམ་བློ་སྟེ།།

དག་ཞིང་འགྲོ་བའི་སྤོབས་པ་དེ་ལས་ཆེ།།

༡༨༽ཟས་གོས་ཆོས་ཀྱིས་ཆོག་པར་སྨྲས་པ་མེད།།

སྟོང་ཉིད་བཤད་པས་སངས་རྒྱས་མིན་མོད་ཀྱང་།།

ཉོན་མོངས་གདུང་བ་སེལ་བའི་བསིལ་ཟེར་ཏེ།།

འདི་ལ་འཕྱ་བ་ལོག་པའི་ལྟ་བ་ལགས།།

༡༩༽མ་འོངས་མདུན་ལམ་བསམ་པ་གཅིག་པུ་མིན།།

ཐར་པའི་ལམ་སྣེ་འཚོལ་བ་བོད་ཀྱི་ལུགས།།

གླང་རྒན་ཕག་པ་ཁྱུ་དང་མཚུངས་ཟེར་ན།།

རང་གི་ཕ་མེས་ཀུན་ལ་དམོད་པ་ལགས།།

༢༠༽རྒྱུ་མཚན་མེད་པའི་ཅ་ཅོ་ག་ལ་ཡིན།།

རྒྱུ་འབྲས་བསླུ་བ་མེད་པའི་གནས་ལུགས་འདི།།

མུ་སྟེགས་རྒྱང་འཕེན་ལྟ་བ་དངོས་ཡིན་པས།།

བོད་ཀྱི་ལྟ་གྲུབ་འདི་ལས་ཟབ་པ་མེད།།

༢༡༽བླ་མས་དཀོར་གསོག་དད་པས་འབུལ་བ་ལ།།

ལོག་པར་བལྟས་ནས་སྨྲེ་སྔགས་འདོན་པ་ནི།།

ལས་འབྲས་སྙིང་པོ་མ་མཐོང་ལོང་བ་སྟེ།།

སང་ཉིན་ཉི་མ་ཤར་བར་ཐེ་ཚོམ་མེད།།

༢༢༽བླ་མས་མཛེས་མ་བརྗེ་ལེན་བྱེད་པ་ནི།།

ཆོས་ཀྱི་སྐྱོན་མིན་གང་ཟག་སྒེར་གྱི་སྐྱོན།།

མིག་གཉིས་ལོང་བའི་བོད་འབངས་མ་ཡིན་ཏེ།།

དད་པའི་མིག་གིས་བདེན་པ་མཐོང་བ་ལགས།།

༢༣༽འཛམ་གླིང་སྤྱི་ལུགས་ཁོ་ནས་མི་ཚད་དེ།།

རང་རིགས་ཡུལ་ལུགས་བཟང་པོ་སྲུང་བ་གཅེས།།

ཡང་དག་སློབ་གསོ་ཆོས་ལུགས་བསླབ་བྱ་ལ།།

རྗེས་ལུས་སྐྱོན་དུ་བགྲང་བ་དགོད་རེ་བྲོ།།

༢༤༽རང་སྐྱོན་རང་གིས་མཐོང་བ་གལ་ཆེ་ཡང་།།

ཡོན་ཏན་སྐྱོན་དུ་བལྟས་ན་ཐབས་རེ་སྡུག།

སྐྲན་ནད་ནོར་བུར་བསྒོམ་པའི་དཔེ་དེ་ནི།།

ཆོས་ལ་སྨོད་པའི་ཁྱོད་ལ་འཚམ་པ་འདྲ།།

༢༥༽འཕྲིན་ཕྲན་བགྲོ་གླེང་རྐྱེན་ལས་བྱུང་བ་ཡི།།

དོགས་སློང་ཚིགས་བཅད་དེ་ལ་ལན་བཏབ་པས།།

གངས་ཅན་བོད་ཀྱི་ཆོས་རིག་རིན་ཐང་ལ།།

སླར་ཡང་དཔྱད་པའི་རིག་པ་འཕེལ་བར་སྨོན།།

འདི་ནི་མཁས་དབང་མིང་འཛིན་པ་ཐུབ་བསྟན་ཕུན་ཚོགས་ཕྱག་ཏུ་སྤྲད་ཐུབ་པ་གནང་རོགས།

༢༠༢༥ ལོའི་ཟླ་ ༡༢ ཚེས་ ༡༩ ཉིན་གྱི་ཆུ་ཚོད་ ༡༠ དང་སྐར་མ་ ༣༥ ལ་བྲིས།

སྙན་ངག

Post navigation

Previous Post: བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
Next Post: སྟག་ཚལ་བུང་བའི་སྨྱུག་མདའ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme