Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

Posted on 2025-11-132025-11-13 By ཁ་བརྡ་ No Comments on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།
བསྟན་འཛིན་གྲགས་པ།  (ཨ་རི།)

ད་ལན་འཕྲིན་བཅུ་པ་དེའི་ནང་ལ་མུ་མཐུད་ནས་དཔལ་ལྡན་ཤེས་རིག་ལས་ཁུངས་སུ་ནུབ་ཕྱོགས་སུ་ཡོད་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་གནས་སྟངས་དང་འབྲེལ་ནས་དོན་ཚན་གཉིས་ཞུ་གི་ཡིན། ད་བར་ཕྲན་གྱིས་ཤེས་རིག་ལས་ཁུངས་ལ་ས་ཐག་ཧ་ཅང་རིང་པ་རྒྱ་མཚོའི་ཕར་ངོས་ཨ་རི་ནས་ལྷག་བསམ་རྣམ་དག་གིས་ཞུ་འཕྲིན་བརྒྱད་ཕུལ་ཟིན་པ་ཡིན། དེ་ཡང་རང་དོན་ཏིལ་འབྲུ་ཙམ་ལ་ཡང་མ་དམིགས་པར་མཐའ་གཅིག་ཏུ་ནུབ་ཕྱོགས་སུ་ཡོད་པའི་གཟའ་མཇུག་བོད་ཡིག་སློབ་གྲྭའི་སློབ་ཕྲུག་ཚོས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་ཕྲན་བུ་ཤེས་ཐབས་སུ་དཔལ་ལྡན་ཤེས་རིག་ལས་ཁུངས་ནས་སློབ་དེབ་རྩོམ་སྒྲིག་གནང་བ་སོགས་ཞུ་སྒོ་ཁག་ལ་རྗེས་སུ་ཡི་རང་དང་། ད་དུང་ཡར་རྒྱས་ཡོང་ཐབས་སུ་རྨོངས་འཆར་འབོད་བསྐུལ་ཞུས་པ་ཙམ་ལས་ངན་སྨྲས་སྐྱོན་བརྗོད་རིགས་རྩ་བ་ནས་ཞུས་མེད། ད་ལན་ཞུ་འཕྲིན་བཅུ་པ་དེའི་ནང་ལ་ཞུ་དོན་གཙོ་བོ་གཉིས་ཡོད། དང་པོ་ནི། ཉེ་དུས་ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༢༢ ཉིན་དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱི་གཞུང་འབྲེལ་ལས་ཤོག་ཐོག་དྲུང་ཡིག་ཆེན་མོའི་དམ་ཕྲུག་དང་། མཚན་རྟགས་སྐྱོན་པའི་གཞུང་འབྲེལ་ཕྱག་བྲིས་ཤིག་དྷ་སྟེང་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་དང་། སམ་བྷོ་ཊ་སྤྱི་ཁྱབ་འགན་འཛིན། མ་སུ་རི་བོད་ཁྱིམ་དྲུང་ཆེ། བལ་ཡུལ་གངས་ཅན་བདེ་རྩའི་འགན་འཛིན་དྲུང་ཆེ་ཀྱི་མཚན་ཐོག་ལ་གནང་བའི་བཀའ་ཁྱབ་གཅིག་དྲྭ་ཐོག་ནས་མཇལ་བྱུང་ལ། གོང་གསལ་བཀའ་ཁྱབ་དེའི་ངོ་བཤུས། ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་། ཏཱ་ལའི་བླ་མ་སློབ་གཉེར་ཁང་། (མཆན། ཤེས་རིག་གི་ཕྱག་བྲིས་ནང་ལ། ༧གོང་ས། ཞེས་མ་བྲིས་པའི་ཐོག། ཆེ་རྟགས་༧ཡང་མ་བྲིས་པར། ཐད་ཀར་ཏཱ་ལའི་བླ་མ་སློབ་གཉེར་ཁང་། ཞེས་བྲིས་པ་དེ་ནི་ཧ་ཅང་མི་བདེ་བ་གཅིག་རེད།) དྷ་ས་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་། སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་། བཅས་ལ་ཕུལ་འདུག
དཔལ་ལྡན་ཤེས་རིག་དྲུང་ཆེའི་མཚན་ཐོག་ནས་གནང་བའི་བཀོད་ཁྱབ་དེའི་ནང་དོན་གཙོ་བོ་ནི། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ནས་ ༩ བར་བསྐོང་ཚོགས་ཞུས་པའི་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པའི་གྲོས་གཞི་ ༤༢ གྲོས་ཆོད་དོན་ཚན་ ༡ པོར། བོད་ས་ཡོངས་རྫོགས་རྒྱ་དམར་གྱིས་བཙན་འཛུལ་བྱས་རྗེས། བཙན་བྱོལ་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གནའ་དེང་གི་ཤེས་ཡོན་གལ་ཆེར་དགོངས་ཏེ་བོད་མིའི་སློབ་གྲྭ་ཟུར་འཛུགས་གནང་བ་སོགས་དུས་གསུམ་གསལ་གཟིགས་ཀྱི་དགོངས་གཞི་ཟབ་མོའི་འོག་༧སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་འབྱུང་འགྱུར་མི་རབས་རྣམས་རྣམ་དཔྱོད་དང་བཟང་སྤྱོད་གཉིས་ལྡན་དང་། འཕྲལ་ཕུགས་གཉིས་ཀར་ཕན་རླབས་ཆེ་བའི་ལམ་ཕྱོགས་སུ་བསྒྱུར་བའི་སྲིད་བྱུས་གཏན་འབེབས་མཛད་པ་སོགས་བོད་ཀྱི་ཤེས་ཡོན་ལས་དོན་ཐོག་རླབས་ཆེན་གྱི་ཕྱག་རྗེས་འཇོག་གནང་མཛད་པར་བརྟེན། ལོ་རེའི་ཕྱི་ཟླ་ ༡༡ ཚེས་ ༥ སྟེ་སློབ་དཔོན་ཆེན་མོ་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་དུས་ཚེས་ཉིན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་ཀྱི་དགེ་རྒན་ཉིན་མོ་ཞེས་རྒྱ་ཁྱབ་ཏུ་སྲུང་བརྩི་ཞུ་རྒྱུ། ཞེས་པའི་དགོངས་དོན་བརྒྱུད་བསྒྲགས་གནང་པ་གཅིག་རེད་འདུག ད་ལན་ཕྲན་གྱིས་ཞུ་འདོད་པ་ནི། གྲོས་ཚོགས་ནང་ལ་སྔར་བྱུང་ཟིན་པའི་སྐད་ཆ་རྙིང་པ་སློབ་དཔོན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་གཞུང་གི་སློབ་གྲྭ་མེས་དབོན་དཔེ་སྟོན་སློབ་གྲྭའི་ནང་ལ་སྲུང་བརྩི་ཞུས་ན་འགྲིག་དང་མ་འགྲིག་དང་། ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་ཉིན་མོར་བོད་ཀྱི་དགེ་རྒན་ཉིན་མོ་གཏན་འབེབས་གྲོས་ཆོད་འོས་དང་མི་འོས་ཐོག་གང་ཡང་ཞུ་རྒྱུ་མེད། ཡིན་ནའང་། ཕྲན་རང་ཉིད་ལོ་མང་རིང་ཨ་རིའི་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ (གཟའ་མཇུག་བོད་ཡིག་སློབ་གྲྭ་) ཡི་དགེ་རྒན་ལས་ཀ་བྱེད་མཁན་གཅིག་ཡིན་པའི་ཆ་ནས། རྒྱུན་དུ་གྲོས་ཚོགས་ནང་གཟའ་མཇུག་སློབ་གྲྭའི་ཐོག་ལ་བཀའ་མོལ་བྱུང་བ་ཁག་སྤྱི་དང་། དམིགས་བསལ་ཤེས་རིག་ལས་བསྡོམས་སྐབས་སུ་དྲི་བ་དྲི་ལན་གྱི་གནང་སྒོ་ཁག་ལ་དོ་སྣང་གང་ཐུབ་བྱ་ཡི་ཡོད་ལ། དཔལ་ལྡན་སྲིད་སྐྱོང་གཙོས་དབུ་ཁྲིད་བླ་ཆེན་ཁག་ནུབ་ཕྱོགས་སུ་ཕེབས་སྐབས་སུ་བཙན་བྱོལ་བོད་མིའི་མི་འབོར་བརྒྱ་ཆ་ ༥༠ ལྷག་ནུབ་ཕྱོགས་སུ་གཞིས་སྤོས་ཟིན་པ་དང་། གཟའ་མཇུག་སློབ་གྲྭ་གལ་ཆེན་ཡིན་པ་སོགས་ཧ་ལམ་གོང་རིམ་ཆབ་སྲིད་མི་སྣ་རྣམ་པའི་ཞལ་ནས་བརྒྱ་ཚར་མང་པོ་ལབ་ཡོད་ནའང་། ད་ལན་དཔལ་ལྡན་ཤེས་རིག་དྲུང་ཆེའི། བོད་ཀྱི་དགེ་རྒན་ཉིན་མོ། བཀོད་ཁྱབ་གཞུང་འབྲེལ་ཕྱག་བྲིས་ཀྱི་འགོ་བརྗོད་དང་། ངོ་བཤུས་གང་ལ་ཡང་ནུབ་ཕྱོགས་སུ་ཡོད་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ (གཟའ་མཇུག་སློབ་གྲྭ་) མིང་ཟུར་ཙམ་ཡང་བཀོད་མ་གནང་བ་དེ་རིགས་ནི་ཧ་ལས་པའི་བློ་ཕམ་དང་། དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་གྲོས་ཚོགས་ནང་ལ་བཀའ་ལན་ཐེབས་ལ་མ་ཐེབས་ལ་དང་། དབུགས་རིང་བཅས་ནུབ་ཕྱོགས་སུ་ཡོད་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་གལ་ཆེ་ཚུལ་དང་། ཤེས་རིག་ལས་ཁུངས་ནས་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ལ་ངོས་འཛིན་ཆེ་མཐོང་ཞུ་གི་ཡོད་སོགས་བཤད་པ་རྣམས་རྒྱབ་མདུན་ངོ་ལྐོག་དང་། ཞལ་ཞེ་མི་མཚུངས་པའི་གསུང་གཅིག་མིན་ནམ་བསམ་པ་ཙམ་མིན་པར་། ད་ལན་ཤེས་རིག་ལས་ཁུངས་ནས་བོད་ཀྱི་དགེ་རྒན་ཉིན་མོ་སྲུང་བརྩི་ཞུ་དགོས་པའི་བཀོད་ཁྱབ་དེས་ས་རིས་ཐང་གསལ་དང་། དེང་སྐབས་སྐད་ཆ་བཤད་སྟངས་བྱས་ན། དཔང་རྟགས་གསལ་པོ་བསྟན་སོང་། བོད་ཀྱི་དགེ་རྒན་ཉིན་མོ་སྲུང་བརྩི་ཞུ་དགོས་པའི་བཀོད་ཁྱབ་ནང་ལ། རྒྱ་གར་དང་བལ་ཡུལ་གཉིས་ཀྱི་བོད་པའི་སློབ་གྲྭ་མ་གཏོགས། ནུབ་ཕྱོགས་སུ་ཡོད་པའི་གཟའ་མཇུག་སློབ་གྲྭ་མིང་ཙམ་ཡང་དངོས་ཤུགས་གང་ལ་ཡང་མི་གསལ་བ་དེས། དཔལ་ལྡན་ཤེས་རིག་ལས་ཁུངས་ནས་ནུབ་ཕྱོགས་སུ་ཡོད་པའི་བོད་ཡིག་སློབ་གྲྭ་དང་། དེ་དག་གི་ནང་ལ་ལས་ཀ་བྱེད་བཞིན་པའི་བོད་ཡིག་དང་ཟློས་གར་དགེ་རྒན་རྣམས་ལ་བོད་ཀྱི་དགེ་རྒན་ཁོངས་སུ་ངོས་འཛིན་ཆ་འཇོག་གནང་གི་མེད་པ་མ་ཟད། ད་དུང་མངོན་སུམ་འཛེམས་མེད་ཀྱི་མཐོང་ཆུང་བརྙས་བཅོས་གནང་བ་གཅིག་ལ་ངོས་འཛིན་གནང་གི་ཡོད་པའི་མཐོང་ཚུལ་གཟའ་མཇུག་བོད་ཡིག་སློབ་གྲྭའི་དགེ་རྒན་མང་པོ་གཅིག་གིས་གཅིག་མཚུངས་བྱུང་འདུག དཔལ་ལྡན་ཤེས་རིག་ལས་ཁུངས་ནས་གཟའ་མཇུག་བོད་ཡིག་སློབ་གྲྭའི་དང་བླངས་དགེ་རྒན་མང་པོའི་སེམས་ལ་ཕོགས་ཐུག་དང་། སེམས་ཤུགས་ཆགས་གཞིའི་ལས་དོན་གནང་བ་དེ་ནི་ཤེས་རིག་ལས་ཁུངས་ཀྱི་ལས་དོན་འཐུས་ཤོར་ཆེན་པོ་གཅིག་ཅི་ལ་མིན།
ཤེས་རིག་དྲུང་ཆེ་མཆོག་དེ་སྔ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེའི་སྒེར་དྲུང་ལོ་མང་ཞབས་ཞུ་གནང་མྱོང་ཡོད་སྟབས། རིན་པོ་ཆེའི་མཛད་པ་སྐྱོང་སྟངས་དང་དགོངས་པ་རྒྱ་ཆེན་པོ་བཞེས་སྟངས་ལས་ལེགས་ཆ་ཅུང་ཟད་ཐོབ་རེ་ཡོད་ནའང་། གུ་དོགས་ཀྱིས། དྲུང་ཆེའི་མཚན་རྟགས་འཁོད་པའི་ཕྱག་བྲིས་དེའི་ནང་། ཚོགས་ཆེན་གྱི་གྲོས་ཆོད་ལག་བསྟར་ཆེད། འདི་ལོ་ནས་བཟུང་ལོ་རེའི་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་རྒྱ་བལ་གཉིས་ནང་རྟེན་བྱས་པའི་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ཚང་མར་ བོད་ཀྱི་དགེ་རྒན་ཉིན་མོ་ སྲུང་བརྩི་ཞུ་གཏན་འཁེལ་ཡོད་པས། ཞེས་བྲིས་འདུག ག་རེ་བྱས་ནས། བོད་ཀྱི་དགེ་རྒན་ཉིན་མོ། རྒྱ་བལ་གཉིས་ནང་མ་གཏོགས་སྲུང་བརྩི་བྱེད་མ་ཐུབ་པ་རེད་དམ། ལྷོ་བྱང་ཨ་རི་དང་། ཡོ་རོབ། ཨོ་སི་ཀྲི་ལི་ཡ། འབྲུག་བཅས་ཀྱི་ནང་ལ་ཡོད་པའི་བོད་པའི་དགེ་རྒན་རྣམས་ལ་བོད་ཀྱི་དགེ་རྒན་ཉིན་མོ་སྲུང་བརྩི་བྱ་རྒྱུའི་གོ་སྐབས་མ་གནང་བ་རེད་དམ། ཡང་ན། རྒྱ་བལ་གཉིས་ནང་མ་གཏོགས་ལུང་པ་གཞན་གྱི་བོད་པའི་དགེ་རྒན་ཚོས་བོད་ཀྱི་དགེ་རྒན་ཉིན་མོ་སྲུང་བརྩི་ཞུ་འདོད་མེད་པའི་རྣམ་འགྱུར་ཡིག་ངག་གང་རུང་ནས་སྤེལ་པ་ཨེ་ཡིན་ནམ། དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱིས་ད་བར་ལྷོ་བྱང་ཨ་རིའི་བོད་ཀྱི་གཟའ་མཇུག་སློབ་གྲྭའི་སློབ་དེབ་སོགས་ལ་ཇུས་འཁྲི་གནང་ཟིན་པས། ད་བར་ཕྲན་དང་ཕྲན་ལྟ་བུ་གཟའ་མཇུག་བོད་ཡིག་སློབ་གྲྭའི་དགེ་རྒན་ཡོངས་ནས་གུས་བརྩི་ཞུ་ཡུལ་དང་། རྒྱ་བལ་ཙམ་མིན་པར་བོད་ཀྱི་ཕྱི་ལ་ཡོད་པའི་བོད་པའི་སློབ་གྲྭ་ཚང་མ་དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པར་ཆ་འཇོག་གིས་དཔལ་ལྡན་ཤེས་རིག་ཁུངས་ལ་གུས་བརྩི་ཞུ་བཞིན་ཡོད་ནའང་། ཕར་གནམ་གང་ལ་བརྩིས་ནའང་། ཚུར་ཚེས་གཅིག་མ་བརྩི་པའི་གནས་སྟངས་དེ་རིགས་ནི་ཧ་ཅང་ཡིད་མུག་པ་དང་ཞེ་མེར་པའི་གནང་སྟངས་ཤིག་ལ་ཅི་ལ་མིན།
རྒྱ་བལ་གཉིས་ཀྱི་ནང་ལ་ཡོད་པའི་བོད་ཀྱི་དགེ་རྒན་རྣམས་ནི་སྐྱབས་བཅོལ་ལག་དེབ་ཉར་ནས་བཞུགས་མཁན་ཡིན་པ་དང་། རྒྱ་བལ་གཉིས་ཀྱི་ནང་ལ་ཡོད་པའི་བོད་སློབ་ཁག་གི་འགྲོ་གྲོན་མང་པོ་གཅིག་རྒྱ་གར་གཞུང་ནས་གནང་གི་ཡོད་སྟབས། དཔལ་ལྡན་ཤེས་རིག་ལས་ཁུངས་ནས་གནང་བའི་ཕྱག་བྲིས་ནང་གསལ་ལྟར། ད་བར་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་གི་ནང་ལ་ཕྱི་ཟླ་ ༩ ཚེས་ ༥ ཉིན་རྒྱ་གར་གྱི་སྲིད་འཛིན་ཌོག་ཊར་སརྦ་པ་ལི་རཱདྷ་ཀྲི་ཤཱནན་ (Dr. Sarvepalli Radhakrishan) མཆོག་གི་འཁྲུངས་སྐར་ཉིན་མོ་དང་སྟབས་བསྟུན་རྒྱ་གར་ནང་དགེ་རྒན་གྱི་ཉིན་མོ་སྲུང་བརྩི་ཞུ་གི་ཡོད་པ་ནི་རྒྱ་གར་ཤེས་རིག་ལས་ཁུངས་དང་བོད་སློབ་འཛིན་ཚོགས། རྒྱ་གར་དབུས་སའི་གཞུང་དང་ཡུལ་མི་བཅས་ཚང་མ་དང་བོད་པའི་སློབ་གྲྭའི་དབར་ལ་འབྲེལ་ཐག་ཉེ་པོ་ཆགས་པའི་གཞི་རྩ་ཆགས་ཡོད། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུའང་དགེ་རྒན་ཉིན་མོ་སྲུང་བརྩི་ཆེད་ཉིན་འཁྱོངས་ཀྱི་ལས་རིམ་དང་། སློབ་གྭ་འགའ་ཤས་ནང་ཉིན་ཕྱེད་ལས་རིམ་སྤེལ་གུང་གསེང་གཏོང་སྲོལ་ཡོད། ད་ལྟའི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཆོས་བརྒྱུད་སྤྱི་འཐུས་དགོས་དང་མི་དགོས་དང་འབྲེལ་བའི་བཀའ་འདྲི་ཞུ་མཁན་ལ་བཀའ་ལན་གནང་སྐབས། སྔར་ཡོད་མེད་པ་བཟོ་རྒྱུ་ཧ་ལས་པའི་ཁག་པོ་རེད། ཅེས་གསུངས་ཡོད་སྟབས། ད་བར་བཙན་བྱོལ་བོད་མིའི་བསྟི་གནས་དང་། གཏན་སློབ་ཁག་གནས་ཡུལ་རྒྱ་གར་ནང་ལ་དགེ་རྒན་ཉིན་མོ་དང་། བོད་ཁྱིམ་སློབ་གྲྭ་ཁག་གི་ནང་ལ་ལས་བྱེད་ཉིན་མོ་ཞེས་རྒྱ་གར་སྲིད་འཛིན་ཟུར་པ་རཱདྷ་ཀྲི་ཤཱནན་མཆོག་གི་འཁྲུངས་སྐར་ལ་རྒྱ་གར་གྱི་སློབ་གྲྭ་སྤྱི་མཚུངས་ལྟར་སྲུང་བརྩི་ཞུ་བཞིན་པ་དེ་ལ་མཛད་སྒོ་སྟབས་བདེ་དང་འཛིན་གྲྭ་ཚོགས་པ་ཡིན་ན་རྒྱ་གར་ཤེས་ཡོན་སྡེ་ཁག་སྤྱི་དང་། ཡུལ་མིའི་མཐོང་སྣང་ལ་གང་འདྲ་ཡོང་གི་རེད་དམ། རྒྱ་གར་གྱི་དགེ་རྒན་ཉིན་མོ་ལ་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཚང་མ་གུང་གསེང་གཏོང་སྐབས་རྒྱ་གར་ནང་ལ་ཡོད་པའི་བོད་པའི་སློབ་གྲྭ་ཁག་ད་བར་གུང་གསེང་གཏོང་གི་ཡོད་ནའང་། ད་ལོ་ནས་སློབ་གྲྭ་ཚོགས་དགོས་པ་བཟོས་ན་གང་འདྲ་ཡོང་བ་འདུག་གམ། ངས་སློབ་དཔོན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་ལ་བོད་ཀྱི་དགེ་རྒན་ཉིན་མོ་སྲུང་བརྩི་ཞུ་མི་དགོས་པ་ལབ་ཀྱི་མེད་ལ། ཤེས་རིག་ཚོགས་ཆེན་ནས་བོད་ཀྱི་དགེ་རྒན་ཉིན་མོ་གཏན་འབེབས་བྱས་པར་ངོ་རྒོལ་སྐྱོན་བརྗོད་རྩ་བ་ནས་ཞུ་གི་མེད། ཡིན་ནའང་། རྒྱ་བལ་གཉིས་ཀྱི་བོད་སློབ་ཁག་གི་བོད་ཀྱི་དགེ་རྒན་རྣམས་ལ་ལོ་གཅིག་གི་ནང་ལ་དགེ་རྒན་ཉིན་མོ་ཉིན་མོ་གཉིས་སྲུང་བརྩི་བྱེད་རྒྱུ་ཡོད་པ་དང་། ནུབ་ཕྱོགས་ཡུལ་ཁག་ལ་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ལ་བོད་ཀྱི་དགེ་རྒན་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་གོ་སྐབས་དཔལ་ལྡན་ཤེས་རིག་ལས་ཁུངས་ནས་མ་གནང་བ་ནི་ཨ་མ་མ་གཡར་གྱི་གནསངསྟངས་སམ། ཤེས་རིག་ལས་ཁུངས་ནས་སྤྱི་མཉམ། དྲང་བདེན་གྱི་གནང་སྟངས་ཤིག་ལ་མ་མཐོང་།
ད་ལྟ་བཙན་བྱོལ་བོད་མིའི་མི་འབོར་བརྒྱ་ཆ་ ༥༠ ལྷག་གནས་ཡུལ་ནུབ་ཕྱོགས་སུ་ཡོད་པ་དང་། རྒྱ་བལ་གཉིས་ཀྱི་ནང་ལ་ཡོད་པའི་བོད་སློབ་ཁག་གི་སློབ་ཕྲུག་ཉུང་དུ་འགྲོ་བ་དང་མཉམ་དུ་ནུབ་ཕྱོགས་སུ་བོད་ཕྲུག་གི་གྲངས་འབོར་མང་དུ་འགྲོ་བཞིན་པ་དངོས་ཡོད་གནས་སྟངས་ཡིན་པ་མ་ཟད། ནུབ་ཕྱོགས་སུ་བྲེལ་ཟིང་ཆེ་བ་དང་། འཚོ་རྟེན་ཆེད་དུ་ལས་ཀ་མི་བྱེད་ཀ་མེད་ཀྱི་གནས་སྐབས་སུ་ཡང་དང་བླངས་དགེ་རྒན་མང་པོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཞས་སྣ་སློབ་ཁྲིད་གནང་གི་ཡོད་སྟབས། དཔལ་ལྡན་ཤེས་རིག་ལས་ཁུངས་ནས། བོད་ཀྱི་དགེ་རྒན་ཉིན་མོ། སྲུང་བརྩི་ཐེངས་དང་པོ་ཞུ་སྐབས་ནས་ནུབ་ཕྱོགས་སུ་ཡོད་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ (གཟའ་མཇུག་བོད་ཡིག་སློབ་གྲྭ་) བོད་ཀྱི་དགེ་རྒན་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་བཀོད་ཁྱབ་ནང་ལ་ཚུད་ཐབས་གནང་རྒྱུར་བསྐྱར་དུ་ཐུགས་བསམ་བཞེས་རོགས་གནང་ཞེས་ཞུ་གི་ཡོད། དེ་ནི་ང་དང་ང་འདྲ་བའི་དགེ་རྒན་རེ་ཟུང་གི་ཆེད་དུ་བྲིས་པ་མ་ཡིན་པར། ལོ་རྒྱུས་ནང་ལ་དཔལ་ལྡན་ཤེས་རིག་ལས་ཁུངས་ལ་མཚན་ཤས་མི་ཡོང་སླད་ཞུ་གི་ཡོད། གལ་སྲིད་དཔལ་ལྡན་ཤེས་རིག་ལས་ཁུངས་ནས་གཟའ་མཇུག་བོད་ཀྱི་སློབ་གྲྭའི་དགེ་རྒན་རྣམས་རྒྱ་བལ་གཉིས་ཀྱི་སློབ་གྲྭའི་དགེ་རྒན་རྣམས་དང་བཀོད་ཁྱབ་ཡི་གེ་གཅིག་གི་ནང་ལ་མཉམ་དུ་གནང་བདེ་པོ་མེད་ཚེ་གཟའ་མཇུག་སློབ་གྲྭའི་དགེ་རྒན་ཚོའི་ཆེད་དུ་དོན་གཅོད་ཁང་ཁག་སོ་སོ་བརྒྱུད་ནས་ཕྱག་བྲིས་ཟུར་དུ་གནང་བ་ཡིན་ནའང་གནང་དགོས་ཀྱི་འདུག གཙོ་བོ་ནི་གཟའ་མཇུག་སློབ་གྲྭའི་དགེ་རྒན་ཕལ་ཆེ་བ་ནི་དང་བླངས་ཞབས་ཞུ་གནང་མཁན་དང་། ཁོང་རྣམས་ཀྱིས་གནང་བའི་ལས་དོན་ནི་འཁྲུག་ཆ་ཆེ་ལ་བྲེལ་ཟིང་ཆེ་བའི་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ནང་ལ་དུས་ཚོད་ནི་དངུལ་ཡིན་ཟེར་སའི་ལུང་པ་ནས་བོད་དང་བོད་མིའི་སྲོག་རྩ་སྐད་ཡིག་དང་རིག་གཞུང་དར་སྤེལ་ལ་བསམ་ནས་སློབ་ཁྲིད་གནང་བཞིན་ཡོད་པ་དེ་ལ་དཔལ་ལྡན་ཤེས་རིག་ལས་ཁུངས་ནས་ངོས་འཛིན་མ་གནང་བ་ནི་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ཀྱི་ཕྱག་ལས་ལ་སྣང་མེད་སྐྱུར་འཇོག་གནང་བ་ཡིན་སྟབས་བསྐྱར་དུ་དགོངས་པ་བཞེས་གལ།
