Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།

Posted on 2025-10-08 By ཁ་བརྡ་ 2 Comments on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།

ཆབ་མདོ་ངག་ཕུན།

ང་རང་ཆུང་དུས་གླིང་སྒྲུང་ཀློག་དུས་གླིང་གི་དཔའ་རྟུལ་ནང་ནས་སེང་སྟག་ཨ་དོམ་ལ་དཔེ་མི་སྲིད་པའི་དགའ་མོས་ཆེན་པོ་ཡོད་མཁན་ཞིག་ཡིན་པས། དེ་རིང་ངོ་ནས་གླིང་སྒྲུང་གི་དཔའ་རྟུལ་དེ་དག་དཔར་རིས་མཐོང་དུས་དེ་སྔོན་ཆུང་དུས་ཀྱི་འཚོ་བ་དེ་དག་དྲན་གསོ་བཏང་བྱུང་། དེ་ཡང་། སེང་ཨ་དོམ་མི་ཡི་སྤྱང་ཁུ་ཟེར། །རྟ་སྟོང་རེ་ནོར་གྱི་བང་མཛོད་ཟེར། །མཚན་ལེབ་ཆེན་མི་ཡི་གཤན་གྲི་ཟེར། ཞེས་གླུ་དབྱངས་འཐེན་ནས་ནོར་ལུག་གི་རྗེས་སུ་རྫི་བོར་ཕྱིན་ཚུལ་དྲན་པ་དང་། དེ་ཡང་དབྱར་དུས་རི་བོ་སྟོད་སྨད་སྔོན་ལྗང་གིས་མཛེས་སྡུག་གིས་བསྐྲུན་ཞིང་། ཤིང་ནགས་ཀྱི་སེང་ནས་བྱ་བྱིའུས་སྐད་སྙན་སྣ་ཚོགས་སྒྲོག་པ་དང་། སྤང་ངོས་སུ་མེ་ཏོག་སེར་ཅན་ཁྲ་ཁྱབ་ཀྱིས་ཁེངས། རིང་ལུང་རྩི་ཤིང་གི་དྲི་ཞིབ་ཡོངས་སུ་ཁྱབ། དེའི་སྟེང་དུ་བསྡད་ཅིང་རྫི་རོགས་ཚོ་མཉམ་དུ་གླུ་ཤགས་དང་། ཁ་ཤགས། ཐག་མཆོང་སོགས་རྩེས། ཡང་རྫི་རོགས་འགའ་ཤས་ཀྱིས་གླིང་སྒྲུང་ཀློག་དུས་རྫི་རོགས་ཚོས་མཐའ་སྐོར་བསྡད་དེ་གླིང་སྒྲུང་ཉན། གླིང་གི་དཔའ་རྟུལ་ཚོར་རྒྱལ་ཁབ་ཐུབ་པ་གོ་དུས་ངོ་གདོང་ལ་འཛུམ་མདངས་ཀྱིས་ཁེངས། གླིང་གི་དཔའ་རྟུལ་བཀྲོངས་པ་གོ་དུས་ངོ་གདོང་ལ་མུན་ནག་རུབ་པ་ལྟར་བློ་ཕམ་དང་། སེམས་ཆུང་འགའ་ཤས་མིག་ཆུ་གཏོང་བ་དང་། ན་ཆུང་ཚོས་ངག་སྟབས་སྣ་ཚོགས་ལེན་ཤེས་ཀྱི་ཡོད་ལ། རིག་པ་རྣོ་བ་འགའ་ཤས་ཀྱིས་གླིང་སྒྲུང་ཡིད་ལ་ཟིན་ཡོད་པས་ནོར་ལུག་རུབ་ཞོར་གླིང་སྒྲུང་གི་ངག་སྟབས་ལེན་བཞིན་སྣང་བ་སྐྱིད་པས་ནོར་ལུག་འཚོལ། གནས་དེར་གནས་པའི་མི་རྣམས་ལ་གླིང་སྒྲུང་གི་བག་ཆགས་ཟབ་མོ་ཞིག་བསྐྲུན་ཡོད་པ་ནི་བརྗོད་མ་དགོས།

སྐབས་དེ་དུས་ད་ལྟའི་ནང་བཞིན་ཁ་ལ་ཟ་རྒྱུ་དང་ལུས་ལ་གྱོན་རྒྱུ་སོགས་དེ་འདྲའི་འབེལ་འབེལ་ལྷུག་ལྷུག་མེད་ནའང་སེམས་ནང་སྣང་བ་སྐྱིད་པོ་ཞིག་ཡོད། དབྱར་དུས་རྩི་ཤིང་མེ་ཏོག་གི་དྲི་ཞིམ་ནི་དེ་འདྲའི་བློ་ཡིད་ཚིམས་པ་ཞིག་རེད།  རི་བོ་རྩེ་མོར་བསྡད་ནས་ལུང་མདའ་ལག་མཐིལ་དུ་བཀོད་པ་ལྟར་མཐོང་གི་ཡོད་ལ། དེ་དག་མཐོང་དུས་རང་བཞིན་གྱིས་ཕ་ཡུལ་ལ་དགའ་ཞེན་རང་ཤུགས་ཀྱིས་སྐྱེ་ཡོང་གི་ཡོད། དགུན་དུས་ལས་ཀའི་བྲེལ་ཟིང་མེད་ཅིང་། བགྲེས་སོང་མཉམ་དུ་ཉི་ར་ནང་བསྡད་ནས་བགྲེས་སོང་ཚོས་འདས་ཟིན་པའི་ལོ་རྒྱུས་ཀྱི་སྐྱོ་གར་སྣ་ཚོགས་ཤིག་ཕན་ཚུན་བཤད་རེས་བྱེད་པ་དེ་དག་རྣམས་ཉན་གྱི་ཡོད། དེ་འདྲའི་འདས་ཟིན་པའི་གཏམ་རྒྱུད་དེ་དག་བཤད་དུས་སྐབས་རེ་དགའ་ནས་གད་མོ་ཤོར་བ་དང་། སྐབས་རེ་སེམས་སྐྱོ་ནས་མིག་ཆུ་ཤོར། སྐབས་དེར་ང་ནི་ལོ་ན་ཆུང་ཡང་བགྲེས་སོང་ཚོའི་འགྲམ་དུ་བསྡད་ནས་སྐད་ཆ་ཉན་རྒྱུར་དགའ་མོས་ཡོད་མཁན་ཞིག་ཡིན། སྐབས་རེ་བགྲེས་སོང་དེ་དག་གཏམ་རྒྱུད་སྙན་པོ་བཤད་སྐབས་ཨ་མས་བུ་ནོར་ལུག་བསྡུ་རོབ་ཏུ་འགྲོ་རན་སོང་ཞེས་གོ་དུས་གཏམ་རྒྱུད་དེ་དག་ཉན་ནས་ཏོག་ཙམ་སྡོད་རྒྱུ་བྱུང་ན་བསམ་ནས་ཨུ་ཚུགས་བརྒྱབ་ནས་སྡོད་ཀྱི་ཡོད་པས། ཨ་མས་ད་ཁྱོད་ནོར་ལུག་བསྡུ་རུབ་ཏུ་མི་འགྲོ་བར་གང་ཡིན་ནམ་ཞེས་སྐུ་རླུང་བཞེངས་པའི་ཚུལ་བསྟན་ནས་བརྗོད། དེ་ནས་སྡོད་གནས་ནས་ལངས་མ་འདོད་ཀྱིས་ནོར་ལུག་བསྡུ་རུབ་ཏུ་འགྲོ །

ཉིན་གཅིག་ང་ཚོ་ནང་དུ་གྲོང་པའི་ཕ་རྒན་སླེབས་སོང་ཞིང་། ངའི་པ་ཕ་དང་མཉམ་དུ་སྤྱིར་བཏང་གི་ལུང་པའི་འདས་ཟིན་པའི་སྐོར་ལ་སྐད་ཆ་འདྲ་བཤད་ནས་བསྡད་སོང་བ་དང་། དེ་ནས་གྲོང་པའི་ཕ་རྒན་དེས་དེ་སྔོན་རིག་གསར་སྐབས་ཀྱིས་གནས་ཚུལ་བཤད་ཞོར་ང་ལ་ལྟ་ཙམ་ཞིག་བྱས་ཏེ་ཁོང་གིས་གསུངས་པར། དེ་སྔོན་རིག་གནས་གསར་བརྗེ་སྐབས་སུ་མི་ཚང་མར་ཁ་ལ་ཟ་རྒྱུ་མེད་པའི་དཀའ་སྡུག་གི་གནས་སུ་ལྷུང་ཡོད། མི་ཚང་མར་དཀའ་ངལ་ཚད་མེད་ཡོད། ཉིན་མོ་ཞིང་ལས་དང་དགོང་མོ་ཏང་གི་སློབ་གསོ་ཉན་དགོས་ཐུག་གི་ཡོད། གལ་སྲིད་ཉན་འདོད་མེད་པའི་རྣམ་འགྱུར་ཕྲ་མོ་ཙམ་ཞིག་མཐོང་ཚེ་ལམ་སེང་འཐབ་རྩོད་འཕོག་གི་ཡོད། ཅེས་བགྲེས་སོང་ཁོང་མིག་ཆུ་འཁོར་བཞིན་ཁྱོད་རང་ཚོ་ནང་ནས་ཐེངས་གསུམ་ཙམ་གཞུང་བཞེས་བཏང་བ་རེད། དེར་བརྟེན་ནས་ཁྱོད་ཚོའི་ནང་ལ་ཁ་ལག་ཟ་རྒྱུ་སོགས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པས། སྐབས་དེ་དུས་ཁྱོད་ཚོའི་ཁང་ཐོག་ཏུ་རུ་ཁག་གི་ཡུང་མའམ་ཉུང་མའི་ལོ་མ་རྣམས་སྐམ་ནས་བཞག་ཡོད། དེའི་ལོ་མའི་སེང་ནས་ཡུང་མ་བཀོག་རྒྱུ་ལྷག་པ་རེ་བཟུང་བཙལ་ནས་བརྙེད་ཀྱི་ཡོད་པས། དེ་དུས་ཁྱོད་རང་བླུགས་སྣོད་འཁྱེར་ནས་ཡུང་མ་བསྒྲུབས་ཀྱི་ཡོད་པ། དགོང་མོ་ལས་མིས་མཐོང་སྟེ་སྐད་བརྒྱབ་པ་དང་། ངས་ཡུང་མའམ་ཉུང་མ་བླུག་སྣོད་འཁྱེར་མ་ནུས་ནས་རང་འཇག་ཁང་ཐོག་ཏུ་བཞག་ནས་ནང་དུ་ཕྱིན། དེའི་ཕྱི་ཉིན་མི་མང་ཚོགས་སར་ཁྱོད་རང་གི་མིང་འབོད་བྱས་ཏེ་ཁ་ཐོག་ནས་ཉུང་མ་འཁྱེར་འགྲོ་གིན་འདུག་ཚུལ་ཟེར་ནས། ཁྱོད་རང་གི་ཕ་མ་གཉིས་ལ་འགོ་ཁྲིད་ཀྱིས་ཁྱོད་ཚོས་འཁྱེར་ཤོག་ལབ་པ་རེད་ཟེར་ནས་གཤེ་གཤེ་བཏང་། སྐབས་དེ་དུས་ལས་བྱེད་གཞན་ཞིག་གིས་ཕྲུ་གུ་གྲོད་པ་ལྟོག་ནས་ལོ་མ་གསེང་དུ་ཉུང་མ་ལྷག་མ་ཟ་དགོས་དྲན་ཡིན་རྒྱུ་རེད་ཅེས་བརྗོད་ནས་ང་དང་ངའི་ཕ་མ་གཉིས་ལ་ཉེས་པ་འཕོག་མེད་པ་རེད་ཟེར་ནས་ཁྱོད་ཀྱི་དྲན་ཨི་འདུག་ཟེར། ང་ནི་དེ་དག་བརྗེད་ཟིན་ཁྱོན་ནས་དྲན་གསོས་ཀྱི་མི་འདུག་པས། ངས་བགྲེས་སོང་ཁོང་ལ་དྲན་སོས་ཀྱི་མི་འདུག་ཅེས་བརྗོད། ངའི་ཨ་ཕས་ཡར་ཐོད་མཉེར་མ་དེ་ལག་པས་འཕུར་ཙམ་ཞིག་བྱས་ཏེ། དེ་དུས་ཀྱི་གནས་སྟངས་ད་ལྟ་སེམས་ནང་དྲན་དུས་སྙིང་ལ་ན་ཟུགས་བཏང་ཡོང་གི་འདུག །སྐབས་དེ་དུས་དངོས་གནས་མུག་གེའི་ཤི་ས་རེད་བསམ་པ་ཐེངས་མང་དྲན་མྱོང་ཡོད། ནང་ལ་འབྲུ་རིགས་རྫོགས་ནས་རྩམ་པ་གཉིས་ཙམ་ལས་འདང་བ་ཞིག་ཟ་རྒྱུ་མེད། ཉིན་མོ་ཞིང་ལས་བྱེད་དགོས།

