གཞུང་པ་ཚེ་དབང་བསོད་ནམས།
དེང་སྐབས་རང་རེ་བཙན་བྱོལ་སྤྱི་ཚོགས་ནང་རང་བཙན་ཁ་ལྕེ་ལ་སྦྱར་ནས་དབུ་ལམ་ལ་ཟུར་ཟ་བྱེད་མཁན་འདུག་ལ་དབུ་ལམ་ཁ་ལྕེ་ལ་སྦྱར་ནས་རང་བཙན་ལ་ཟུར་ཟ་བྱེད་མཁན་ཡང་འདུག་པ་དོན་དངོས་རང་བཙན་གང་ཡིན་དང་རང་བཙན་སྒྲུབ་པ་ལ་འཆར་གཞི་དང་ལས་འགན་ག་རེ་ཡོད་དང་། དབུ་ལམ་གང་ཡིན་དང་དབུ་མའི་ལམ་གྱིས་དགོས་འདུན་གང་ཡིན་དེ་ཚོ་གསལ་པོ་མ་ཤེས་པར་གཞན་ཟེར་རྗེས་འབྲང་དང་རི་བོང་ཅལ་འདྲོགས་བྱེད་མཁན་གྱི་མི་སྣ་དེ་ཚོའི་རང་བཙན་དང་དབུ་ལམ་གསལ་པོ་ཤེས་ཐུབ་དགོས་པ་ནི་ང་ཚོ་མི་ཡུལ་དུ་མི་ལོ་དྲུག་ཅུ་ལྷག་བསྡད་ནས་རང་བཙན་དང་དབུ་མའི་ལམ་བཤད་ནས་དུས་ཚོད་ནམ་ཡང་འཕྲོ་ལྷག་གཏོང་མི་ཉན་པ་ནས་དོན་དངོས་རང་བཙན་ནི་མ་གི་མངལ་ནས་སྐྱེས་པའི་ཉིན་མོ་དེ་ནས་ལྷན་སྐྱེས་སུ་ཡོད་པའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་བླ་ན་མེད་པ་དེ་ཡིན་པ་དང་། ང་ཚོ་རང་བཙན་ཡོད་པའི་རྒྱལ་ཁབ་ཞིག་རྒྱ་མིའི་བཙན་འོག་ཏུ་ཚུད་པ་འདི་ཡང་གསལ་པོ་བཤད་ན་ང་ཚོའི་ཆིག་སྒྲིལ་གྱི་ནུས་པ་སྤྱི་སར་སྤུངས་མ་ཐུབ་ནས་ང་ཚོའི་ལུང་པ་རྒྱ་མིའི་ལག་ཏུ་ལས་སླ་པོར་ཤོར་བ་དེ་ཡང་ཐུག་ས་ང་ཚོའི་ཆིག་སྒྲིལ་གྱི་ཀོ་ཐག་སློད་པ་ནས་ང་ཚོའི་ལུང་པ་རྒྱ་མིའི་ལག་ཏུ་ཚུད་པ་དེ་ཡང་གསལ་པོ་ཤེས་དགོས་པ་དང་། རང་བཙན་ནི་ང་ཚོའི་གཞི་རིམ་གྱི་ཐོབ་ཐང་བླ་ན་མེད་པ་དེ་ཡིན་པ་དང་། ཁ་ནས་རང་བཙན་བཤད་པ་ཙམ་གྱི་རང་བཙན་རག་གི་ཡོད་ན་དུས་སྔ་མོ་ནས་ང་ཚོར་རང་བཙན་ཐོབ་དགོས་པ་ནས་ད་ལྟ་བར་མི་ལོ་བཅུ་ཕྲག་དྲུག་ལྷག་ཙམ་རིང་ང་ཚོ་མི་ཡུལ་དུ་ལྷག་དགོས་དོན་མི་འདུག རང་བཙན་རྩོད་ཀྱི་ཡོད་ན་འཆར་གཞི་ཞིག་བརྒྱུད་ནས་རང་བཙན་རྩོད་དགོས་པ་ལས་འཆར་གཞི་དང་སྲིད་བྱུས་གང་ཡང་མེད་པར་ཁ་སྟོང་པས་རང་བཙན་གྱི་སྐད་འབོད་ལས་འགུལ་ལ་སྐྱབས་བཅོལ་ནས་ང་ཚོའི་དུས་ཚོད་བཏང་ཚེ་ད་དུང་ལོ་དྲུག་ཅུ་ལྷག་མི་ཡུལ་དུ་ལྷག་མི་སྲིད་པ་མིན་པ་དེ་ཡང་ང་ཚོ་ཚང་མས་ཤེས་དགོས་པ་དང་། དབུ་མའི་ལམ་གྱི་དགོས་འདུན་གསལ་པོ་ཤེས་པའི་ཐོག་ནས་དབུ་ལམ་རྩོད་དགོས་པ་ལས་དབུ་མའི་ལམ་གྱི་དགོས་འདུན་ངོ་མ་གང་ཡིན་མ་ཤེས་པ་ནས་དབུ་མའི་ལམ་ལ་འགྲོ་གི་ཡིན་ལབ་པ་ཙམ་གྱི་དབུ་ལམ་ལ་དོན་འབྲས་སྨིན་མི་ཐུབ་པ་ནས་དབུ་མའི་ལམ་གྱི་དགོས་འདུན་གསལ་པོ་ཤེས་དགོས་པ་དེ་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་མ་འོངས་མདུན་ལམ་ཐག་གཅོད་བྱ་རྒྱུའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་དོན་ཆེན་ཞིག་ཡིན་པ་དང་། ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་ཛ་དྲག་ཆེ་བའི་དུས་སྐབས་འདིར་ང་ཚོའི་དབུ་མའི་ལམ་ལ་འགན་བསྐུར་ནས་བོད་དོན་བདེན་མཐའ་སེལ་དགོས་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅོ་ལྔ་ནང་འཁོད་པའི་བོད་དོན་བདེན་མཐའ་སེལ་ཐབས་ཟེར་བའི་ཐ་སྙད་དང་མཐུན་པ་ཞིག་ཡིན་པ་མ་ཟད་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་མོས་གྲོས་ཆོད་སྤྱི་ལོ་ ༡༩༩༧ སྤྱི་ཟླ་ ༩ པའི་ཚེས་ ༡༨ ཉིན་བཞག་པའི་གྲོས་ཆོད་དང་མཐུན་པ་ཞིག་ཀྱང་ཡིན་པ་དང་། དབུ་མའི་ལམ་གྱིས་སྲིད་བྱུས་བརྒྱུད་ནས་བོད་རྒྱའི་འགོ་ཁྲིད་ཕན་ཚུན་མི་དང་མི་ཐུག་ནས་ཕར་བཤད་ཚུར་ཉན་དང་། ཚུར་བཤད་ཕར་ཉན་བརྒྱུད་ནས་བོད་རྒྱའི་དཀའ་སྙོགས་སེལ་དགོས་པ་དེ་ཕྱི་སྐྱོན་མེད་ན་ཡང་སྔ་སྐྱོན་གང་ནས་ཡོད། ཕྱིའི་རྒྱལ་ཁབ་སུ་གཅིག་གི་བོད་རྒྱའི་དཀའ་སྙོགས་སེལ་མི་ཐུབ་པ་ངས་ཚིག་ཐག་བཅད་ནས་བཤོད་ཐུབ་པ་ནི་ད་ལྟའི་སྐབས་ལ་རྒྱ་ནག་ལ་འཛམ་གླིང་གི་རྒྱལ་ཁབ་མང་པོས་བསྟུན་མཁས་བྱས་ནས་རང་དོན་སྒྲུབ་མཁན་ལས་རྒྱལ་ཁབ་གཞན་གྱི་ཆེད་དུ་མདུན་དུ་འཐོན་ཐུབ་མཁན་གྱི་རྒྱལ་ཁབ་གཅིག་ཀྱང་མེད་པ་མ་ཟད་སྟོབས་ཆེན་རྒྱལ་ཁབ་ཨ་རི་ཡང་རྒྱ་མི་ལ་བསྟུན་མཁས་བྱས་ནས་རང་དོན་གཉེར་བཞིན་པ་ནས་ང་ཚོའི་ཕྱིའི་རྒྱལ་ཁབ་ལ་རེ་བ་བཅོལ་ནས་བོད་རྒྱའི་དཀའ་སྙོགས་སེལ་རྒྱུའི་རེ་སེམས་དེ་ཉིན་འབུད་ཞག་འགྱངས་ཟླ་སོང་ལོ་རྫོགས་རེ་སྟོང་ཙམ་ལས་བོད་རྒྱའི་དཀའ་སྙོགས་སེལ་མི་ཐུབ་པ་འདས་པའི་མི་ལོ་དྲུག་ཅུ་ལྷག་གི་ལོ་རྒྱུས་ལ་ཕྱི་མིག་བལྟས་ན་ང་ཚོས་མཐོང་ཐུབ་པ་དང་ཤེས་ཐུབ་ཞིག་མ་རེད་དམ། བོད་དོན་བདེན་མཐའ་སེལ་རྒྱུ་དེ་བོད་རྒྱ་མི་རིགས་གཉིས་ཀྱི་མཐུན་མོང་གི་འགན་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་པ་ལས་རྒྱལ་སྤྱིའི་ནང་ཁ་དམག་ལ་འགན་བསྐུར་ནས་དུས་ཚོད་ལ་འགྱངས་མཐའ་ནམ་ཡང་བྱེད་མི་ཉན་པ་དང་། ས་འབྲེལ་ཅན་གྱི་བོད་རྒྱ་མི་རིགས་གཉིས་འཇིག་རྟེན་གྱི་ས་གཞི་འདི་མ་འཇིགས་བར་ཁྱིམ་ཚེས་རྒྱལ་ཁབ་བྱས་ནས་མི་ཚེ་སྐྱེལ་རྒྱུ་དེ་མ་འོངས་མི་རབས་གསར་པ་ཚོའི་མི་ཚེ་དེ་བདེ་སྐྱིད་དང་འཆམས་མཐུན་ལ་འཚོ་བ་སྐྱེལ་ཐུབ་པའི་འགན་དེ་ད་ལྟའི་བོད་རྒྱ་གཉིས་ཀྱི་་མི་ཐོག་འདི་ལ་ཡོད་པ་དེ་ཡང་གསལ་པོ་ཤེས་དགོས་པ་དང་མི་ལུས་ལན་གཅིག་ཐོབ་པ་འདི་གཞན་ཕན་དང་བྱམས་བརྩེའི་བསམ་པ་དུས་ནམ་ཡང་དོར་མི་ཉེན་པ་བཅས་རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ་འདི་བཞིན་གང་ཟག་སྒེར་གྱིས་བསམ་ཚུལ་གླེང་པ་འདིའི་ཀྱང་རང་བཙན་དང་དབུ་མའི་ལམ་གྱི་གོ་དོན་གསལ་པོ་ཤེས་ཐུབ་པའི་ཡིད་ཆེས་དང་བཅས་རེ་ཞིག་འདིར་འཇུག་བསྡུས་པའོ།