Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། དགུ་པ།

Posted on 2025-10-23 By ཁ་བརྡ་ No Comments on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། དགུ་པ།
བསྟན་འཛིན་གྲགས་པ།  (ཨ་རི།)

ད་བར་ཕྲན་གྱིས་ཡིག་ཉོག་བརྒྱད་བྲིས་ཟིན་པར་གཟིགས་མཁན་གང་ཙམ་བྱུང་འདུག་ལ། མཆན་རེ་ཟུང་འདེབས་མཁན་བྱུང་སོང་། མཆན་འབྲི་མཁན་རྣམས་ཀྱིས་གང་བྲིས་པ་རྣམས་གཟབ་ནན་གྱིས་བཀླགས་པ་ཡིན། གཟབ་ནན་བྱེད་དགོས་དོན་ནི་ཀློག་སྐབས་ཅུང་གོ་ཁག་ཙམ་འདུག ཆ་ཚང་བ་དང་ཅིས་ཕྱིན་པ་གོ་བ་ལོན་ཡོད་མེད་མི་ཤེས་ལ། བཤད་ཁག་ཀྱང་གོ་བ་ཅུང་ཟད་ལོན་པ་གཞི་བཞག་ནས་བརྗོད་ན། མཆན་འདེབས་མཁན་གཅིག་གིས། སྤྲིངས། ཞེས་པའི་ཡི་གེ་མཐོང་བ་དང་ངའི་བསམ་ཚུལ་རྣམས་བཀླགས་མེད། ཅེས་བྲིས་གནང་འདུག སྤྲིངས་ཞེས་པ་ནི་མཐོ་བས་དམའ་བར་ཡི་གེ་སྤྲིངས་པའི་དོན་ཁོ་ནར་འཇུག་པ་ལྟ་བུ་བྲིས་འདུག ཡིན་ནའང་། སྤྲིངས་ཞེས་པ་དང་། སྤྲིངས་ཡིག་ཞེས་པ་ནི་མཐོ་བས་དམའ་བར་བསྐུར་པའི་ཡི་གེ་ཁོ་ནར་གོ་ན་གུ་དོགས་དྲགས་པ་དང་། སྤྲིངས་ཡིག་གི་དོན་ལ། སྨོན་ལམ་ཚིག་མཛོད་ནང་། མི་རེ་རེ་བའི་བར་(དབར་)དང་ཚོགས་པའི་བར། རྒྱལ་ཁབ་ཀྱི་བར་རྣམས་ལ་དོན་གལ་ཆེན་བྲིས་ནས་སྤྲིངས་པའི་འཕྲིན་ཡིག་གི་མིང་། ཞེས་བྲིས་ཡོད་པས། མཐོ་དམན་གྱི་ཁྱད་པར་མེད་པར་འཕྲིན་ཡིག་བསྐུར་པ་ཙམ་ལ་གོ་བ་ལེན་ན་འགྲིག་སྙམ། མང་པོ་མི་བཤད་པར། ཚིག་ལ་མི་རྟོན་དོན་ལ་རྟོན། ཞེས་པའི་གདམས་ངག་ཡིད་ལ་དྲན་ནས་བཀླགས་རྗེས་མཆན་འདེབས་རོགས། དེ་ནས། སྔ་རྒོལ་གྱི་ནམ་མ་ལངས་སྔོན་ལ། དགག་པའི་ཉི་མ་འཆར་ཉེན་ཆེ། ཞེས་བརྗོད་སྲོལ་ཡོད་པས་མིན་ནམ། གཞུང་པ་ཚེ་དབང་ལགས་ཀྱིས་བསྐྱར་དུ། ཕྲན་གྱི་བསམ་ཚུལ་མུ་མཐུད་ནས་འབྲི་རོགས། བྲིས་ཚར་རྗེས་ཕྱོགས་གཉིས་ཀའི་ཐོག་ལ་བསམ་གཞིགས་ནས་དགོངས་ཚུལ་བརྗོད་འདོད་ཡོད་ཅེས་བྲིས་འདུག དགོངས་པར་མངའ་དགོས་པ་གཅིག་ནི། ཕྲན་གྱིས་དགག་རྩོམ་དང་། སྐྱོན་བརྗོད་ཀྱི་ཚིག་དེ་འདྲ་རྩ་བ་ནས་འབྲི་ཡི་མེད་ལ། ད་བར་གང་བྲིས་པ་དང་མུ་མཐུད་འབྲི་བཞིན་པ་རྣམས་ནི་རང་ཉིད་ཤེས་ཡོན་སློབ་གསོ་དང་། དཔེ་ཀློག་ལ་དགའ་བ། དེ་བཞིན་ནུབ་ཕྱོགས་སུ་གཙུག་ལག་སློབ་གྲྭ་ཁག་ཅིག་གི་ནང་ལ་སྐད་ཡིག་གཉིས་པའི་སློབ་ཁྲིད་ཆེད་ལས་སློབ་སྦྱོང་བྱས་མྱོང་བ་སོགས་ལ་གཞིགས་ནས་བསམ་ཚུལ་བྲིས་ཁུལ་བྱས་པ་ཙམ་ལས། ལྟ་གྲུབ་དང་གོ་རྟོགས་གཏིང་གཟབ་པོ་ཡོད་ནས་བྲིས་པ་དེ་འདྲ་རྩ་བ་ཉིད་ནས་མ་རེད། ད་དུང་རང་ཉིད་ཀྱི་བོད་ཀྱི་སྐད་ཡིག་སྤྱི་དང་། དམིགས་བསལ་རྩོམ་འབྲིའི་ཐོག་ལ་ཤེས་ཚད་ཧ་ལས་པའི་སྐྱོ་པོ་ཡིན་སྟབས། སྐབས་མང་པོར་ཚིག་སྦྱོར་ལྟ་ཅི། གང་བསམ་ཡིག་ཐོག་ལ་བྲིས་མ་ཐུབ་པའི་སྐྱོན་ཆ་ཧ་ལས་པའི་མང་པོ་ཡོད་པ་དང་། གང་བྲིས་པ་དེ་དག་ཀྱང་ཚིགས་ཇ་འཐུང་ཤོར་དང་། གཟའ་མཇུག་ལ་སྐར་མ་ ༣༠ ཙམ་བེད་སྤྱད་ནས་བྲིས་པ་ཡིན་སྟབས་ནོར་འཁྲུལ་མང་པོ་ཡོད་པ་གདོན་མི་བཟའ་བས་ཀློག་མཁན་ཚོར་སྔོན་ཚུད་ནས་དགོངས་སེལ་ཞུ་གི་ཡོད། ཞོར་བཤད་བསྐྱུར་ནས་ཐད་ཀར་ལེ་ཚན་སྔ་མའི་འཕྲོས་ནས་མུ་མཐུད་ནས་སྤྱི་ཕན་ཁོ་ནར་བསམ་ནས་སྒེར་གྱི་དུས་ཚོད་བཏོན་ནས་འབྲི་ཡི་ཡིན།
བཅུ་གཅིག སྐད་ཡིག་གཉིས་ཀྱི་ཐོག་ནས་སློབ་ཁྲིད་དང་། གསལ་བསྒྲགས་འབྲི་རྒྱུ་གལ་ཆེ་བར་བསམ་མྱོང་ཡོད་ལ། དེ་སྔ་ཕྲན་གྱིས་སློབ་ཕྲུག་གི་ཕ་མ་དང་སློབ་ཕྲུག་ཚོར་ནང་སྦྱོང་བསྐུར་པ་དང་། ཡིག་འབྲེལ་བྱེད་སྐབས་ཐོག་མར་བོད་ཡིག་ཐོག་བྲིས་པ་དང་། གོ་བརྡ་འཕྲོད་རྒྱུར་དམིགས་ནས་ཨིན་ཡིག་མཉམ་དུ་འབྲི་ཡི་ཡོད། ཡག་པོ་འདུག་ཅེས་བརྗོད་མཁན་བྱུང་ལ། སྐད་ཡིག་སློབ་ཁྲིད་ཐབས་ལམ་ཁ་ཤས་ནང་ལ་སྐད་གཉིས་ཤན་སྦྱར་  Bilingual Support ཞེས་བོད་ཨིན་གཉིས་ཀྱི་ནང་ནས་འགྲེལ་བརྗོད་བྱུང་ན་ཡག་པོ་ཡོད་པ་གསལ་ནའང་། རང་ཉིད་ལོ་མང་ནུབ་ཕྱོགས་སུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱས་པའི་ཉམས་མྱོང་ལ་གཞིགས་ན། བོད་ཡིག་གོ་བདེ་བ་དང་བརྗོད་པ་ཐུང་བའི་ཐོག་ནས་བྲིས་ན་ལེགས་པ་ལས། ཨིན་ཡིག་མཉམ་དུ་མ་འབྲི་ན་ལེགས་པའི་གནས་སྟངས་དངོས་སུ་མཐོང་། ཨིན་ཡིག་མཉམ་དུ་བྲིས་ན་ཐོག་མ་ཉིད་ནས་སློབ་ཕྲུག་དང་ཕ་མ་ཚོས་ཨིན་ཡིག་ཀློག་པ་ལས་བོད་ཡིག་ཀློག་རྒྱུར་འབད་བརྩོན་བྱེད་ཀྱི་མི་འདུག བོད་ཡིག་རྐྱང་པ་བྲིས་ན་སློབ་ཕྲུག་དང་ཕ་མ་ཚོས་མགྱོགས་པོ་ཀློག་མ་ཐུབ་ནའང་། གང་ཐུབ་ཀྱིས་ཀློག་པ་དང་། བཀླགས་ནས་གོ་བ་ལོན་ཐབས་བྱེད་ཀྱི་འདུག ཨིན་ཡིག་ལྟ་བུ་གོ་ཁག་པའི་གནས་སྟངས་ཡོད་ནའང་། དཀའ་ངལ་དེ་བརྒྱུད་ནས་བོད་ཡིག་སྦྱོང་བ་དང་ཤེས་པའི་གནས་སྟངས་ཡག་པོ་གཅིག་འདུག དེ་བས་ཕྲན་གྱིས་ཞུ་འདོད་པ་ནི་མ་འོངས་པར་ཤེས་རིག་ནས་དེབ་འདོན་སྤེལ་སྐབས་སུ་བོད་ཨིན་ཤན་སྦྱར་དགོས་མིན་ཐད་ལ་དགོངས་བཞེས་གནང་རོགས།
བཅུ་གཉིས། ཡི་གེ་རྐྱང་པ་མིན་པར་། སྒྲུང་དེབ་ནང་དོན་དང་འཚམས་པའི་རི་མོ་དང་། དེབ་གཟུགས་བཟོ་བལྟ་སོགས་གལ་ཆེན་ཆགས་འདུག དེབ་ཀྱི་ནང་དོན་གལ་ཆེན་ཡིན་ནའང་། དེ་ལས་གལ་ཆེ་བ་ནི་ཐོག་མར་དེབ་ཀློག་རྒྱུར་སྤྲོ་སྣང་སླེབས་རྒྱུར་དེབ་གཟུགས་དང་། རྒྱབ་ཤོག་གི་མཚོན་མདོག་དང་རི་མོ་སོགས་གལ་ཆེན་པོ་རེད་འདུག རང་ཉིད་ད་བར་ནུབ་ཕྱོགས་ཀྱི་མཐོ་སློབ་དང་། དཔེ་མཛོད་ཁང་མི་ཉུང་བར་བསྐྱོད་པ་ཙམ་མིན་པར་ལས་ཀ་བྱེད་རྒྱུའི་གོ་སྐབས་བྱུང་སྐབས། འཛམ་གླིང་ས་ཕྱོགས་འདྲ་མིན་ནས་ཐོན་པའི་དེབ་མང་པོ་མཐོང་མྱོང་པ་ལས། རྒྱབ་ཤོག་འཇུས་བཀོད་དང་མཚོན་མདོག་སོགས་ནི་ཐེ་ཝན་གྱི་དེབ་རིགས་ཁག་ཧ་ལས་པའི་ཡག་པོ་མཐོང་སོང་ལ། རི་མོ་དང་། རི་མོ་ཡོད་པའི་སྒྲུང་རིགས་ཉི་ཧོང་ནས་ཐོན་པ་ཁག་ཧ་ལས་པའི་ཡག་པོ་མཐོང་། ཡིན་ནའང་། རང་རེ་དཔལ་ལྡན་ཤེས་རིག་ལས་ཁུངས་ནས་འདོན་སྤེལ་གནང་བའི་སྒྲུང་དེབ་ཁག་ཡག་པོ་ཡོད་ནའང་། ད་དུང་གཞན་ནས་ལེགས་ཆ་བླངས་ནས་རི་མོ་དང་མཚོན་ཁྲ། དེབ་གཟུགས་སོགས་གང་ཅིར་སློབ་ཕྲུག་ཚོས་དེབ་མཐོང་བ་ཙམ་གྱིས་ཀློག་འདོད་ཡོད་པ་གཅིག་འདོན་སྤེལ་བྱ་རྒྱུར་འབད་བརྩོན་གནང་རོགས་ཞུ་གི་ཡོད། ཡིན་ནའང་། ངས་ད་བར་གནང་གི་མེད་པ་དང་། གནང་གི་མི་འདུག་ཅེས་ཞུ་གི་མེད། ད་དུང་དེའི་ཐོག་ལ་ཁ་སྣོན་གཅིག་ཞུ་རྒྱུར་། སློབ་དེབ་དང་། ཀློག་དེབ་ཁག་གི་ནང་ལ་སློབ་ཕྲུག་གི་ལོ་ཚད་དང་། སེམས་ཁམས་དང་མཐུན་པའི་ཐོག་ནས་ཤེས་ཚད་གོང་མཐོར་གཏོང་རྒྱུར་། རྩེད་རིགས་དང་། གོ་རྟོགས་ནུས་རྩལ་གྱི་རྩེད་རིགས་བྱེད་སྒོ་མང་ཙམ་འཇུག་རྒྱུ་གལ་ཆེར་མཐོང་།
བཅུ་གསུམ། སློབ་སྦྱོང་ཙམ་མིན་པར་། ལས་དོན་གང་རྩོམ་ནའང་། གོ་རིམ་བཞིན་དུ་སྒྲིག་རྒྱུ་ནི་ཧ་ལས་པའི་གལ་ཆེན་པོ་རེད། སྐད་ཡིག་སྦྱོང་མཁན་གཅིག་ལ་མཚོན་ན། ཐོག་མར་གོ་སླ་བའམ་ལས་སླ་བ་དང་། དེ་ནས་རིམ་པས་ཚིག་གསར་མང་བ་དང་། བརྗོད་པ་སྙན་འཇེབས་ཡོང་ཐབས་སུ་འབད་དགོས་པ་ལས། ཐོག་མ་ཉིད་ནས་ཁག་པོ་དང་། བརྗོད་པ་ཁག་སློབ་ཕྲུག་གི་ལོ་ཚད་དང་། ཤེས་ཚད་དང་མི་མཐུན་པ་བྲིས་པ་ཡིན་ན་ཐོག་མ་ནས་སྤྲོ་བ་སྐྱེ་རུ་འཇུག་མི་ཐུབ་པའི་དཀའ་ངལ་ཡོང་རྒྱུར་གདོན་མི་བཟའ། ང་དང་ང་འདྲ་བ་ཚོས་བོད་ཡིག་ཐོག་མར་སྦྱོང་སྐབས། སླའོ། ཞེས་པ་ནས་འགོ་བཙུགས་ཀྱིས་དབྱངས་གསལ་ཡི་གེ་རིམ་པར་སྦྱོང་བ་དེ་ནི། སླའོ་ཞེས་པས་ལས་སླ་པོ་ཡིན་པ་སེམས་ལ་བཅུག་ནས་སྤྲོ་བ་བསྐྲུན་ཆེད་དུ་ཡིན་པ་ད་ལྟ་བསམ་སྐབས་བོད་ཀྱི་སྔ་མོའི་སློབ་ཁྲིད་ཐབས་ལམ་ཧ་ལས་པ་རེད་འདུག ད་དུང་བརྩོན་འགྲུས་དགོས་ཞེས་པ་དེ་ཡང་། བརྩོན་གང་དགེ་ལ་སྤྲོ་བ། ཞེས་སྤྲོ་བ་གལ་ཆེན་ཡིན་པ་སྔ་ཕྱིར་ལན་མང་གསུངས་པ་དང་། དེང་སྐབས་ཀྱི་སྐད་ཆ་ཤོད་སྟངས་བྱས་ན། དབྱིངས། དགོས་པ་ཞེས་དེ་རེད། ཕྲན་གྱིས་གོ་བདེ་བར་བརྗོད་ན། གོ་རིམ་ཞེས་པ་ནི། ཐོག་མར་བརྗོད་པ་གོ་སླ་བ་དང་། ཐུང་བ། ཕྲུ་གུ་ཆུང་བ་ཚོས་ཡི་གེ་མ་ཀློག་སྔོན་ལ། རྣ་བར་ཉན་རྒྱུ། སྒྲུང་ཉན་དུ་འཇུག་པ་དང་། དེ་ནས་ཡི་གེ་ཀློག་ཤེས་མཚམས་ཚིག་ཉུང་ལ་རི་མོ་ཆེན་པོ་ཡོད་པའི་དེབ་རིགས་ཀློག་དུ་འཇུག་པ། དེ་ནས་ཚིག་འགྲོས་ཏེ་མིང་ཚིག་རེ་ཟུང་བསྡེབས་ཏེ་གོ་དོན་ཁྱད་པར་ཅན་སྟོན་པའི་བརྗོད་ཚིག ཨིན་ཡིག་ནང་ལ་ phrases དེ་ནས་ཚིག་སྒྲུབ། བརྗོད་པ། sentences བཅས་རེ་རེ་ནས་སློབ་ཁྲིད་གལ་ཆེན་པོ་རེད་འདུག་ལ། སློབ་དེབ་དང་ཀློག་དེབ་རྩོམ་སྒྲིག་གནང་སྐབས་སུ་ཐུགས་སུ་མངའ་བ་ཙམ་མིན་པར་ཕྱག་བསྟར་གནང་རོགས། རྗེ་བཙུན་མི་ལས། མཁས་པས་ཉམས་ལེན་མི་བྱེད་ན། །དེ་ལས་ཁྲེལ་བ་གཞན་མེད་དོ། ཞེས་གསུངས་པ་ལྟར།མཁྱེན་ལྡན་ཤེས་རིག་སློབ་དེབ་རྩོམ་སྒྲིག་ཚོགས་མི་རྣམས་མཁས་པ་ཡིན་པ་གདོན་མི་བཟའ་ཡང་། ཕྱག་བསྟར་མ་གནང་ན་ཁྲེལ་མེད་ཆགས་ཉེན་ཡོད་པས་ཕྱག་བསྟར་ཅི་ནས་གནང་སྐྱོང་ཡོང་བ་ཞུ། རྩ་བའི་གོ་རིམ་དེ་ནི་རང་རེའི་བརྡ་སྤྲོད་གཞུང་ནང་ལ་གསལ་པོ་ཡོད། ཡི་གེ་ལས་མིང་དང་། མིང་ལས་ཚིག ཚིག་ལས་བརྗོད་པ་ཟེར་པ་དེ་རེད།
བཅུ་བཞི། གཟའ་མཇུག་སློབ་གྲྭར་སློབ་ཁྲིད་གནང་སྟངས་དེ་སྔ་ལྟར་དགེ་རྒན་གྱིས་བཤད་རྐྱང་དང་སློབ་ཕྲུག་གིས་ཉན་རྐྱང་བྱེད་པའི་ལམ་ལུགས་དེ་རིགས་འཚམས་པོ་མེད་ལ། ནུས་པ་ཐོན་པ་གཅིག་མ་རེད། རྒྱུ་མཚན་ནི་ནུབ་ཕྱོགས་སུ་ཡོད་པའི་སློབ་ཕྲུག་ཚོ་ནི་རེས་གཟའ་ཟླ་བ་ནས་པ་སངས་བར་ཉིན་ལྔ་རིང་རྒྱུན་ལྡན་སློབ་གྲྭར་ཕེབས་ཀྱི་ཡོད་སྟབས། སློབ་གྲྭ་དེ་རིགས་ཀྱི་ནང་ལ་སློབ་ཁྲིད་གནང་སྟངས་ནི་ཕན་ཚུན་གོ་བསྡུར་དང་། དྲི་བ་དྲི་ལན། བྱེད་སྒོ་འདྲ་མིན་བརྒྱུད་ནས་སློབ་སྦྱོང་བྱེད་ཀྱི་ཡོད། ཨིན་སྐད་ནང་ལ་ Interactive Activities ཞེས་པ་དེ་རིགས་ཡོད་པས། ཤེས་རིག་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་ནས་སློབ་དེབ་དང་། མ་འོངས་པར་གཟའ་མཇུག་སློབ་གྲྭའི་ཆེད་དུ་དགེ་རྒན་ལག་དེབ་རྩོམ་སྒྲིག་གནང་བ་ཡིན་ན་དེ་རིགས་ནང་ལ་ཕན་ཚུན་གོ་བསྡུར་དང་། དགེ་རྒན་ལས་སློབ་ཕྲུག་གིས་སློབ་ཚན་གྱི་དུས་ཚོད་མང་བ་ལེན་རྒྱུའམ། མཉམ་ཞུགས་མང་བ་བྱ་རྒྱུའི་རྩ་འཛིན་ལམ་སྟོན་ཁ་གསལ་གོ་བདེ་འཇུག་རོགས་གནང་ཞེས་རེ་བ་ནན་ཞུ་བྱེད་ཀྱི་ཡོད། གཅིག་བྱས་ན། རྩོམ་སྒྲིག་པ་ལྷན་རྒྱས་ཀྱིས། བྱེད་དགོས་པ་བཤད་མཁན་མང་ཡང་། ག་རེ་བྱེད་དགོས་པ་དང་བྱེད་སྟངས་ཤོད་མཁན་མེད་པ་དགོངས་སྲིད་ཀྱང་། ཕྲན་གྱིས་མདོར་བསྡུས་ཙམ་གོང་དུ་བྲིས་ཡོད།
བཅོ་ལྔ། དེང་སྐབས་འཕྲུལ་ཆས་ཧ་ལས་པའི་ཚད་མཐོར་འགྲོ་བཞིན་ཡོད་སྟབས། བེད་སྤྱོད་གཏོང་ཤེས་པ་དང་། གཏོང་ཐུབ་པ་ཡིན་ན་སྐད་ཡིག་ཙམ་མིན་པར་སློབ་སྦྱོང་ཁྱོན་ཡོངས་ལ་སྦྱོང་རྒྱུར་མཐུན་རྐྱེན་ལས་འགལ་རྐྱེན་ལ་མི་འགྲོ་བ་མངོན་སུམ་ཡིན་སྟབས། སྐད་ཡིག་སློབ་སྦྱོང་བྱ་རྒྱུར་སྐད་ཉན་རྒྱུ་ཡོད་པ་དང་། དེ་མིན་འཕྲུལ་ཆས་བེད་སྤྱོད་ཀྱིས་སྐད་ཡིག་སྦྱོང་རྒྱུ་ཡོད་པ་བཟོ་གལ་མཐོང་། ཨིན་སྐད་ཐོག་ནས་བཤད་ན་Audio and Digital Support ཞེས་པ་དེ་རེད། དེ་ཡང་དེང་སྐབས་ QR codes  ཞེས་པ་བརྒྱུད་ནས་བོད་ཡིག་གི་སྒྲ་གདངས་ཏག་ཏག་འདོན་ཐུབ་པ་དང་སྦྱོང་རྒྱུར་སྐད་ཉན་རྒྱུ་ཡོད་པ་བཟོ་རྒྱུ་དང་། བོད་གཞས་ཉན་རྒྱུ་ཡོད་པ་བཟོ་རྒྱུ་དེ་རིགས་གལ་ཆེན་པོ་མཐོང་། ཉེ་དུས་དཔལ་ལྡན་ཆོས་རིག་ལས་ཁུངས་ནས་དགོན་སྡེ་ཁག་གི་གནས་བཤད་དེ་ལྟར་ཉན་རྒྱུ་ཡོད་པ་བཟོས་ཡོད་པའི་གཏམ་བཟང་གཅིག་ཐོས་པས། དཔལ་ལྡན་ཤེས་རིག་ལས་ཁུངས་ནས་གཟའ་མཇུག་སློབ་གྲྭའི་སློབ་དེབ་ཀྱང་དང་། སློབ་ཚན། ཚིག་གསར་སོགས་དེ་ལྟར་ཉན་རྒྱུ་ཡོད་པའི་གཉེན་ཆས་བཟོ་བསྐྲུན་ཅི་ནས་གནང་རོགས་ཞུ་གི་ཡོད། རྣ་བར་ཉན་རྒྱུ་ཙམ་མིན་པར་། མིག་གིས་མཐོང་རྒྱུ་ཡོད་པའི་བརྙན་ཐུང་དང་། རྩེད་རིགས་ games ཀྱང་སློབ་དེབ་བརྒྱུད་ནས་བལྟ་རྒྱུ་ཡོད་པ་ QR codes སློབ་དེབ་ནང་ལ་འཇུག་རོགས་གནང་ཞུ་གི་ཡོད།
བཅུ་དྲུག་པ། བརྡ་སྤྲོད་ཀྱི་སྒྲོམ་གཞི། ཨིན་སྐད་དུ་ Grammar ཞེས་པ་དེ་སློབ་གྲྭའི་ནང་ལ་སློབ་ཁྲིད་བྱེད་དགོས་པ་དང་། མི་དགོས་གསུང་མཁན་བོད་པ་རེ་ཟུང་ཐུག་འཕྲད་བྱེད་མྱོང་ཡོད། ད་ལྟ་ཨ་རིར་གནས་བཞུགས་སློབ་ཆེན་དགེ་རྒན་དང་། ཨིན་ཡིག་རྩོམ་པ་པོ་དོམ་པ་ཚེ་རིང་དབང་མོ་ལགས་ཀྱིས། སྐད་ཡིག་ག་རེ་ཡིན་ནའང་། ཕན་ཚུན་གོ་བརྡ་ཡག་པོ་འཕྲོད་ཐུབ་པ་དགོས་པ་དང་། གོ་བརྡ་ཡག་པོ་འཕྲོད་རྒྱུར་ཚིག་སྒྲུབ་བམ། བརྗོད་པ་ཁ་གསལ་ཡོད་དགོས་པ་ལས། དེ་མིན་གོ་བ་མི་འདྲ་བའམ། ནོར་པ། ཡང་ན། གོ་བ་ལོག་པ་སྤྲོད་ཉེན་ཡོད། དེར་བརྟེན་བརྡ་སྤྲོད་ཡག་པོ་ཤེས་ཐུབ་པ་དགོས་ཅེས་གསུངས་པ་དྲན་ལམ་དུ་ད་ལྟ་ཡང་ཡོད། དེ་ནས་ཕྲན་སྐད་ཡིག་གཉིས་པའི་སློབ་ཁྲིད་ཆེད་ལས་སློབ་སྦྱོང་ནུབ་ཕྱོགས་སུ་གཙུག་ལག་སློབ་ཆེན་ནང་ལ་བྱེད་སྐབས། དགེ་རྒན་ཚོས་བརྡ་སྤྲོད་སྒྲོམ་གཞི་གལ་ཆེན་ལ་ངོས་འཛིན་གནང་བ་ཡིན་ནའང་། བརྡ་སྤྲོད་ཀྱི་སྒྲོམ་གཞིའི་སྒྲིག་གཞི་ཁག་ངག་སྐྱོར་བྱེད་རྒྱུ་སོགས་སློབ་ཁྲིད་བྱེད་དགོས་པ་ལམ་སྟོན་གནང་མཁན་གཅིག་ཀྱང་མ་བྱུང་། ཡིན་ནའང་། ཡོང་གྲགས་ནི་སྐད་ཡིག་དེའི་བརྡ་སྤྲོད་སྟབས་བདེ་པོ་དང་། གོ་བདེ་པོ་ཁག་ག་ལེར་ག་ལེར་སློབ་ཁྲིད་དམ། ངོ་སྤྲོད་བྱེད་དགོས་པ་དང་། གོ་རྙོག་པོ་དང་དཀའ་ལས་ཁག་པོ་དེ་འདྲ་སློབ་ཕྲུག་ཆུང་ངུའམ། སྐད་ཡིག་ཐོག་མར་སྦྱོང་མཁན་ཚོར་ངོ་སྤྲོད་དང་སློབ་ཁྲིད་བྱེད་རྒྱུ་མེད་པ་ཡོངས་གྲགས་རེད་འདུག དེ་བས། གཟའ་མཇུག་སློབ་གྲྭའི་ནང་ལ། བོད་ཀྱི་བརྡ་སྤྲོད་སློབ་ཁྲིད་གནང་དགོས་ཀྱང་། དགེ་རྒན་ཚོས་གང་སྟབས་བདེ་པོ་དང་ལས་སླ་པོའི་ཐོག་ནས་དུས་ཚོད་བཏང་ནས་སློབ་ཁྲིད་གནང་དགོས་པ་ལས། རྒྱ་གར་གི་བོད་སློབ་ཁག་ནང་ལ་སློབ་ཁྲིད་གནང་སྟངས་དཔར་བཤུས་རྒྱབ་ནས་གཅིག་མཚུངས་སློབ་ཁྲིད་གནང་ཚེ་ཕན་ལས་གནོད་ཆེ་བ་ཚིག་ཐག་བཅད་ནས་བརྗོད་ཐུབ།
བཅུ་བདུན་པ། ཁྱིམ་བདག་ཕ་མ་ལྷན་རྒྱས་དང་། དགེ་རྒན་རྣམ་པར་དུས་དང་འཚམས་པའི་ལམ་སྟོན་ཁ་གསལ་དགོས་པ། ཕྲུ་གུའི་བདག་པོ་ཕ་མ་ཡིན་པས་དགེ་རྒན་དང་སློབ་གྲྭར་དབང་ཚད་དེ་ཙམ་མེད་པ་བརྗོད་མཁན་སློབ་གྲྭའི་འཛིན་སྐྱོང་དང་། དགེ་རྒན་རེ་ཟུང་ཐུག་འཕྲད་བྱུང་། ད་དུང་དྲན་གསོས་པ་གཅིག་ལ། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཀྱིས་ད་ལྟ་རྒྱ་གར་ནང་ལ་སློབ་གྲྭ་ཟླ་སྒྲིལ་གཏོང་དགོས་པ་དང་། སློབ་ཕྲུག་ཚོ་ཡང་སོ་སོའི་ལུང་པའི་ཐག་ཉེ་ས་ཁུལ་གྱི་སློབ་གྲྭའི་ནང་བཞག་ཐུབ་ན་ཞེས་པའི་དགོངས་ཚུལ་གནང་པ་དང་། དེ་ལ་ཐད་ཀར་ཁ་གཏད་ཡིན་མིན་བརྗོད་མི་ཤེས་ཀྱང་། བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དབུ་འཛིན་བསོད་ནམས་སྲི་ཆོས་ལགས་ཀྱིས། ཕྲུ་གུའི་བདག་པོ་ནི་ཕ་མ་ཡིན་པས། ཕྲུ་གུ་ག་པར་གཏོང་དང་གཏོང་མིན་ཕ་མས་ཐག་གཅོད་བྱ་རྒྱུ་ལས་འཛིན་སྐྱོང་ནས་ཇུས་གཏོགས་བྱེད་མི་ཐུབ། ཅེས་བརྗོད་ཡོད། གང་ལྟར་ད་ལན་ཕྲན་གྱིས་བརྗོད་འདོད་པ་ནི། དགེ་རྒན་དང་ཕ་མ་རྣམ་པར་སློབ་ཕྲུག་ཚོའི་སྦྱོང་གཞིའི་སློབ་ཚན་དང་འབྲེལ་བའི་སློབ་ཚན་འཆར་གཞི་དང་། བྱེད་སྒོ་སོགས་ཁ་གསལ་ལམ་སྟོན་དགོས་ཀྱི་འདུག དེ་ཡང་གཟའ་མཇུག་སློབ་གྲྭར་མཚོན་ན། ད་བར་དགེ་རྒན་གྱིས་ཕ་མ་ཚོས་ཁྱིམ་ཚང་ནང་ལ་ཕྲུ་གུ་མཉམ་དུ་བོད་སྐད་ཤོད་དུ་འཇུག་དགོས་པ་ལབ་པ་དང་། ཕ་མ་ཚོས་ཕྲུ་གུས་བོད་སྐད་ཤོད་མ་ཤེས་པ་དེ་ནི་གཟའ་མཇུག་སློབ་གྲྭའི་དགེ་རྒན་གྱིས་མ་འཇོན་པ་དང་། མ་འགྲིག་པ། ནོར་འཁྲུལ་ཡིན་པར་ངོས་འཛིན་གྱིས། ཕ་མ་ཁ་ཤས་ཀྱིས་བོད་ཡིག་སློབ་གྲྭར་བཏང་དང་མི་བཏང་མི་འདུག་ལབ་པ་དང་། ཕ་མ་ཁ་ཤས་ཀྱིས། ངའི་ཕྲུ་གུ་བོད་ཡིག་སློབ་གྲྭར་མ་བཏང་སྔོན་ལ་བོད་སྐད་ཡག་པོ་ཤོད་ཀྱི་ཡོད་ནའང་། བོད་ཡིག་སློབ་གྲྭར་བཏང་རྗེས་བོད་སྐད་དང་ཨིན་ཡིག་བསྲེས་མཁན་དང་། ཨིན་སྐད་མང་བ་རྒྱབ་མཁན། ཨིན་སྐད་མ་གཏོགས་མི་རྒྱབ་མཁན་ཆགས་སོང་ཟེར་པ་སོགས་བརྗོད་ཀྱི་ཡོད། ཕ་མ་ཚོས་གོང་གི་བཀའ་མོལ་དེ་དག་དགེ་རྒན་གྱི་རྒྱབ་བམ། དགེ་རྒན་མེད་སར་བརྗོད་པ་ལས། དགེ་རྒན་དང་ཐུག་འཕྲད་ཀྱིས་སོ་སོའི་ཕྲུ་གུར་དོ་སྣང་ག་རེ་དགོས་པ་དང་། ཕ་མ་གཅིག་གིས་སོ་སོའི་ཕྲུ་གུའི་ཆེད་དུ་དགེ་རྒན་དང་དངོས་སུ་ཐུག་ནས་རེ་བ་ཞུ་བའི་གནས་སྟངས་གཟའ་མཇུག་སློབ་གྲྭའི་ནང་ལ་བྱུང་ཧ་ཅང་དཀོན་པོ་རེད། མུ་མཐུད་ནས་གལ་ཆེན་གྱི་དོན་ཚན་ཁ་ཤས་ཐོག་ལ་འབྲི་དགོས་ཀྱང་། དུམ་བུ་དགུ་པ་དེ་རིང་པོ་ཆགས་པས། འདོན་ཐེངས་རྗེས་མའི་ནང་ལ་མུ་མཐུད་འབྲི་རྒྱུ་ཡིན། འདོན་ཐེངས་རྗེས་མའི་ནང་གལ་ཆེན་གྱི་དོན་གནད་ཁ་ཤས་ཐོག་གླེང་རྒྱུ་ཡིན་པས་མུ་མཐུད་ནས་ཀློག་རོགས་གནང་། རྗེས་སུ་མཇལ་ཡོང་། ཐུགས་རྗེ་ཆེ། །

མུ་མཐུད་འགོད་རྒྱུ།

བསམ་ཚུལ།

Post navigation

Previous Post: སྲིད་སྤྱིའི་འོས་བསྡུ་དང་སྐབས་ཚོལ་ཚོའི་རྨི་ལམ།
Next Post: མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme