དྲ་ལམ་གྱི་གནས་བབ་དང་བསྟུན་པའི་གོང་མཆན་རྩོམ་དང་པོར་མི་མང་པོ་ཞིག་ནས་གཟིགས་ཞིབ་གནང་འདུག་པར་ཐུགས་རྗེ་ཆེ་ལགས། ངས་ཞུས་པ་ལྟར་ཆོལ་ཞེན་གྱི་གནད་མིན་པར་དོན་དངོས་ཤིག་ཞུས་པ་ར་འཕྲོད་བྱུང་གཤའ་རེད།།
རྩོམ་གོང་མའི་ནང་དབུས་གཙང་པ་ཚོས་དབུས་གཙང་པའི་སྲིད་སྐྱོང་ཞིག་བསྐོ་ཐབས་ཀྱི་དགོས་དོན་གནད་འགའ་རེ་ཞུས་པ་དག་གལ་པོ་ཆེ་ན་ནན་གཏན་ཚུལ་དུ་འདིར་སླར་འགོད་པར། ༼ ད་དུས་སུ་དབུས་གཙང་པའི་སྲིད་སྐྱོང་གི་དགོས་གནད་དེ་གནད་དོན་གཉིས་ཐོག་ནས་གསལ་བཤད་འབོད་སྐུལ་ཞུས་ན་མ་འཐུས་པ་མིན་འདུག དེ་ནི་ད་ལྟའི་རྡ་སའི་སྲིད་གཞུང་གི་གནས་བབ་དང་བསྟུན་ཏེ་ཞུ་གལ་དུ་མཐོང་བྱུང་། ད་ཡོད་སྲིད་སྐྱོང་ལ་ད་དུང་སྐབས་གཉིས་པའི་འོས་མིར་ཕེབས་ལམ་ཡོད་མཉམ་དབུས་གཙང་མི་མང་གང་མཚམས་ཀྱི་རྒྱབ་སྐྱོར་ལས་ཐོབ་རེའང་ཡོད། ཡིན་ཀྱང་ཁོང་གི་གཞུང་ལོ་ལྔ་དང་པོའི་ནང་བཀའ་བློན་གསུམ་ལས་བཀོད་ཐབས་མ་བྱུང་མཉམ་གྲོས་ཚོགས་ནང་རྙོགས་གཟིངས་ཀྱང་མི་དཀོན་ཙམ་བྱུང་ཡོད། དེ་དག་གི་གནད་ཀྱང་གང་མཚམས་ཤིག་ཁོང་གི་མི་གཤིས་ལས་ཡིན་པ་ཞུས་ན་དེ་སྔ་ཁོང་ལ་འོས་གནང་མཁན་མང་པོས་ངོས་བཞེས་ཐོབ་དཀའ། དམར་བརྗེན་དུ་ཞུས་ན་མདོ་སྟོད་དང་ད་ཡོད་ཆོས་ལུགས་ཁག་གི་འཐུས་མི་ཚོས་ཁོང་ལ་མི་དགའ་བ་དེ་ཕལ་ཆེར་གཞི་གྲུབ་ཡོད། རྩ་བའི་འདས་མ་ཐག་པའི་ལོ་ལྔའི་ནང་ལས་དོན་དུ་མཐུད་ཤོར་མེད་གནས་ཞིག་སྲིད་སྐྱོང་ནས་བཀའ་ཕེབས་ཀྱང་་་་་་འཁོར་བཞིན་པའི་ལོ་ལྔའི་ནང་ལས་དོན་རེ་ཞིག་དེ་སྔ་ལས་ལེགས་པ་ཞིག་གནང་སོང་ཅེས་བསམ་པ་མིན་འདུག་ལ་གཞན་ནས་ཀྱང་གོ་ཐུབ་མ་སོང་ཞུས་ན་ཕལ་ཆེར་ངེས་ལགས། ཡང་། དབུས་གཙང་མི་མང་བའི་སྲིད་སྐྱོང་ཞིག་ཐོབ་དགོས་ངེས་དང་། ཐོབ་ཆའི་མི་ངོ་ཡོད་ངེས། དུས་ལ་རན་པ་མཐོང་གི་འདུག་ཀྱང་དེ་དག་རག་ལུས་ས་དེ་ཚོལ་ཁ་གཞན་གཉིས་དང་ཆོས་ལུགས་ཁག་ལས་དབུས་གཙང་མི་དམངས་རང་ཉིད་ཡིན་འདུག