ལྷག་པར་གྲལ་རིམ་གྱི་ཞྭ་མོ་ཡོད་མཁན་རྣམས་ཁྱིམ་ཚང་གཞན་དུ་འགྲོ་བསྐྱོད་ཆོག་གི་མེད། གལ་སྲིད་ཡར་ཐོན་པ་ཞིག་གིས་ང་གཞན་གྱི་ནང་དུ་འགྲོ་བར་མཐོང་ཚེ། སང་ཉིན་འཐབ་འཛིང་རག་རྒྱུ་ཡིན་པ་ནི་བརྗོད་མ་དགོས། དེས་དབང་གིས་གཞན་གྱི་་མ་འཚོར་བའི་ཐོག་ནས་མཚན་མོ་འགྲོ་གིན་ཡོད། དེར་བརྟེན་མི་ཚང་མར་ཉལ་ཟིན་དུས་གཞན་གྱི་མ་ཚོར་བའི་ཐོག་ནས་འབྲུ་རིགས་འཚོལ་བར་ཕྱིན། ཕྱི་་ཉིན་ནམ་ལངས་དུས་རྟ་སྒྲོ་ནང་དུ་འབྲུ་རིགས་གཡར་རྒྱུ་རག་ཨེ་འདུག་ངས་རྟ་སྒྲོ་བཀྱག་ཙམ་བྱས་པ། ཨ་ཕས་མཐོང་སྟེ་མི་ཚེ་ནང་དེ་དུས་ལས་སེམས་པ་སྐྱོ་བ་ཞིག་བྱུང་མྱོང་མེད་ཟེར་བཞིན་ཨ་ཕ་དབུགས་རིང་ཞིག་བཏང་ནས་མིག་ཆུ་གང་སོང་། ང་ཡང་ཨ་ཕའི་རྣམ་འགྱུར་དེ་དག་མཐོང་དུས་སེམས་སྐྱོ་ནས་དབུགས་རིང་ཞིག་དབང་མེད་དུ་ཤོར། ཨ་ཕའི་སེམས་སྐྱོ་བའི་རྣམ་འགྱུར་དེ་དག་མ་ཡལ་བར་ད་ལྟ་ཡང་གསོན་པོར་སྙིང་དབུས་སུ་གནས།  སྐབས་དེ་དུས་འཚོ་བ་སྐྱོ་བས་དབུལ་ཕོངས་མང་པོ་ཞིག་ལྟོ་ཤི་འཐེབ། འགའ་ཤས་འུ་ཐུག་ནས་ཆུ་ནང་མཆོང་སྟེ་རང་ཤི་བརྒྱབ། མི་སེར་འགའ་ཤས་འུ་ཐུག་ནས་ཞིང་ཁ་ནས་སྟོན་ཐོག་འཁྱེར་བས་ཉེས་ཆད་དུ་སྟོན་ཐོག་རྒྱབ་ཏུ་བསྐུར་ནས་མི་དམངས་ཚོགས་འདུ་ཚོགས་སར་འཐབ་འཛིང་བཏང་བཅུག་པ་དང་། དེ་དག་མཐོང་དུས་མི་རྣམས་སེམས་པ་ཧ་ཅང་གི་སྐྱོ་བ་དང་། འཐབ་འཛིང་བཏང་བ་དེ་དག་མཐོང་དུས་ལུང་པའི་མི་རྣམས་ཞེད་སྣང་གིས་མིག་ཡར་ཙམ་ལྟ་མི་ཕོད་པར་མི་སེར་རྣམས་མགོ་བོ་སྒྱུར་ནས་སྡོད་ཀྱི་ཡོད། ས་གནས་དེར་མ་ཡིན་པར་ལུང་པ་གཞན་དུ་ཁྲིད་ནས་འཐབ་འཛིང་བཏང་བཅུག་གི་ཡོད། དེ་དག་ནི་མི་སེར་རྣམས་ལ་ལས་དོན་དེ་འདྲ་བྱས་ཚེ་འཇུག་འབྲས་དེ་འདྲ་ཡོང་རྒྱུ་ཡིན་པ་ཞེད་སྣང་བསྐུལ་ཙམ་ཞིག་རེད། ལས་བྱེད་དང་ཡར་ཐོན་པ་ཚོས་འཐབ་འཛིང་ག་ཚད་བཏང་རུང་འཇིགས་ཞུམ་མེད་པ་གནས་ཀྱི་ཡོད་པ་མ་ཟད། ཁྱིམ་གྱི་གཞིས་ཀའི་ཞིང་ཁ་ཚང་མ་རུབ་སྟེ་ནང་དུ་ལྟོ་གྲོད་པ་གང་བ་ཞིག་ཟ་རྒྱུ་མེད། དེར་བརྟེན་ཞིང་ཁ་ནས་སྟོན་ཐོག་ཕྲན་བུ་འཁྱེར་བར་དེར་ཉེས་ཅན་པ་བརྩི་དགོས་དོན་གང་ཞིག་ཡིན་ནམ། མི་ནི་མ་བསད། བུད་མེད་བཙན་གཡེམ་ནི་མ་བྱས། ལྟོ་གྲོད་པ་བརྒྱབ་པ་ཟ་མ་ཟ་རྒྱུ་ཡོད་ན་ང་ཚོ་དེ་འདྲ་འཁྱེར་དོན་མེད་ཚུལ་སོགས་བཤད། ལས་བྱེད་དང་ཡར་ཐོན་པ་ཚོས་ད་དུང་ཁོ་པ་ནག་ཉེས་ངོས་ལེན་མི་བྱེད་པ་མ་ཟད། ད་དུང་ཁོ་ཚོར་ཚུར་ཉེས་འཛུགས་བྱེད་ཀྱི་འདུག་ཚུལ་བརྗོད་ནས་ཁོང་ཁྲོ་ལངས་ཏེ་ཉེས་རྡུང་བཏང་གི་ཡོད། དེ་བཞིན་ང་ཚོ་ལུང་པ་སྐྱེས་པ་ཞིག་ཡོད་པས་ཁོས་སྐབས་དེ་དུས་གནས་ཚུལ་འདི་འདྲ་བཤད་མྱོང་ཡོད། ལོ་དེར་ཆར་ཆུ་དཀོན་པོ་ཆགས་ནས་ལུང་མདའ་ཞིང་ཁར་ཆུ་བླུགས་པར་གྲོང་པའི་མི་ཚང་མ་ཡོང་དགོས་ཚུལ་བརྗོད་དོན་ལྟར་ལས་མི་རྣམས་ཕྱིན་ཏེ་ཞིང་ཁར་ཆུ་བླུགས་པར་ཕྱིན་པ་དང་། གཙང་པོ་ནས་ཆུ་ཁྱེར་ཏེ་ཞིང་ཁར་བླུགས་ཀྱི་ཡོད་པ་རེད། ཉི་མའི་ཚ་བ་ཆེ་བ་དང་། ལྟོ་གྲོད་པ་གང་བ་ཟ་རྒྱུ་མེད་པ་ལ་སོགས་པའི་དཀའ་སྡུག་དེ་དག་མྱོང་བསྡད་པ་ལས་རང་ཤི་བརྒྱབ་དགོས་དྲན་ཏེ་གཞན་གྱི་མི་མཐོང་སར་གཙང་པོ་ནང་ཐེངས་གཉིས་ཙམ་རང་ཤི་བརྒྱབ་རྩིས་བྱས་ཀྱང་ནང་དུ་བཟའ་ཟླ་དང་བུ་ཕྲུག་ཡོད་པས་མིག་ནང་ཤར་ནས་གཙང་པོ་ནང་མཆོང་ནུས་ཀྱི་མི་འདུག་ཟེར། དེ་དུས་མི་རྣམས་ལ་དཀའ་ངལ་དེ་འདྲ་ཞིག་མྱོང་དགོས་བྱུང་ཡོད། སྐབས་དེ་དུས་ང་རང་ལོ་ཆུང་ཡིན་པས་མྱོང་ཚོར་དེ་ཙམ་ཞིག་སྐྱེ་མྱོང་མེད། ད་སྐབས་དེ་དག་བསམ་བློ་ནང་འཁོར་དུས་ཁོ་ཚོར་དུས་སྐབས་དེར་དཀའ་ངལ་གང་འདྲ་འཕྲད་ཡོད་པ་རྟོག་ཐུབ་ཀྱི་འདུག །

དེ་བཞིན་ངའི་ཨ་ཕའི་སྲིང་མོ་ཞིག་ཡོད་པས། དེའི་མནའ་མ་འགྲོ་སར་དེར་ཡང་ཡང་འགྲོ་མྱོང་ཡོད་ཅིང་། ཁོ་ཚོ་ནང་དུ་སྐྱེས་པ་བགྲེས་སོང་ཞིག་ཡོད་ཅིང་། ཁོང་བཙོན་གྲོལ་ཐུབ་ཙམ་ཞིག་ཡིན་པས་དུས་རྒྱུན་སྐད་ཆ་མང་པོ་མི་བཤད། ཁོང་གི་ཨ་མ་རྒན་མོ་ལངས་མི་ཐུབ་པ་ཞིག་ཡོད་པས། དེའི་འགྲམ་དུ་བསྡད་ནས་སྤྱིར་བཏང་གི་སྐད་ཆ་བཤད་པ་ལས་ནང་མི་གཞན་རྣམས་ལ་དེ་ཙམ་སྐད་ཆ་བཤད་ཀྱི་མ་རེད། ང་ལ་དགའ་མོས་འདྲ་གནང་གི་ཡོད་པས། ང་ག་དུས་ཁོ་ཚོའི་ནང་དུ་ཕྱིན་ན་ཅི་འཕྲོས་མི་འཕྲོས་འདྲ་བཤད་ཀྱི་རེད། ཉིན་གཅིག་བཙོན་ཁང་གི་སྐོར་ལ་སྐད་ཆ་འདི་འདྲ་ཞིག་བཤད་བྱུང་ཞིང་། དགོན་པ་ནང་སློབ་གཉེར་བྱེད་བཞིན་ཡོད་པ་སྐབས་དེར་རྒྱ་དམར་བཙན་འཛུལ་བྱས་ནས་ཁམས་ཕྱོགས་ཀྱི་ས་ཆ་མང་པོ་བཙན་འཕྲོག་ཟིན་པ་དང་། མི་རིང་བ་བོད་ས་ཡོངས་རྫོགས་བཙན་འཕྲོག་བྱེད་ངེས་སོང་། ང་ཚོའི་ངོས་ནས་རང་སྡེ་རང་སྲུང་ཐོབ་ཐབས་བྱེད་དགོས་ཚུལ་དགོན་པས་དེ་འདྲ་བསྒྲགས་པ་དང་། དེ་སྔོན་བསྟན་སྲུང་དྭང་བླངས་དམག་གསར་འཛུགས་བྱས་ཡོད་ཚུལ་གོ་བ་དང་། དེར་བརྟེན་ནས་ཁོ་ཚོའི་དགོན་པའི་གྲྭ་གཞོན་འགའ་ཤས་དེར་ཞུགས་རྒྱུ་བྱས་ནས་དགོན་པ་ནས་ཐོན། སྐབས་དེར་ལྷ་སྟར་ཤོ་གསུམ་ཕྱོགས་སུ་བསྟན་སྲུང་དྭང་བླངས་དམག་ཡོང་གི་ཡོད་པ་གོ་རྗེས་དེ་ཕྱོགས་སུ་ཕྱིན། སྐབས་དེར་ས་གནས་ག་ས་ནས་གནས་དེར་དྭང་དམག་རྣམས་འཛོམས་ནས་རྒྱ་དམག་དང་དམག་འཐབ་བྱ་རྒྱུ་འཆར་གཞི་སྒྲིག་ནས་ཡོད། དེ་རིམ་གྱིས་རྒྱ་དམག་དང་དམག་འཐབ་དང་ཐེངས་འགའ་ཤས་བྱས་པ་རེད། ང་ཚོར་དེང་རབས་དང་མཐུན་པའི་དམག་སྦྱོང་མེད་ལ། དེང་རབས་དང་མཐུན་པའི་གོ་མཚན་སོགས་གང་ཡང་མེད། ཡིན་ནའང་རྒྱ་དམག་དང་དམག་འཐབ་ཐེངས་འགའ་ཤས་བྱས་རྗེས་མཐར། རྒྱ་དམག་གིས་གནམ་ས་གཉིས་ནས་དམག་ཤུགས་ཆེན་པོས་བརྒྱབ་པས། ང་ཚོར་མེ་མདའི་མདེའུ་འབེལ་འབེལ་ལྷུག་ལྷུག་མེད་པས་དབང་གིས་ཕམ་ཉེས་ཆེན་པོ་བྱུང་བ་འབྲེལ། ས་གནས་དེར་གནས་མ་ཐུབ་པར་ཀོང་པོ་བརྒྱུད་ནས་རྒྱ་གར་ས་ཕྱོགས་སུ་ཐར་ཐབས་བྱ་རྒྱུར་འཆར་གཞི་གཏིང་ནས་རྒྱ་དམག་དང་འཛིང་ཞོར་བྱས་ནས་ཡོང་བ་རེད། ཉིན་མཚན་ལྟོས་མེད་ཡོང་དུས་ནུབ་མོ་ཞིག་རི་བོ་འདབ་ཏུ་མེ་ཁ་ཕྱེས་ནས་ངལ་སོས་ནས་དལ་ལྷོད་དུ་བསྡད། རྒྱ་དམག་གི་རྗེས་དེད་བཏང་གི་ཡོད་མེད་སོ་ལྟ་བྱེད་མཁན་ཞིག་བཞག །དྭང་དམག་རྣམས་ལྷོད་ལྷོད་བྱས་ནས་ཇ་འཐུང་བཞིན་པའི་གློ་བུར་མེ་མདའ་སེར་བ་འབབ་པ་ལྟར་བརྒྱབ་བྱུང་བ་དང་། ང་ཚོའི་དྭང་དམག་འགའ་ཤས་སྡོད་གནས་ནས་ལངས་ལོང་མེད་པར་གནས་དེར་བསད། དྭང་དམག་འགའ་ཤས་ཀྱིས་མེ་མདའ་ལག་ཏུ་བཟུང་སྟེ་མེ་མདའ་བརྒྱབ། སྐབས་དེ་དུས་ངས་ལག་ཏུ་མེ་མདའ་བཟུང་སྟེ་ཕར་ཙམ་གད་ཟུར་དུ་ཡིབ་བཞིན་མེ་མདའ་བརྒྱབ་རེས་ཆུ་ཚོད་ཕྱེད་ཙམ་བྱས། རྒྱ་དམག་གིས་ང་ཚོ་མཐའ་སྐོར་ཟིན་འདུག་ཅིང་། རྒྱ་དམག་གིས་རྒྱང་གྲགས་ནས་རྒྱ་སྐད་རྒྱག་བཞིན་འདུག་པས། ངའི་འགྲམ་དུ་དྭང་དམག་གི་འགོ་ཁྲིད་ཁོང་ཡོད་པས། ཁོང་གིས་བྱེད་ལྟེ་ཁོ་རེད་འདུག་ཟེར་ནས་ལངས་གྲབས་སྐབས་ངས་འཐེན་ནས་མ་ལངས་ཟེར་ནས་ལབ་ནའང་ཉན་འཇོག་མི་བྱེད། སྟོད་ལངས་འདྲ་ཞིག་བྱས་ཏེ་མེ་མདའ་བརྒྱབ་སོང་བ་དང་། རྒྱང་གྲགས་ནས་སྐད་ཆ་བཤད་མཁན་དེར་འཁེལ་ནས་མགོ་འཇུག་ལོག་ནས་ཤིང་ནགས་གསེང་དུ་འགྱེལ་སོང་བ་དང་། རྒྱ་དམག་བསད་པ་དང་སྐར་མ་འགའ་ཤས་རིང་ལ་མེ་མདའ་བརྒྱབ་འཚམས་བཞག་ནས་གནས་སྐབས་རིང་དུ་ཁུལ་སིམ་སིམ་དུ་གྱུར། རོགས་པ་དེར་མེ་མདའ་འཁེལ་ནས་བྲང་སྟེང་ནས་ཁྲག་དམར་འཐོན་བཞིན་འདུག་པས། ངས་ལམ་སེང་རྒྱབ་ནས་སྐྱོར་ཏེ་བྱིན་རྟེན་སྤྲད་པ་དང་། ང་ལ་ལྟ་བཞིན་ཁྱོད་ཚོའི་ང་ལ་སེམས་ཁྲལ་མ་བྱེད་འདི་ནས་ཐར་ཐབས་བྱོས་ཟེར་བཞིན་དབུགས་ཀྱི་རྒྱུ་བ་ཆད། སྐུ་ཕུང་དེར་བཞག་སྟེ་ང་དང་རོགས་པ་བཅས་རི་ངོས་དེ་ནས་ཡར་རྒྱུགས་པ་དང་ངའི་རྐང་པའི་ཉྭ་རིལ་ཟུར་དུ་མདེའུ་ཁེལ། དེའི་གོང་དུ་མེ་མདའ་དེ་འདྲའི་ག་ཚད་བརྒྱབ་སོང་ཡང་གཟུགས་པོར་ཁྱོན་ནས་མཚོན་ལེན་གྱི་མི་འདུག་ཅིང་། རོགས་པར་ལག་པ་རེག་པའི་དབང་གིས་ཉྭ་རིལ་མེ་མདའ་འཁེལ། ང་དང་རོགས་པ་ལ་ཉག་དེར་སླེབས་དུས་རྒྱ་དམག་གིས་མེ་རྐང་བརྣན་གྲབས་བྱས་ནས་བསྡད་འདུག་ཅིང་། དམག་མི་འགའ་ཤས་མདུན་དུ་སླེབས་ཟིན་ནས་བསམ་བློ་གཏོང་ལུང་ཙམ་ཡང་མེད་པ་དེ་མ་ཉིད་དུ་མེ་མདའི་ཁ་གྲི་བཙུགས་པ་སོགས་བྱས་ཏེ་རྩྭ་ཐག་གི་ལག་པ་དཀྱིག་ནས་བཟུང་། དྭང་དམག་གི་འགོ་ཁྲིད་ཕུང་པོ་ཁྱེར་བཅུག་སོང་བས། ཉྭ་རིལ་ལ་རྨ་ཡོད་པ་སོང་དཀའ་ངལ་ཆེན་པོ་བྱུང་། ད་ནི་ཐར་ཐབས་བྲལ་སོང་བསམ་པ་ལས་བྱ་ཐབས་ཅི་ཡང་མེད་པར་ལུས། དུས་དེ་ནས་མི་ལོ་སུམ་ཅུ་ལྷག་བཙོན་ཁང་དུ་བསྡད་དགོས་བྱུང་བ་རེད་སོགས་བཤད་ཀྱི་རེད། སྐབས་རེ་ཁ་ལག་ཟ་རྒྱུ་མེད་པས་ལྷམ་མཐིལ་ཀོ་བ་ཟ་དགོས་བྱུང་སོང་ཚུལ་སོགས་བཙོན་ཁང་དུ་བསྡད་དུས་དཀའ་སྡུག་མྱོང་ཚུལ་གོ་དུས་སྙིང་ལ་ན་ཟུགས་བཏང་བ་དེ་འདྲ་རེད།

དེ་ནས་རིམ་གྱིས་ལོ་ན་གསོན་ཞིང་། བོད་ནང་གི་གནས་སྟངས་དངོས་ཡོད་དེ་དག་མཐོང་ཐོས་བྱུང་བས་མི་འདོད་བཞིན་དུ་གཞན་འོག་ཏུ་གནས་དགོས་ཐུག་ཡོད་པ་སེམས་ནང་ཐེངས་མང་ཚོར་མྱོང་ཡོད་ལ། རང་དབང་ཡོད་སའི་ལུང་པ་ཞིག་ཏུ་འགྲོ་ཐུབ་ན་ཅི་མ་རུང་སྙམ་སྟེ་བསམ་མྱོང་བ་ལས་ག་འདྲ་བྱས་ནས་འགྲོ་དགོས་པ་མི་ཤེས།

བོད་ནང་ཕྲན་བུ་ཕར་འགྲོ་ཚུར་འོང་ཆོག་པ་བྱུང་དུས་རྒྱ་གར་ནས་ཉེ་འཕྲད་དུ་ཡོང་བ་འགའ་ཤས་དང་། ངའི་གྲོང་ཁྱེར་ནང་གི་གནས་ཚང་གཅིག་པ་ནང་དུ་འཁེལ་ཡོད་ཅིང་། ཁོ་ཚོས་རྒྱ་གར་ནང་དུ་ག་འགྲོ་ག་འདུག་རང་དབང་ཡིན་པ་དང་། དེ་བཞིན་སློབ་སྦྱོང་གི་གོ་སྐབས་བཟང་པོ་རག་གི་ཡོད་པ་སོགས་གོ་དུས་རང་བཞིན་མེད་པ་འགྲོ་འདོད་དེ་ལས་ཆེ་བར་ཕྱིན། ཡང་ཁོ་ཚོས་ས་མཚམས་ཁག་ནས་དམག་མིས་འཛིན་བཟུང་བྱས་ཚེ། ཚེ་བཙོན་བྱེད་ཀྱི་ཡོད་རབས་གླེང་དུས་དེ་འདྲའི་ཡིན་ན་འགྲོ་མི་ནུས་བསམ་སྟེ་སེམས་ཞུམ། དེ་རིང་དེ་ཙམ་ཞིག་ཡིན།

སྨྲས་པ།

འདས་ཟིན་གནས་ཚུལ་སྣ་ཚོགས་ཤིག

ཤོག་དཀར་སྟེང་དུ་བཀོད་ནས་ཡོད། །

དོན་གཉེར་ཅན་འགའ་ཡོད་ཤེས་ཆེ། །

བསམ་པའི་འདི་ཉིད་སྤེལ་བ་ཡིན།།

བསམ་ཚུལ།

Post navigation

Previous Post: གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
Next Post: ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།

Comments (2) on “ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།”

  1. གཞུང་པ་ཚེ་དབང་བསོད་ནམས། says:
    2025-10-09 at 2:12 am

    གླིང་སྒྲུང་ནང་། ཧོར་གླིང་དང་། འཇང་གླིང་། རོང་གླིང་། སྟག་གཟིག་ནོར་གཡང་སོགས་གླིང་སྒྲུང་ཡིག་ཐོག་ཏུ་ཡོད་པ་དང་། ངག་ཐོག་བབ་སྒྲུང་སོགས་མང་པོ་ཉན་མྱོང་ལ་བལྟ་ཀློག་ཡང་བྱེད་མྱོང་ལ་དེའི་ནང་ནས་གཟི་བརྗིད་ཆེ་ཤོས་དེ་འཇང་གླིང་ནང་ཧོར་གྱི་ཤན་པ་དམར་པོ་དང་། འཇང་གི་གཡུ་ལྷ་ཐོག་རྒྱུར་དང་། གླིང་གི་ལྡན་མ་སྤྱང་ཁྲ་སོགས་དཔའ་བརྟུལ་དེ་ལ་ཚོ་ལ་ཧ་ཅང་གི་རྗེས་སུ་ཡིད་རངས་ཞུ་གི་ཡོད། ཧོར་གྱི་ཤན་པའི་མཁར་དེ་སྟོད་མངའ་རིས་གུ་གེའི་ལུང་པར་ཡོད་སྐད་ཐོས་གླིང་སྒྲུང་སྐོར་གསུང་པར་ལམ་སེང་སྔ་མོའི་དྲན་ཡུལ་སེམས་ལ་ཤར་ནས་འདི་ལྟར་བྲིས་ཡིན།

  2. ཚེ་བརྟན་འགྱུར་མེད། says:
    2025-10-21 at 11:03 am

    གླིང་སྒྲུང་ཡོད་པ་རྣ་བའི་རྒྱན་ཙམ་ཞིག་གོ་མྱོང་བ་ལས་དེ་མེན་སོ་སོའི་ཀློག་པའམ་གཞན་ནས་སྒྲུང་གི་ལེའུ་གཅིག་ཙམ་ཡང་གོ་མ་མྱོང་། གེ་སར་རྒྱལ་པོ་དང་དཔའ་བོ་ལྡན་མ། འབྲོག་མོ། ཨ་གུ་ཁྲོ་འཐུང་ཕལ་ཆེར་ཡིན་པ་ཡོད་པའི་མིང་དང་། དེ་མིན་ས་ཡུལ་མིང་རེ་གཉིས་བཅས་གོ་ཤེས་ཙམ་ཡིན། དེ་མིན་གླིང་སྒྲུང་དེ་དངོས་གནས་བྱུང་ཡོད་དམ་མི་མཁས་པའམ་དྲན་རྒྱུ་འགོད་པ་ཞིག་གིས་སྒྲུང་དུ་བཤད་ནས་དར་ཡིན་མིན་མི་ཤེས་ལ་སོམ་ཉི་ཡིན།།

    ཉིད་ཀྱི་གསུང་པའི་བོད་རྒྱལ་ཁབ་དང་བོད་མིས་མྱང་པའི་དངོས་བྱུང་ལོ་རྒྱུས་དེ་ཤིན་ཏུ་ནས་བློ་ལ་འཇག་པོ་དང་འཇུག་པོ་བྱུང་། རྒྱ་དམར་པོས་ཨ་མདོ་ནས་ཁམ། མཐར་སྟོད་མངའ་རི་བར་གྱི་ས་ཆ་ཡོངས་རྫོགས་བོད་ཡིན་པ་ཤེས་ནས་ཚང་མར་དབྱེ་མེད་སྡུག་སྦྱོང་ཚད་མེད་བཏང་པའི་ལོ་རྒྱུས་དེ་དག་གོ་མྱོང་ཀྱང་ཡིག་ལམ་དུ་དེ་ལྟའི་སྨིན་པོ་ཞིག་མཇལ་བ་དྲན་མིན་ལ་སོང་ཐུགས་རྗེ་ཆེ་གནང་། ཀློག་མི་གཞན་ཚོ་ལའང་མི་སྤྱོད་ལས་འདས་པའི་མནར་སྤྱོད་སྡུག་སྦྱོང་བོད་རྒྱལ་ཡོངས་ལ་གཅིག་མཚུངས་བྱུང་པ་འཚོར་ཤེས་མཉམ་སློབ་གསོ་དྲན་སྐུལ་ཡང་ཐེབས་པའི་རེ་འདུན་ཡོད་ལགས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme