གཞུང་པ་ཚེ་དབང་བསོད་ནམས།
རྗེས་ལོ་ ༢༠༢༦ ལོར་ང་ཚོའི་སྲིད་སྐྱོང་སྐབས་བཞི་པ་དང་། སྤྱི་འཐུས་སྐབས་བཅོ་བརྒྱད་ཀྱི་འོས་བསྡུ་གནང་དགོས་པ་དང་། བཅའ་ཁྲིམས་དོན་ཚན་ཉི་ཤུ་རྩ་གཅིག་དང་ཉི་ཤུ་རྩ་གཅིག་ཀ་པ། ་འོས་བསྡུའི་སྒྲིག་གཞི་དོན་ཚན་དྲུག་ཅུ་རེ་གཉིས་ནས་དོན་ཚན་དྲུག་ཅུ་རེ་དགུ་བར་དང་། འོས་བསྡུའི་སྒྲིག་གཞི་དོན་ཚན་རེ་གསུམ་པ། སྲིད་སྐྱོང་གི་འོས་ཆོས། སྲིད་སྐྱོང་གི་འོས་གཞིར་རུང་བའི་སྐྱེ་བོ་ནི། ༡ ༽ བོད་ཀྱི་ཡུལ་མི་ཡིན་པ། ༢ ༽ རང་ལོ་ ༣༥ ཧྲིལ་པོ་ལོན་པ། ༣ ༽ ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ། ༤ ༽ བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ། ༥ ༽ ཁྲིམས་ཁང་་ནང་ནག་ཉེས་ར་འཕྲོད་ཀྱིས་ཉེས་པ་ཕོག་ཟིན་པ་མ་ཡིན་པ། ༦ ༽ སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་གྱིས་སྲིད་སྐྱོང་ངམ་བཀའ་བློན་གྱི་འོས་གཞིར་མ་འོས་པར་ཐག་བཅད་པ་མ་ཡིན་པ།
༧ ༽ ཡུན་ཚད་གཉིས་བསྟུད་མར་སྲིད་སྐྱོང་ངམ་བཀའ་བློན་གྱི་ལས་འཁུར་བྱེད་བཞིན་པ་མ་ཡིན་པ། ༨ ༽ བཅའ་ཁྲིམས་དོན་ཚན་ ༢༩ ནང་གསེས་ ༣ པའི་ ཀ དང་ ༤ པ་ལྟར་སྲིད་སྐྱོང་ངམ་བཀའ་བློན་འཕོ་འགྱུར་བྱེད་དགོས་བྱུང་བ་མ་ཡིན་པ། ༩ ༽ བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང་། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ། ༡༠ ༽ བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ། ༡༡ ༽ སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ་ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ། ༡༢ ༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པའམ། བོད་མིའི་རྩ་དོན་ལ་གནོད་པའི་ལས་དོན་གང་རུང་དང་། དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་དན་རྟགས་ཡོད་པ་མ་ཡིན་པ་བཅས། ་གོང་གསལ་བཅའ་སྒྲིག་གཉིས་ཀྱི་འབྲུ་དོན་ཁག་དང་མ་འགལ་བའི་ཐོག་ནས་སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་ལ་རང་ལོ་བཅོ་བརྒྱད་ལོན་པའི་བཙན་བྱོལ་བོད་མི་ཚང་མས་མང་གཙོའི་ཐོབ་ཐང་ལ་ཆ་ཤས་ལེན་དགོས་པ་དང་། བཅའ་ཁྲིམས་དོན་ཚན་སོ་བདུན་དང་སོ་བརྒྱད། འོས་བསྡུའི་སྒྲིག་གཞི་དོན་ཚན་སོ་བདུན་ནས་དོན་ཚན་ང་གསུམ་བར་དང་། འོས་བསྡུའི་སྒྲུག་གཞི་དོན་ཚན་སོ་དགུ་པ། བོད་མི་མང་སྤྱི་འཐུས་ཀྱི་འོས་ཆོས། བོད་མི་མང་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་པ་ལ། ༡ ༽ བོད་ཀྱི་ཡུལ་མི་ཡིན་པ། ༢ ༽ རང་ལོ་ ༢༥ ཧྲིལ་པོ་ལོན་པ། ༣ ༽ ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ། ༤ ༽ བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ། ༥ ༽ ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ། ༦ ༽ བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཅེས་པ། བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་། གཤམ་འོག་ལས་ཁུངས་ཁག་ཏུ་སྲི་ཞུ་སྒྲུབ་བཞིན་པའི་གཏན་འཇགས་ལས་བྱེད་དང་། ཆོད་གན། དམིགས་གསལ་ལས་བྱེད་བཅས་ལ་གོ་དགོས་ཤིང་། ལས་བྱེད་འདི་རིགས་འོས་གཞིར་སླེབས་ཤིང་རང་ངོས་ནས་འོས་གཞིར་ཞུགས་འདོད་ཡོད་ཚེ་ལས་བྱེད་ནས་རྩ་དགོངས་ཞུས་འཁྲོལ་དགོས་པ་ཡིན། ༧ ༽ བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང་། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ། ༨ ༽ སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ་ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ། ༩ ༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པའམ། བོད་མིའི་རྩ་དོན་ལ་གནོད་པའི་ལས་དོན་གང་རུང་དང་། དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་དན་རྟགས་ཡོད་པ་མ་ཡིན་པ། བཅས་གོང་གསལ་བཅའ་སྒྲིག་གཉིས་ཀྱི་འབྲུ་དོན་ཁག་དང་མ་འགལ་བའི་ཐོག་ནས་སྤྱི་འཐུས་སྐབས་བཅོ་བརྒྱད་ཀྱི་འོས་བསྡུའི་ལས་རིམ་ལ་རང་ལོ་བཅོ་བརྒྱད་ལོན་པའི་བཙན་བྱོལ་བོད་མི་ཚང་མས་མང་གཙོའི་ཐོབ་ཐང་ལ་ཆ་ཤས་ལེན་དགོས་པ་ནི་མང་གཙོ་དང་། དྲང་བདེན། འདྲ་མཉམ། ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་མང་གཙོའི་ལྟ་གྲུབ་ལ་ང་ཚོའི་འགན་འཁུར་དགོས་པ་དང་། དེང་སྐབས་དྲ་རྒྱའི་དུས་རབས་ནང་ང་ཚོ་འཚོ་བཞིན་པ་ནས་་དྲ་ལམ་བེད་སྤྱད་ནས་ངོ་དེབ་
༼ Facebook ༽དང་། ཡུ་ཊུ་ཡུབ་
༼ YouTube ༽ སོགས་ནང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་དམིགས་ཡིན་ཟེར་བ་ཕྱོགས་གཏོགས་དང་། འགོ་འདྲེན། ལུང་ཚན་ཤོག་སྒྲིལ། ་སྐབས་ཚོལ་རིང་ལུགས་ཀྱིས་རྗེས་སུ་འབྲང་ནས་མིང་སྟོན་མཁན་འདུག་པ་དེ་དག་གི་ཀུན་སློང་མི་མང་རྨོང་དུ་འཇུག་པའི་བླུན་པོ་ཆུ་སྣ་གང་འཁྲིད་ཙམ་ལས་བཅའ་སྒྲིག་དང་ཡོངས་སུ་འགལ་བའི་གཞི་རིམ་མི་མང་མང་གཙོའི་བཀག་རྡོ་ངོ་མ་དེ་ཡིན་པ་ནས་དབུས་ས་གཉིས་ཀྱིས་འོས་བསྡུའི་འགན་འཛིན་རྣམ་པ་དང་འོས་བསྡུའི་ལས་བྱེད་ཡོངས་ནས་ཐུགས་སྣང་ཟབ་ནན་དགོས་པ་མ་ཟད་ཁྱབ་ཆེ་བའི་རྒྱ་ཆེ་འོས་འཕེན་མང་ཚོགས་ནས་ཀྱང་སྐབས་ཚོལ་རིང་ལུགས་པའི་རྗེས་སུ་མ་ཚུད་པའི་རིག་པ་འགྲིམས་དགོས་པ་དང་། སྔོན་འགྲོའི་འོས་བསྡུ་མ་ཟིན་སྔོན་དུ་སྤྱི་སྒེར་སུ་གཅིག་གི་ངོས་ནས་འོས་དམིགས་འདོན་ཆོག་པའི་ཆ་རྐྱེན་བཅའ་སྒྲིག་གང་གི་ནང་དུ་ཡང་གསལ་མེད་པ་དང་། སྔོ་འགྲོའི་འོས་བསྡུའི་སྐབས་མི་མང་གི་ལག་ཏུ་ཤོག་བུ་དཀར་པོ་དཀར་ཀྱང་སྟེང་སོ་སོའི་རང་ཐག་རང་གིས་བཅད། རང་འགན་རང་གི་འཁུར་ནས་འོས་མི་འདོན་དགོས་པ་ལས་གཞན་གྱིས་བཀོད་བྱུས་དང་ལམ་སྟོན་འོག་སྲིད་སྤྱི་གཉིས་ཀྱི་འོས་མི་སྟོན་ཚེ་སྐབས་བཅུ་དྲུག་གི་སྤྱི་འཐུས་འདྲ་བོ་སླར་ཡང་སྤྱི་འཐུས་ནང་སླེབས་མི་སྲིད་པ་མིན་ན་བསམ་ཡོད་བློ་ལྡན་བོད་མི་ཚང་མས་ངེས་པར་དུ་ཟབ་ཟབ་གནང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགན་འཁུར་ཐུབ་མཁན་གྱི་སྤྱི་འཐུས་ན་གཞོན་དེང་དུས་ཀྱི་ཤེས་ཡོན་ཡོད་མཁན་ཆོལ་ཁ་དང་ལུང་ཚན་གྱིས་རྗེས་སུ་མི་འགྲོ་མཁན་རང་ཚུགས་ཐུབ་མཁན་གྱི་མི་སྣ་སྤྱི་འཐུས་སྐབས་བཅོ་བརྒྱད་ནང་ངེས་པར་དུ་སླེབས་དགོས་པ་དེ་བཙན་བྱོལ་བོད་མིའི་མང་གཙོ་དེ་ཁྲིམས་ཀྱི་དབང་བསྒྱུར་འོག་ཡུན་རིང་འཚོ་ཐུབ་དགོས་པ་དང་། ༧ གོང་ས་༧ སྐྱབས་མགོན་ཆེན་པོའི་སྐུ་ཚེ་ཧྲིལ་པོ་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་དུ་སྐུ་ལས་སྐྱོན་པའི་མང་གཙོའི་སྒྲིག་འཛུགས་ལ་སྲུང་སྐྱོབས་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགན་འཁུར་ཐུབ་མཁན་གྱིས་མི་མང་གིས་འཐུས་མི་སྤྱི་འཐུས་ང་ཚོར་དགོས་པ་ལས་བཅའ་ཁྲིམས་གཏོར་ཤིགས་གཏོང་མཁན་དང་། མང་གཙོ་སྦོ་ལུག་མཁན། ༧ གོང་ས་མཆོག་ལ་མཛད་དཀའ་བཟོ་མཁན་དང་། ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ལ་ཉམས་ཆགས་གཏོང་མཁན་གྱི་སྤྱི་འཐུས་ང་ཚོར་དུས་ཡང་མི་དགོས་ལ་རེ་བ་ཡང་མེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་སོ་བདུན་ནང་སྤྱི་འཐུས་ཀྱིས་ཡོང་ཁུངས་གསལ་སྟོན་གནང་ཡོད་ན་ཡང་སྤྱི་འཐུས་ཚོ་ལས་འཁུར་དམ་བཅའ་ཕུལ་བའི་ཉིན་མོ་དེ་ནས་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་གི་སྐུ་ཚབ་གྲོས་ཚོགས་ཀྱིས་འཐུས་མི་སྤྱི་མི་ཚད་ལྡན་ཞིག་ཆགས་པ་ནས་ཆོལ་ཁ་དང་ཆོས་ལུགས་ལུང་ཚན་སོགས་རྒྱབ་ལ་ཁྱེར་ནས་གྲོས་ཚོགས་ནང་བཅའ་སྒྲིག་དང་འགལ་བའི་གཏམ་བཤད་ཚིག་གཅིག་བཤོད་ས་མེད་པ་ནི་སྤྱི་འཐུས་ཀྱིས་ལས་འཁུར་དམ་བཅའི་ཚིག་བརྗོད་ལ་འགན་འཁུར་ནས་སྤྱི་འཐུས་གྲོས་ཚོགས་ཀྱི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་འོག་གྲོས་ཚོགས་ཀྱི་ལས་རིམ་ལ་ཆ་ཤས་ལེན་དགོས་པ་དང་། སྤྱི་འཐུས་གྲོས་ཚོགས་ཀྱིས་ལས་འགན་དེ་བཅའ་ཁྲིམས་དོན་ཚན་སོ་དྲུག་ནང་གསལ་བའི་ཁྲིམས་ལུགས་བཟོ་འགོད་དང་གཏན་འབེབས་བྱ་རྒྱུ་དེ་ཡིན་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནུས་པ་ཐོན་ནས་མི་ལོ་སུམ་བཅུ་ལྷག་འགྲོ་བའི་སྐབས་འདིར་བཅའ་ཁྲིམས་དོན་ཚན་བརྒྱད་པ། བོད་ཀྱི་ཡུལ་མི། ཟེར་བའི་ནང་གསེས་བཞི་པའི་ནང་། ༼ གོང་གསལ་དོན་ཚན་ཁག་ལག་ལེན་དུ་བསྟར་ཆེད་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས། ༼ Citizen Law ༽ ་ཤིག་གཏན་འབེབས་བྱ་རྒྱུ། ༽ ཅེས་གསལ་ཡོད་པ་ད་ལྟ་ཡང་གཏན་འབེབས་མ་ཐུབ་པ་འདི་སྤྱི་འཐུས་གྲོས་ཚོགས་རིམ་པའི་ལས་འགན་མ་འགྲུབ་པར་ངོས་འཛིན་ཞུ་གི་ཡོད། ་སྤྱི་འཐུས་སྐབས་བཅོ་བརྒྱད་པ་ཡར་ཕེབས་ནས་བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསེས་བཞི་པའི་འོག ༼ བོད་ཀྱི་ཡུལ་མིའི་ཁྲིམས་ལུགས། ༼ Citizen Law ༽ གཏན་འབེབས་གནང་དགོས་པ་དེ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་འགན་ངོ་མ་དེ་ཡིན་པའི་ངོ་སྤྲོད་ཡང་ཞུ་འདོད་བྱུང་། རྒྱལ་ཁབ་ག་འདྲ་ཞིག་ཡིན་ཀྱང་ཡུལ་མིའི་ཁྲིམས་ལུགས་ཀྱི་འོག་ཏུ་འགན་འཁུར་ནས་རྒྱལ་ནང་གི་འཛུགས་བསྐྲུུན་དང་། ཕྱི་འབྲེལ་སྲིད་བྱུས། འཁོར་ཡུག་སྲུང་སྐྱོབས་སོགས་ཁྲིམས་བཟོ་གྲོས་ཚོགས་ནས་རྒྱལ་ཁབ་ཀྱི་སྔོན་རྩིས་གཏན་འབེབས་གནང་ནས་ལས་འཆར་བཀོད་སྒྲིག་བརྒྱུད་ནས་རྒྱལ་ཁབ་དང་། གཞུང་། མི་མང་དང་བཅས་པ་ཡར་རྒྱས་འགྲོ་དགོས་པ་ལས་ཡུལ་མིའི་ཁྲིམས་ལུགས། ༼ Citizen Law ༽ ་མེད་པའི་སྤྱི་ཚོགས་ཞིག་དུས་ནམ་ཡང་རང་འཚོ་མི་ཐུབ་པ་ནི་གཞན་བརྟེན་རོགས་སྐྱོར་ལ་འགན་འཁུར་ནས་མི་རིགས་ཞིག་མི་ཡུལ་དུ་རྒྱུན་རིང་འཚོ་མི་ཐུབ་པ་ལོང་བས་བལྟས་ཀྱང་ཁམས་སུམ་དང་། འོན་པས་ཉན་ཡང་རྒྱལ་ཁམས་ཀྱི་སྒྲ་ཟེར་བ་ལྟར་མ་རེད་དམ། ཡོང་རྒྱུའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་སྐོར་ལ་དཔྱད་པའི་གཏམ་འདི་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་འཁོད་པའི་བོད་ཀྱི་ཡུལ་མིའི་ལས་འགན་འཁུར་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིས་ཀྱང་སྲིད་སྤྱིའི་འོས་བསྡུའི་ལས་རིམ་ལ་འགོག་རྐྱེན་མི་ཡོང་བའི་སྨོན་པ་བཟང་པོས་རྒྱན་ཏེ་རེ་ཞིག་འདིར་འཇུག་བསྡུས་པའོ། གཞུང་པས། ༢༠༢༥/༠༩/༠༥