མདོ་སྟོད་སྨད་གཉིས་སུ་སྲིད་སྐྱོང་གི་གོ་སྐལ་དབུས་གཙང་པས་ཕུལ་ཟིན་རེད། སྲིད་སྐྱོང་སོ་སོའི་རྣམ་དཔྱོད་དང་ཁོར་ཡུག་གིས་དཔུང་རྐྱེན་ཇི་ཡོད་ལས་རང་རེའི་སྤྱི་ཚོགས་ནང་ལེགས་འབུལ་ཞུས་པ་དང་ངན་ཤུགས་འཕེལ་རྐྱེན་དུ་ད་ཆ་གང་མཚམས་ཤིག་གཟིགས་མཁྱེན་བྱུང་ངེས་ཆེ། དབུས་གཙང་པའི་སྲིད་སྐྱོང་ཤིག་བྱུང་ན་ལེགས་འབུལ་སྲིད་སྐྱོང་གོང་མ་གཉིས་ལས་བཟང་བ་ཕུལ་མ་ཐུབ་པའི་དབང་དུ་བཏང་ནའང་སྤྱི་ཚོགས་རྙོག་གླེང་དེ་འདས་པའི་ལོ་ངོ་བཅོ་ལྔའི་སྲིད་སྐྱོང་གཉིས་ཀྱི་ཉམས་མྱོང་ལས་ཞི་འཇམ་པ་ཡོང་རྒྱུའི་རེ་བ་དང་། ཆ་རྐྱེན་དུ་མ་ཡོད་པའི་མི་བཟང་ངམ་ཅེས་གཙོ་བོ་ཕན་ནུས་འབྲེལ་པོ་དབུས་གཙང་པ་རྣམ་པའི་ཐུགས་ཞིབ་ས་བོན་དུ་འབུལ་ལགས་ན་དགོང་འཆར་ངེས་ཕེབས་ཡོང་བས་རེ་འདུན་དུ་ཅེས། ༽
ངོས་ཀྱི་རེ་འདུན་ཞུས་པ་ལྟར་དགོང་འཆར་རེ་གཉིས་ལས་ཕེབས་མིན་འདུག་ཀྱང་གནད་དོན་དུ་ལབ་གླེང་ཞུ་དགོས་གནད་དེ་མཁྱེན་ཆུབ་བྱུང་བའི་རེ་བསམ་ཞུ་ཡི་ཡོད། རྩོམ་དང་པོའམ་ཐོག་མའི་ནང་ང་རེས་ཡིད་སྨོན་གྱི་སྲིད་སྐྱོང་མི་ངོ་བོད་ཀྱི་གཞོན་ནུའི་ཚོགས་ཟུར་སྐལ་བཟང་ཕུན་ཚོགས་ལགས་སྐོར་ཕྲན་ཙམ་ངོ་སྤྲོད་ཞུས་མཉམ་གཞན་ཡང་ཡོད་སྐོར་ཞུས་ཡོད་པ་ལྟར་ད་རེས་འདིར་བུད་མེད་སྤྱི་ཟུར་ཤར་གླིང་ཟླ་སྒྲོན་ལགས་དང་ད་ལྟ་གཞུང་ཞབས་གནང་མུས་ཉི་འོང་དོན་གཅོད་ཨར་ཡ་ཚེ་དབང་རྒྱལ་པོ་ལགས་གཉིས་ཡིན། མི་ངོ་གསུམ་དེར་གཅིག་མཚུངས་ཁྱད་ཆོས་སུ་བོད་མིའི་སྤྱི་ཚོགས་ནང་གནད་ཡོད་གོ་གནས་ནང་ཞབས་སྤྱི་ཞུ་མྱོང་ཡོད་པ། བོད་པའི་སྤྱི་ཚོགས་གསར་རྙིང་གི་གནས་ལུགས་སུ་གོ་རྟོགས་ཡོད་པ། བོད་ཨིན་གཉིས་ཀྱི་སྐད་ཡིག་དང་དེ་མིན་ཤེས་ཡོན་ཚད་ལྡན་ཡོད་པ་སོགས་ལེགས་པའི་ཆ་རྐྱེན་དུ་མའམ་འདས་པའི་སྲིད་སྐྱོང་གཉིས་ལས་ལྷག་པ་མེད་ནའང་གཅིག་མཚུངས་སུ་ཡོད་གནས་ལས་ངའི་རེ་མོས་ཡིན་ཀྱང་གཙོ་བོ་དོ་བདག་སོ་སོའི་ཐུགས་འདོད་ཏུ་གཟིགས་རྒྱུ་ལས་གཞན་ཐབས་མེད། དེ་མིན་མི་ངོ་གཞན་ཡང་ཡོད་ངེས་པའི་དབུས་གཙང་པར་སྲིད་སྐྱོང་གི་མི་ངོ་མེད་པ་རེད་མིན་འདུག་ཀྱང་དབུས་གཙང་པར་དབུས་གཙང་པའི་སྲིད་སྐྱོང་ཞིག་འདེམས་འདོད་ཡོད་མེད་དེ་གནས་དོན་ཤིག་རེད་འདུག །
གཉིས་སུ་དབུས་གཙང་པའི་སྲིད་སྐྱོང་འོས་མི་ཞིག་ཏུ་རང་མོས་ཀྱི་བཞེངས་མཁན་མེད་ན་དབུས་གཙང་པར་ཡང་བྱ་ཐབས་ཤིག་མེད་རེད། དེ་ན་འོས་མི་ཐོན་དགོས་རྒྱུ་དེ་སྔོན་འགྲོའི་ལས་འཆར་དེ་རེད། སྔོན་མའི་རྩོམ་ནང་ཞུས་པ་ལྟར་འོས་མིར་བཞེངས་ན་ད་ལྟ་༧གོང་ས་མཆོག་སྐུ་འཚོ་བཞུགས་ཐུགས་རྗེས་བྱིན་མཐུ་དང་སོ་སོའི་ངོས་ནས་ཆོལ་གསུམ་མི་དམངས་གཙོ་བོར་བཞག་པའི་ཐབས་མཁས་བྱུས་ཤིག་བརྩམ་ན་རྒྱ་ཆེ་མང་ཚོགས་ཀྱི་དགོངས་གཞི་དང་༧གོང་ས་མཆོག་གི་ཐུགས་དགོངས་ལྟར་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞིག་སྒྲུབ་ཐུབ་པའི་རེ་བ་ཡོད་ལགས།།
དམངས་གཙོའི་ལམ་ལུགས་ནང་འོས་འགྲན་པ་ཕན་ཚུན་དབར་བགྲོད་གླེང་ཡོང་རྒྱུ་དེ་དག་བསམ་ཚུལ་དང་བྱ་ལམ་བྱེད་ཕྱོགས་སུ་མངོན་བསྟོད་ན་དེ་ཙམ་གྱི་འཐེན་ཞེན་ཀྱི་སྐྱོན་ཆེ་ཞིག་ཡོང་མི་བསམ། ཡིན་ཀྱང་རང་ཞེན་པ་དང་དེ་མིན་སྤྱི་ཚོགས་དཀྲུག་འདོད་པ་ཚོས་དཀྲུག་ཤིང་རིགས་ཡོང་ན་དེར་དང་ཐོག་ནས་དགག་ནན་གནང་རྒྱུ་ཤིན་ཏུ་ནས་གལ་ཆེ། སྲིད་སྐྱོང་གོང་མ་གཉིས་སྐབས་དེ་ལྟར་མ་གནང་བའམ་ནན་གཟབ་མ་བྱུང་བའི་སྐྱོན་ནད་ཆེན་པོ་བྱུང་ཡོད། གནད་གལ་ཆེ་བ་དེ་ཡོང་བཞིན་པའི་ལོ་ལྔའི་ནང་བོད་མིའི་རྩ་དོན་དུ་ད་གནས་ལས་ཟབ་ནན་གྱི་བྱ་ལམ་བྱེད་ཕྱོགས་སུ་སོ་སོའི་འཆར་སྣང་དགོས་རྒྱུ་དེ་སྲིད་སྐྱོང་འོས་མིའི་མེད་དུ་མི་རུང་བའི་ཁྱད་ནོར་མཉམ་སྲིད་སྐྱོང་གིས་འོས་ཐོབ་ཐབས་ཀྱི་གཡང་དར་ཆེ་མོའམ་གཞན་སེམས་འཕྲོག་པའི་ཁབ་ལེན་ནམ་བློ་འགུག་པའི་མན་ངག་གཙོ་བོ་དེ་ཡིན་འདོད་དོ། དེ་གཞན་གྱི་མཐོས་ནའང་གོ་བདེ་བ། བློ་ལ་ཤར་ནའང་འཇུག་བདེ་བ། རྟག་ཅིང་དཔྱད་ནའང་རྣམ་རྟོག་ཉུང་བ། རང་གྱི་འཛིན་ནའང་བྱ་ལམ་བདེ་བའི་འཆར་སྣང་ཞིག་དགོས་གལ་ཆེ། དེའང་གཞིས་བྱེས་བོད་མིའི་མངོན་འདོད་ཆབ་སྲིད་ཀྱི་དཀའ་རྙོགས་སེལ་ཐབས་སུ་འབད་དགོས་རྒྱུ་དེ་གཙོ་བོ་ཡིན་གནས་ང་རེའི་བསམ་ཞིབ་ཡིན། དེའི་ཐོག་ད་མུས་སུ་བཅངས་བཞིན་པ་དང་དམངས་ཀྱི་རྒྱབ་སྐྱོར་ཡོད་པའི་དབུ་མའི་ལམ་དུ་ཕྱོགས་རྒྱུ་དེ་རྩ་འཛིན་ངང་དེར་རྒྱ་ཕྱོགས་ནས་དོན་ངོ་མའི་བསམ་ཤེས་ཡོད་པའི་ངོ་སྤྲོད་ར་སྤྲོད་ཐུབ་ཐབས་དང་། གཉིས་སྨན་དབུ་ལམ་དུ་རྒྱ་ཕྱོགས་ནས་དོན་དམ་གྱི་དཀའ་སེལ་གྲོས་མོལ་ཞུ་ཐབས་སུ་འབད་རྒྱུ་དེ་རེད། དེ་འདྲ་ཞིག་འབྱུང་ཐབས་ཀྱི་དཔུངབཤེད་དུ་ཐབས་ལམ་ཇི་ཡོད་དང་ཇི་ཟབ་ཏུ་ཕྱོགས་གལ། རྒྱ་ཕྱོགས་ནས་བྱ་ལམ་དུ་ད་དུང་གསལ་ཆ་མེད་ན་༧གོང་ས་མཆོག་གིས་བོད་རྒྱ་དབུས་པའི་རྒྱལ་སྤྱིའི་དཀའ་སེལ་ཁག་ཕན་ཚུན་གྲོས་མོལ་ལམ་ནས་འགྲིག་འཇགས་ཀྱི་ལམ་བཟང་དེ་༧གོང་ས་མཆོག་ཉིད་ནས་དགོས་དབང་ལས་དུས་འགྱུར་མ་གནང་བར་རམ། དེ་མིན་བོད་མི་རྒྱ་ཆེ་མང་ཚོགས་ཀྱིས་མང་གཙོའི་ལམ་ནས་སྒྱུར་བཅོས་དགོས་པའི་གྲོས་མཆོད་མ་བྱུང་བར་དབུ་ལམ་དུ་མོས་གུས་མུ་འཐུད་ཡོད། ཡིན་ཀྱང་རྒྱ་ཕྱོགས་ནས་ཡིད་ངེས་ཀྱི་སྲིད་བྱུས་ཤིག་དུས་ངེས་ཅན་ནང་ལག་བལྟར་མ་བྱུང་ན་ང་ཚོའི་ཐབས་བརྩོད་ཀྱི་ཁ་ཕྱོགས་སུ་འགྱུར་བཅོས་འགྲོ་སྲིད་བ་དུས་ཀྱི་ཉམས་མྱོང་ལ་སོང་དེའི་རྐྱེན་གནད་དེ་རྒྱ་གཞུང་ལས་བོད་མིར་མེད་པའི་སྔོན་བརྡ་གསལ་ཁ་འདོན་རྒྱུ། རང་བཙན་པ་དང་དབུ་ལམ་པ་གཉིས་ནས་གཙོ་ཆེན་དབུ་ལམ་པར་སོ་སོའི་ཐབས་བྱུས་སུ་མོས་ཞེན་དེ་རྒྱའི་རྣ་བར་གོ་མ་གོ་ཙམ་གནས་སུ་མ་བཞག་པར་འདོད་མོས་ཡོད་ན་ཚད་འཕེལ་གྱིས་བྱ་བཞག་གོ་མཐོང་ཡོད་པ་དང་། མེད་ན་འདོད་ཐབས་སུ་བཅོས་རྒྱུའི་ཆབ་སྲིད་ཐབས་བྱུས་ཤིག་ད་གནས་སུ་མཐོང་མིན་ལ་སོང་དེ་མཐོང་མཐོས་འཚོར་གསུམ་གནད་དུ་འགེལ་དགོས་གལ་འདུག་པ་ལས་དབུ་ཁྲིད་ལམ་སྟོན་ལ་དམངས་ཀྱི་མོས་གུས་ཀྱི་གཏན་ཚིག་ཙམ་མིན་པར་འཆར་གྲུ་མཉམ་འདེགས་ཀྱི་ལས་འཆར་དམིགས་པོ་བོད་མིས་བྱས་སོང་བསམ་པ་དང་དམིགས་ཡུལ་རྒྱས་ད་བྱ་ཡི་འདུག་སྙམ་པ་ཞིག་དགོས་གནད་འདུག དམངས་གཙོའི་ཡུལ་དང་དམངས་གཙོ་ལོངས་སུ་སྤྱོད་མཁན་ཞིག་ཡིན་པའི་ཚད་ལྡན་ལམ་བཟང་ལས་འཛམ་གླིང་གི་གཞུང་དང་མི་དམངས། རྒྱའི་གཞུང་དང་མི་མང་གཉིས་སུ་འཛམ་གླིང་སྤྱི་དང་ལྷག་དོན་བོད་རྒྱ་གཉིས་སྨན་ལམ་དབུ་མར་བསམ་ཤེས་དགོས་པའི་ཞུ་འབོད་ཡིག་ཆུང་ཡིག་སྒམ་ནང་འཇོག་ཡུལ་མེད་གནས་ཞིག་མི་སྒེར་སོ་སོ་ནས་ཐེངས་གཅིག་ཙམ་མིན་པར་ནམ་དགོས་བར་ཟླ་བ་སྟར་ཆགས་གཏོང་གནད་ཀྱི་ལམ་ཙམ་ཡང་སྤེལ་ལམ་བྱུང་མེད་ན་དེ་ལས་ལྷག་པ་ཞིག་སྤེལ་ཤེས་ལ་རེ་དཀའ་མིན་འདུག་གམ། ལས་བདེ་བ་དང་ཞུ་མྱོང་བའི་ལམ་རང་བཙན་བརྩོད་དུ་ཕེབས་ཤོག རང་བཙན་པ་དང་དབུ་ལམ་པ་གཉིས་ཀྱི་ནུས་ཤུགས་གཅིག་ཏུ་བསྒྲིལ་ན་ཕན་ཁྱད་མི་ཆེའམ། རང་བཙན་མ་རག་ནའང་རྒྱ་དབུ་ལམ་དུ་ཕྱོགས་རྒྱུར་གཏན་གཏན་ཕན་ཐོག་ཆེ། རང་བཙན་རག་ན་དེ་ལས་དགེ་བ་ཅི། ང་ལ་༧གོང་ན་མཆོག་གི་དགོངས་གཞི་སྒྲུབ་རྒྱུ་དེ་སྙིང་གི་དབུས་དེ་ཡིན། དེ་ལྟའི་དབུ་ལམ་པ་དང་རང་བཙན་པ་གཉིས་ཀྱི་ནུས་ཤུགས་མཉམ་སྤེལ་གནང་ཐབས་སུ་འབད་རྒྱུའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་གཟིགས་གལ་འདུག། བོད་མི་མང་པོའི་མངོན་འདོད་ཀྱང་རེད་ཅེས་ངས་ཞུ་ཐུབ་ལགས། དེ་འདྲའི་གཅད་མཚམས་ཤིག་ནས་གཅིག་བྱས་ན་ལམ་དབུ་ལྟ་བུ་ཤིག་ཁོ་ཚོའི་ཕྱོགས་ནས་ཡིན་པའི་གྲོས་གཞི་ཡང་སྤེལ་རེ་མེད་པ་མིན་བསམ། ཡིན་ཀྱང་༧གོང་ས་མཆོག་གི་སྤྱི་སྨན་དབུ་ལམ་མམ་དེ་མིན་དུས་བསྟུན་ཆབ་སྲིད་ལམ་སྟོན་ཇི་ཕེབས་སུ་བོད་གཞུང་དམངས་གཉིས་ཀྱི་ཡིད་ཆེས་དང་བཀའ་དགོངས་ཅི་སྒྲུབ་ཞུ་རྒྱུའི་ཡིད་གཏན་ཡོད་གནས་སྐོར་གོ་སྐབས་ནམ་ཐོབ་ཏུ་གསལ་བཤད་རྒྱས་བཤད་དགོས་རྒྱུ་དེ་མདའ་གཅིག་གིས་འབེན་མང་དུ་དམིགས་ལགས་སོ།།
གཉིས་སུ་དེང་སང་བོད་མི་མང་པོ་དང་ལྷག་དོན་བོད་ཕྲུག་ན་ཆུང་ནས་དར་མ་བར་མང་པོ་ཞིག་ནུབ་ཕྱོགས་ཡུལ་དུ་འཚོ་བཞིན་པ་ཚོའི་གནས་ཡུལ་རྐྱེན་ལས་རང་རེའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སུ་དམན་ཆའི་ངལ་བ་ཕྲད་བཞིན་དག་སེལ་ཆེད་རང་གཞུང་ནས་སྔར་ལྷག་ལས་འཆར་དུ་དམིགས་གལ་འདུག་གནས། རྒྱ་གར་སོགས་ནས་ནུབ་ཕྱོགས་ཡུལ་དུ་གནས་སྤོས་བོད་ཕྲུག་དར་མ་མི་ཉུང་བ་ཞིག་ལ་གནས་ཡུལ་གསར་པའི་སྤྱི་ཚོགས་དགོས་མཁོ་དམན་པའི་ལས་མེད་སོགས་རྐྱེན་པའི་མ་རབས་གནས་ལས་ངལ་བ་དུ་མ་ཞིག་ནང་ལྷུང་དང་ལྷུང་བཞིན་ཐད་དུའང་ས་གནས་ཡུལ་མི་དང་ཡུལ་གཞུང་བརྒྱུད་ངལ་སེལ་གྱི་ཐབས་བརྒྱ་བྱུང་སྟོང་དུའང་དེ་སྔ་ལས་ལྷག་པ་གནང་ཐབས་སུ་བརྩོན་གལ་འདུག
གོང་གི་གནད་གཉིས་སུ་དོན་གཉེར་མཉམ་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་བདེ་དོན་དབུས་པའི་རང་གཞུང་གིས་མཛད་འཕྲིན་ལ་དུས་ད་བར་དམ་དོན་གནང་ཡོད་ལ་ད་དུའང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གནང་རྒྱུ་སོགས་ནི་དུས་རྟག་ཏུ་འཁོར་བཞིན་པའི་བྱ་བཞག་ལ་སོང་འདིར་ཞུ་ག་ནས་དགོས། ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་གྱི་ལ་རྒྱ་དེ་མང་ཚོགས་ནང་དམ་ཟབ་ཡོད་བཞིན་དག་གོང་ནས་གོང་དུ་རྒྱས་པའི་འབད་སྤུང་གང་གབ་མཉམ་གྲོས་ཚོགས་རྭ་བའི་ནང་ཕན་མི་ཆེ་བའི་བསམ་ཞིབ་ལ་དགག་ལན་གནང་མི་དགོས་གཙོ་འཛིན་དང་ལན་དགོས་གལ་ལའང་མཁས་འཇམ་དུ་གནང་ཐབས་ལས་མི་ངན་ཞོར་ལ་ཤོར་ན་རང་ངན་མཉམ་སྤྱི་དོན་ལ་མི་ཕན་པའི་དམ་གཟབ་ཅི་ནས་དགོས་གལ།།
མཐར་བསྡོམས་སུ་དབུས་གཙང་མི་ངོ་སྲིད་སྐྱོང་འོས་བསྡུར་བཞེངས་མཁན་ཡོད་ན་གོང་དུ་ཞུས་པ་ལྟར་སྲིད་སྐྱོང་འོས་འགྲན་འབོད་སྐུལ་ ༼campaign ༽ དུ་འཇུག་དགོས་པའམ་ཞུ་རྒྱུ་གལ་ཆེ། དེར་མ་འཇུག་པའམ་མ་ཞུས་ན་རྒྱ་ཆེ་མང་ཚོགས་ནས་ཁྱེད་སུའི་ངོ་ཤེས། ངོ་ཤེས་པའི་གང་ཟག་ཅིག་ཡིན་ནའང་ཁྱེད་ལ་གཞན་དུ་མེད་པའི་ལས་འཆར་རམ་ལོ་ལྔའི་ནང་བོད་དོན་ལ་དམིགས་པའི་ལས་འགུལ་གང་སྤེལ་བསམ་ཡོད་པ་སུས་ཤེས་ཐུབ། དེར་སོང་འོས་འགྲན་འབོད་སྐུལ་ ༼campaign༽ དེ་ངས་པར་ཞུ་དགོས་ཀྱང་ཞུ་ལམ་མི་ཉེས་པའམ་མི་ངན་པ་ཞིག་དགོས་རྒྱུ་རྟག་ཏུ་དགོངས་པར་དགོས་གལ། གཞན་འོས་འགྲན་འབོད་སྐུལ་གནང་འདོད་མེད་ན་སོ་སོས་རང་དབང་རེད། ད་ཡོད་སྲིད་སྐྱོང་ལས་ལྷག་པ་ངོ་ཤེས་མཁན་ཕལ་ཆེར་མེད་ལ་ས་གནས་ཚང་མར་ད་དུས་ཐེངས་འགའ་ཕེབས་ཀྱང་ཟིན་རེད་ལ་དེ་ལས་མང་བ་དེ་སྔ་ཕེབས་ཡོད། གང་ཞུས་རྣམས་ངས་བསམ་རེས་སུ་ཞུས་ཡིན་པ་ལས་གཞན་པའི་རྣམ་རྟོགས་ཤིག་མི་དགོས་པའི་མི་ངོ་ར་སྤྲོད་འཕེལ་བ་ཡོད་པའི་སྤྱི་དོན་དུ་སོ་སོའི་དགོང་བཞེས་སུ་དཔྱད་རྒྱུ་ལས་མི་ང་ལྟ་བུའི་བསམ་འཆར་ལ་སུས་ཉན་སྲིད་པའི་མི་སྲིད་དོ།། བདེན་པ་ཉིད་རྒྱལ་གྱུར་ཅིག །།