འདས་པའི་ལོ་ཤས་སྔོན་ནས་དཔལ་ལྡན་ཤེས་རིག་ལས་ཁུངས་ནས་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ལ་གཟེངས་བསྟོད་ཁྱག་འཁྱེར་གནང་དང་གནང་བཞིན་པར་རྗེས་སུ་ཡི་རང་ཞུ་གི་ཡོད། ཡིན་ནའང་། དེ་དང་མཉམ་དུ་ཞུ་འདོད་པ་དང་། ངེས་པར་དུ་ཞུ་དགོས་པའི་གནས་དོན་གཅིག་ནི། གཟའ་མཇུག་སློབ་གྲྭ་སོ་སོའི་ནང་ནས། བུ་དང་བུ་མོ་རྩེ་ཕུད་རེ་རེ་འདེམས་དགོས། ཟེར་པ་དེ་རེད། ད་བར་རྒྱ་བལ་གཉིས་ཀྱི་གཏན་འཇགས་སློབ་གྲྭ་ཁག་གི་ནང་ནས་བུ་དང་བུ་མོ་རྩེ་ཕུད་ལ་དཔལ་ལྡན་ཤེས་རིག་ལས་ཁུངས་ནས་ཕྱག་འཁྱེར་གནང་གི་ཡོད། ཡིན་ནའང་། ངེས་པར་དུ་དགོངས་པར་མངའ་དགོས་པ་གཅིག་ནི། རྒྱ་བལ་གཉིས་ཀྱི་གཏན་སློབ་ཁག་གི་ནང་ནས་བུ་དང་བུ་མོ་རྩེ་ཕུད་གཉིས་སློབ་གྲྭའི་བུ་དང་བུ་མོའི་སྤྱི་ཁྱབ་འགན་བདག་ལ་གནང་ལམ་ཡོད། གཟའ་མཇུག་བོད་ཡིག་སློབ་གྲྭའི་ནང་ལ་སྤྱི་ཁྱབ་འགན་བདག་མེད་པ་དང་། སློབ་གྲྭ་ཡོངས་ནས་བུ་གཅིག་དང་བུ་མོ་རྩེ་ཕུད་ལ་འདེམས་དགོས་ཟེར་པ་དེ་རིགས་ནི་ཧ་ལས་པའི་དཀའ་ངལ་ཆགས་ཡོད་པ་དང་། ཕ་མ་མང་པོ་གཅིག་གིས་ཞལ་མ་སངས་པ་མ་གཏོགས་ཕན་ཚུན་གཅིག་གིས་གཅིག་ལ་བསམ་ཚུལ་སླེབས་གཞི་དང་། གཟའ་མཇུག་སློབ་གྲྭའི་ཤེས་ཡོན་ཚོགས་ཆུང་དང་། དགེ་རྒན་རྣམ་པས་བུ་གཅིག་དང་བུ་མོ་གཅིག་སློབ་ཕྲུག་བརྒྱ་དང་ཉི་བརྒྱའི་ནང་ནས་འདེམས་དགོས་པ་ནི་ཧ་ལས་པའི་དཀའ་ངལ་ཆགས་གཞི་གཅིག་རེད་འདུག མ་འོངས་པར་དཔལ་ལྡན་ཤེས་རིག་ལས་ཁུངས་ནས་རྒྱ་བལ་གཉིས་ཀྱི་ནང་ལ་ཡོད་པའི་བོད་པའི་སློབ་གྲྭ་ཁག་ལ་གང་ཡོད་པ་རྣམས་ནུབ་ཕྱོགས་སུ་ཡོད་པའི་གཟའ་མཇུག་སློབ་གྲྭའི་ནང་ལ་ཡོང་དགོས་པ་དང་། ངེས་པར་དུ་ཡོད་པའི་དགོངས་པ་མ་བཞེས་རོགས་གནང་། དཔལ་ལྡན་ཤེས་རིག་ལས་ཁུངས་ནས་དྷ་སྟེང་བོད་ཁྱིམ་ལ་བུ་རྩེ་ཕུད་འདེམས་དགོས་ཞེས་བཀའ་གནང་བ་དང་། གལ་སྲིད་སྤྱི་ཁྱབ་འགན་བདག་མ་ཡིན་པ་ཞིག་འདེམས་དགོས་ན་གང་འདྲ་བྱེད་ཀྱི་རེད་དམ། ད་ཕན་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་ནས་བུ་དང་བུ་མོ་རྩེ་ཕུད་སྤྱི་ཁྱབ་འགན་བདག་འདེམས་པ་དེ་ནི་ལས་སླ་ཐབས་ཁོ་ན་གནང་བ་ལམ་དང་ལུགས་སྲོལ་ཆགས་པ་ཞིག་རེད། ནུབ་ཕྱོགས་སུ་ཡོད་པའི་གཟའ་མཇུག་སློབ་གྲྭ་ཁག་གི་ནང་ནས་བུ་རྩེ་ཕུད་དང་བུ་མོ་རྩེ་ཕུད་འདེམས་ནས་སློབ་ཕྲུག་ཕན་ཚུན་དང་། ཕ་མ་ཕན་ཚུན་དབར་ལ་མི་དགའ་བ་ཆགས་པ་མ་ཟད། ད་དུང་ཤེས་ཡོན་ཚོགས་ཆུང་དང་དགེ་རྒན་ལ་ཡང་མི་དགའ་བ་ཆགས་གཞི་ལས་དགེ་མཚན་ལྡན་པ་གང་ཡང་མ་མཐོང་།
དེ་ནས་དོན་ཚན་གཉིས་པ་རྒྱས་བཤད་མེད་པར་མདོར་བསྡུས་ཞུ་གི་ཡིན། ཡིན་ནའང་། ཁ་གསལ་ཡོང་རྒྱུར་ཚིག་འབྲུ་མི་ཉུང་བ་ངེས་པར་དུ་འབྲི་དགོས་ངེས་ཡིན་སྟབས་དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་རྣམ་པ་གཙོས། ཀློག་མཁན་རྣམ་པར་སྔོན་ཚུད་ནས་བཟོད་གསོལ་ཞུ་གི་ཡོད། ནུབ་ཕྱོགས་སུ་ཡོད་པའི་དོན་གཅོད་ལས་ཁུངས་ཁག་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལས་ཁུངས་ཤིག་ཡིན་སྟབས། དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་ཡང་ཆགས་ཀྱི་ཡོད། ཉེ་དུས་བྱང་ཨ་རིའི་དོན་གཅོད་ལས་ཁུངས་ནས་གཟའ་མཇུག་བོད་ཡིག་སློབ་གྲྭ་ཁག་ལ་ (གལ་ཆེའི་གསལ་བསྒྲགས།) ཞེས་འགོ་བརྗོད་ལ་འཁོད་པའི་བོད་ཡིག་གློག་འཕྲིན་གཅིག་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་བརྒྱུད་ནས་བསྐུར་གནང་འདུག ཕྱག་བྲིས་ཀྱི་ནང་དོན་གཙོ་བོ་ནི། འདི་ལོ། བྱམས་བརྩེའི་ལོ། སྲུང་བརྩི་ཞུ་རྒྱུར། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༣ ཐོག བྱམས་བརྩེའི་ལོ་འདིའི་ནང་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཁྱབ་ཁོངས་གཟའ་མཇུག་སློབ་གྲྭ་ཁག་དབར་རིག་རྩལ་འགྲན་བསྡུར་གྱི་བྱེད་སྒོ་ཞིག་གོ་སྒྲིག་ཞུ་དགོས་པ་དང་། དེ་ལྟའི་འགྲན་བསྡུར་ཀྱི་དུས་ཚེས་སོགས་ཞིབ་ཕྲའི་ལས་དོན་བྱེད་ཕྱོགས་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་དང་གོ་བསྡུར་ཞུས་ནས་གསལ་བསྒྲགས་འདི་ཕུལ་གྱི་ཡོད་པས། ཞེས་བྲིས་འདུག དུས་ཚེས། ༢༠༢༦།༤།༡༨ དང་ ༡༩ ཉིན་གཉིས་རིང་དང་། འགྲན་བསྡུར་རྣམ་གྲངས་ འདྲི་བརྩད། གཞས་སྣ། བགྲོ་གླེང། ཀློག་རྩལ། འགྱེར་འདོན། ཞེས་སོགས་བྲིས་འདུག བྱང་ཨ་རིའི་དོན་གཅོད་ལས་ཁུངས་ནས་གནང་བའི་གསལ་བསྒྲགས་འདི་བཀླགས་རྗེས་ཚོར་བ་མངར་སྐྱུར་། དགའ་སྐྱོ་གཉིས་བྱུང་། དོན་གཅོད་ལས་ཁུངས་ནས་གསལ་བསྒྲགས་གནང་བའི་ནང་དོན་དང་། དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱི་ད་ལྟའི་དགོངས་པ་བཞེས་ཕྱོགས་གཉིས་རྩ་བ་ནས་མཐུན་གྱི་མི་འདུག ན་ནིང་དཔལ་ལྡན་ཤེས་རིག་ལས་ཁུངས་ནས་རྒྱ་གར་གྱི་ཕྱོགས་ཁག་སོ་སོའི་ཐག་ཉེ་འབྲེལ་མཚུངས་ཀྱིས་ས་བགོས་ཀྱིས་སློབ་གྲྭ་ནང་ཁུལ་དབར་ལ་བགྲོ་གླེང་དང་། གཞས་སྣ་སོགས་ཀྱི་འདུ་འཛོམས་གནང་སོང་། ཡིན་ནའང་། འགྲན་བསྡུར་གནང་མ་སོང་། ད་ལྟའི་དཔལ་ལྡན་ཤེས་རིག་བཀའ་བློན་ཁོང་གིས་འགྲན་བསྡུར་ཞེས་པ་མང་པོ་མི་དགོས་པ་དང་། མཉམ་ཞུགས་དགོས་པའི་དགོངས་པ་བཞེས་ཀྱི་འདུག འགྲན་བསྡུར་རིགས་མི་དགོས་པའི་དགོངས་པ་བཞེས་ཕྱོགས་ནི་གསར་པ་གང་ཡང་མ་ཡིན་པར་། བདག་ཉིད་ཆེན་པོ་གྷན་དྷི་དང་། ད་ལྟའི་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སོགས་གནའ་དེང་གི་ཤེས་ཡོན་ཐོག་ལ་ཕྱག་རྗེས་ཆེན་པོ་བཞག་གནང་མཁན་ཚོའི་སྐུ་ཚེའི་ཉམས་མྱོང་ལས་ཐོབ་པའི་མཛད་པ་དང་དགོངས་པ་ཆགས་ཡོད། དེ་བཞིན་བྱང་ཨ་རིའི་ནང་ལ་ཡོད་པའི་བོད་ཡིག་གཟའ་མཇུག་སློབ་གྲྭའམ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ནི་གཞི་ཁྱོན་ཆེ་ཆུང་ཁྱད་པར་ཆེན་པོ་ཡོད་པས་ཕན་ཚན་འགྲན་བསྡུར་ཟེར་པ་ནི་དོན་དངོས་དང་མཐུན་པ་གཅིག་རྩ་བ་ནས་ཆགས་ཀྱི་མེད། དཔེར་ན། ང་ཚོ་ཨ་རིའི་ནིའུ་ཡོག་ལ་ཡོད་པའི་བོད་ཡིག་སློབ་གྲྭ་དང་། ཁེ་ན་ཌ་ཝན་ཁུ་དབར་གྱི་སློབ་གྲྭ་དབར་ལ་འགྲན་བསྡུར་བྱེད་དགོས་ཟེར་ན་སློབ་ཕྲུག་གི་གྲངས་འབོར་དང་། གནས་སྟངས་སོགས་ཕྱོགས་ཡོངས་ནས་མཐུན་ཐབས་མེད་པའི་གནས་སྟངས་ཆགས་ཡོད། ད་དུང་། བྱེད་སྒོ་དེ་རིགས་ནི་རྒྱ་གར་ནང་ལ་ལོ་མང་པོའི་སྔོན་ནས་བོད་སློབ་ཁག་ལ་སྤེལ་བཞིན་པའི་བྱེད་སྒོ་རྙིང་པ། ངག་སྐྱོར་བཏང་ནས་སྐྱོར་རྒྱུ་ཙམ་གྱི་བྱེད་སྒོ་དེ་རིགས་ཨ་རིའི་ནང་ལ་སྤེལ་དགོས་ཟེར་ན་མཐུན་ཐབས་རྩ་བ་ནས་མེད་ལ། ད་བར་རྒྱ་གར་ནང་ལ་ཡོད་པའི་བོད་སློབ་ཁག་གི་ནང་ལ་བགྲོ་གླེང་ཞེས་མིང་བཏགས་པ་དང་། ཁང་ཚན་དགེ་རྒན་གྱིས་བྲིས་པ་སློབ་ཕྲུག་གིས་ངག་སྐྱོར་བཏང་ནས་ལྡིང་ཆའི་ཐོག་ལ་སྐྱོར་པ་ཙམ་ལ་བགྲོ་གླེང་ཞེས་མིང་བཏགས་པའི་གནས་སྟངས་དངོས་ཡོད་རེད། དཔལ་ལྡན་ཤེས་རིག་དྲུང་ཆེ་དང་། བཀའ་བློན། ལས་བྱེད་རྣམ་པས་མཁྱེན་ངེས། གཞན་གྱིས་བྲིས་པ་དང་། སློབ་ཕྲུག་གིས་ངག་སྐྱོར་བཏང་པའི་བྱེད་སྒོ་ཁག་ལ་ཨང་ཀི་སྤྲད་པ་དེས་དོན་དངོས་སློབ་ཕྲུག་གི་རིག་རྩལ་ཡར་རྒྱས་ལ་ཕན་ཐོགས་བྱུང་ཡོད་དམ། དྲི་བ་ཆེན་པོ་གཅིག་རེད། རྒྱ་གར་ནས་སློབ་གྲྭ་ཐོན་པ་རྗེས་སུ་ཨ་རིར་སླེབས་མཁན་ཚོས་ནུབ་ཕྱོགས་ལ་མཚར་ལོངས་བྱུང་བའི་ཕྲུ་གུ་ལྟར་མང་ཚོགས་མདུན་ལ་ལངས་ནས་སྐད་ཆ་ཤོད་རྒྱུ་དང་། ནམ་རྒྱུན་མི་དང་མིའི་དབར་ལ་སྐད་ཆ་ཤོད་སྟངས། ཨིན་སྐད་དུ་ Presentation ཞེས་པ་བྱེད་སྟངས་ལེགས་ཉེས་དང་། བྱེད་ཤེས་དང་མི་ཤེས་གནམ་སའི་ཁྱད་པར་མཐོང་རྒྱུ་ཡོད། ཨ་རིའི་གཏམ་བཤད་པ་གྲགས་ཅན་མི་སྣ་གཅིག་གིས། ཁོ་རང་གི་བཟའ་ཟླ་རྒྱ་རིགས་ཡིན་པ་དང་། ཨང་རྩིས་ཡག་པོ་ཡོད་ནའང་། སང་ཉིན་ལས་ཀའི་ཆེད་དུ་ངོ་སྤྲོད་སྐད་ཆ་སྐར་མ་གཉིས་གསུམ་ཤོད་དགོས་ན། དགོང་དྲོ་ནས་ངག་སྐྱོར་བཏང་གི་རེད། ཅེས་བཤད་པར། ཁོའི་གཏམ་བཤད་ཉན་མཁན་ཚོགས་ཁང་གི་མི་ཚང་མ་དགད་མོ་ཤོར་པའི་གནས་སྟངས་དེ་རིགས་ནི་ཤར་ཕྱོགས་ཀྱི་སློབ་གྲྭའི་ནང་ལ་བགྲོ་གླེང་དང་ངག་རྩལ་འགྲན་བསྡུར་ཞེས་པ་དེ་རིགས་མིང་ཙམ་ཡིན་པ་གསལ་སྟོན་བྱས་ཡོད། ང་ཚོས་རྒྱ་གར་ནང་ལ་སྤེལ་པའི་རྗེས་ལུས་ཅན་གྱི་ཤེས་ཡོན་བྱེད་སྒོ་དེ་རིགས་བྱང་ཨ་རིའི་ནང་ལ་བསྐྱར་སྤེལ་བྱེད་དགོས་ཟེར་ན། ཤེས་ཡོན་གྱི་ལམ་བུར་ཡར་རྒྱས་གོམ་པ་མདུན་སྤོས་མེད་པར། རྒྱབ་བཤིག་རྒྱབ་པ་ཆགས་ཡོད། དཔལ་ལྡན་ཤེས་རིག་ལས་ཁུངས་ནས་དགོངས་པ་བཞེས་ནས་བྱང་ཨ་རིའི་དོན་གཅོད་ལས་ཁུངས་སུ་ལམ་སྟོན་མགྱོགས་ནས་མྱུར་དུ་གནང་དགོས་པ་ལས། སློབ་གྲྭ་མང་པོ་གཅིག་གི་སློབ་ཕྲུག་གི་དུས་ཚོད་དང་། སྤྱི་མཐུན་ཚོགས་པའམ་སྒེར་གྱི་འགྲོ་གྲོན་དངུལ་མང་པོ་འཕྲོག་བརླག་གམ་བེད་མེད་དུ་འགྱུར་སྲིད་པའི་གནས་སྟངས་མཐོང་། མ་གཞི། ཕྱི་ཟླ་ ༡༡ ཚེས་ ༦ ལ་དྲྭ་ཐོག་ནས་དཔལ་ལྡན་ཤེས་རིག་བཀའ་བློན་དང་དྲུང་ཆེས་ཨ་རིའི་གཟའ་མཇུག་བོད་ཡིག་སློབ་གྲྭའི་དགེ་རྒན་ལ་དྲྭ་ཐོག་ནས་གསུང་བཤད་གནང་རྒྱུའི་གསལ་བསྒྲགས་ཤིག་མཐོང་བས། དེ་སྐབས་ལམ་སྟོན་དང་། ཡང་ན། གོ་བསྡུར་ངེས་པར་དུ་གནང་སྲིད། ཚོགས་ཐོག་ལ་ལམ་སྟོན་གནང་མིན་ལས་ད་བར་ཕྲན་གྱིས་ཕུལ་པའི་འབོད་བསྐུལ་ལ་དཔལ་ལྡན་ཤེས་རིག་ལས་ཁུངས་ནས་ཐུགས་སྣང་བྱུང་མིན་ཚོད་དཔག་ཐེངས་ཤིག་ཐེབས་ངེས་སྙམ་མོ། །

མུ་མཐུད་འགོད་རྒྱུ།

བསམ་ཚུལ།

Post navigation

Previous Post: མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
Next Post: མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme