Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།

Posted on 2025-09-22 By ཁ་བརྡ་ 2 Comments on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།

བསྟན་འཛིན་གྲགས་པ།  (ཨ་རི།)

དེང་སྐབས་ངོ་ཤེས་འདུ་འཛོམས་སྐབས་སུ་གཅིག་འགྱུར་གྱི་སྐད་ཆ་གཅིག་ཤོད་ཀྱི་འདུག དེ་ནི་དུས་ཚོད་ཧ་ལས་པའི་མགྱོགས་པོ་འགྲོ་ཡི་འདུག ཅེས་དང་། དེ་དག་ལས་ཨ་རིར་དབྱར་དུས་ཧ་ལས་པའི་མགྱོགས་པོ་རྫོགས་སོང་ཟེར་གྱི་འདུག ཕྱི་ཟླ་ ༩ པ་སླེབས་པ་དང་། ཕྲན་ལས་ཀ་དང་སློབ་གྲྭ་གཉིས་ཀར་འགྲོ་དགོས་པས་དུས་ཁོམས་མེད་སྐབས་ཡིན། དེ་བས་ད་བར་ཕྲན་གྱིས། ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། ཞེས་ཡིག་ཉོག་མང་པོ་གཅིག་བྲིས་པ་དང་། ཁ་བརྡ་དྲྭ་ཚིགས་ནས་འདོན་སྤེལ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད། ནང་པའི་ཆོས་ལ་དད་པ་ཡིད་ཆེས་ཡོད་མཁན་གཅིག་ཡིན་པའི་ཆ་ནས་གཙོ་བོ་ཀུན་སློང་བཅོས་ནས་བྲིས་སྟབས་ཕན་མ་ཐོགས་ནའང་གནོད་སྐྱེལ་མེད་པའི་རེ་བ་ཡིད་ཆེས་ཡོད་ལ། འབྲེལ་ཡོད་མཁྱེན་ཡངས་ཤེས་རིག་རྩོམ་སྒྲིག་པ་ལྷན་རྒྱས་ཀྱིས་གཟིགས་དཔྱད་ཀྱིས་ནུབ་ཕྱོགས་སུ་ཡོད་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་མ་ཚོར་དམིགས་ནས་སློབ་དེབ་ཁ་ཡོད་ལག་ཡོད་གཅིག་རྩོམ་སྒྲིག་གནང་རེ་ཆེ། ད་ལན་མུ་མཐུད་འཕྲིན་ཡིག་བྲིས་ཏེ་གང་མགྱོགས་མཇུག་བསྡོམས་བྱ་རྒྱུར་འབད་བརྩོན་བྱེད་ཀྱི་ཡིན། འོན་ཀྱང་། མུ་མཐུད་ནས་འཛིན་གྲྭ་བརྒྱད་པའི་སློབ་དེབ་ཐོག་ལ་བསམ་ཚུལ་ཞུ་འདོད་མེད། རྒྱུ་མཚན་ནི། སློབ་དེབ་རྩོམ་སྒྲིག་པ་ལྷན་རྒྱས་ཀྱིས་གཏན་འབེབས་ཟིན་སྟབས། དེ་སྔ་རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་འགོ་འཛིན་གཅིག་གིས། རྟ་རྒྱུགས་སར་རྒྱུགས་ཚར་པ་དང་། རྡུལ་ཡལ་སར་ཡལ་ཚར་པ་རེད། ཅེས་ལབ་པ་དྲན་གྱི་འདུག

ནུབ་ཕྱོགས་སུ་ཡོད་པའི་བོད་ཕྲུག་གི་གྲངས་འབོར་ཉིན་རེ་བཞིན་འཕར་བཞིན་ཡོད་པ་དང་། རྒྱ་བལ་གཉིས་ཀྱི་ནང་ལ་བོད་ཕྲུག་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་པ་ཀུན་ཤེས་རེད། ད་དུང་ནུབ་ཕྱོགས་སུ་བོད་ཀྱི་སྐད་ཡིག་གལ་ཆེ་ཚུལ་དང་། བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་ཤེས་དགོས་པ། བོད་ནང་ལ་གཏན་འཇགས་སློབ་གྲྭའི་གནས་བབ་སོགས་གླེང་མཁན་མང་ནའང་། ས་ཐོག་ལ་བབ་ནས་རང་དཔེ་གཞན་སྟོན་གྱིས་ཕྱག་ལས་གནང་མཁན་ཉིན་མོའི་སྐར་མའི་དཔེ་ཟླར་འགྱུར་ཡོད། གཏན་འཇགས་སློབ་གྲྭའི་གནས་བབ་གླེང་མཁན་དང་ལས་འགུལ་སྤེལ་ཚོས་ཀྱང་རྒྱུན་དུ་སྒེར་གྱི་འཚོ་བའི་ནང་ལ་ཨིན་ཡིག་དང་ཨིན་སྐད་ཁོ་ན་སྤྱོད་བཞིན་འདུག་ལ། ནུབ་ཕྱོགས་སུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ནང་ལ་ཕྱག་ལས་གནང་མཁན་དགེ་རྒན་དང་འཛིན་སྐྱོང་ལས་བྱེད་ཚོས་རྒྱུན་དུ་སྒེར་གྱི་འཚོ་བའི་ནང་ལ་འཕྲིན་ཐུང་དང་གློག་འཕྲིན་ཚང་མ་ཨིན་ཡིག་ཐོག་བྲིས་ནས་ཕ་མ་ཚོར་གསལ་བསྒྲགས་སྤེལ་བཞིན་པ་ལས་བོད་ཡིག་འབྲི་མཁན་ཧ་ལམ་མེད་ཅེས་བརྗོད་ན་འགྲིག གལ་སྲིད་དགེ་རྒན་རེ་ཟུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ནང་ཁུལ་ཡིག་འབྲེལ་བོད་ཡིག་ནང་ལ་འབྲི་དགོས་པ་བརྗོད་ན། བརྗོད་མཁན་དེ་གུ་དོགས་པོ་དང་བོད་ཡིག་མ་གཏོགས་མི་ཤེས་མཁན་ལ་བརྩིས་ནས་ཟུར་དུ་འབུད་ཐབས་དང་། རྒྱབ་བཤད། དགོད་བྲོ་སློང་ཡུལ་ཙམ་ལ་བཟོས་དང་བཟོ་བཞིན་པ་དངོས་ཡོད་གནས་སྟངས་ཆགས་ཡོད།
དེང་སྐབས་བསམ་འཆར་འདོན་མཁན་ཉུང་དུ་འགྲོ་བཞིན་ཡོད། ལབ་རྒྱུ་གླེང་རྒྱུ་ཉུང་ན་དགའ་ཞེས་ཁུ་སིམ་མིར་བསྡད་མཁན་མང་དུ་འགྲོ་བ་དང་། ཁྱོགས་བཤད་དང་། ལོག་བཤད་བྱེད་མཁན་ཉུང་ཤས་ཀྱིས་སྤྱི་ཚོགས་དབང་དུ་བསྒྱུར་བཞིན་པའི་དུས་སྐབས་ཤིག་ཆགས་ཡོད། དེང་སྐབས་གནས་ཚུལ་ཆ་ཚང་མཁྱེན་མཁན་དང་། གོ་རྟོགས་ཡོད་མཁན་ཚོས་ཡིན་མདོག་གིས་ཁུ་སིམ་མིར་བཞུགས་པ་དེས་ཨིན་སྒྲུང་གྲགས་ཅན་ Animal Farm ནང་གི་བོང་བུའི་སྣང་བརྙན་དྲན་དུ་འཇུག་གི་འདུག བྱ་དེ་མེད་སར་བོང་བུས་ན་ཚོད་ཞེས་པ་ལྟར། མཁྱེན་ཡངས་ཕ་མ་དང་དགེ་རྒན་རྣམས་ཀྱིས་ཁུ་སིམ་མིར་བཞུགས་ན། ཕྲན་ལྟ་བུས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་གནས་སྟངས་སྐོར་བསམ་ཚུལ་ཐན་ཐུན་མ་འབྲི་ཀ་མེད་ཀྱི་གནས་སུ་སོང་བས་འབྲེལ་ཡོད་ལྷན་རྒྱས་ཀྱིས་གཟིགས་དཔྱད་ཡོང་བ་ཞུ་གི་ཡོད། དེ་ཡང་རྒྱས་འབྲི་མེད་པར་མདོར་བསྡུས་ཤིག་འབྲི་ཡི་ཡིན། བོད་ཀྱིས་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཡར་རྒྱས་འགྲོ་རྒྱུར་ཤེས་རིག་ལས་ཁུངས་དང་། འབྲེལ་ཡོད་དོན་ཁང་ཁག་གིས་དགོངས་པ་གཟབ་བཞེས་གནང་དོགས་པ་ནི།
དང་པོ། དགེ་རྒན་ཚད་ལྡན་གསོ་སྐྱོང་དང་བསྐོ་བཞག་གནང་དགོས་པ། སྐད་ཡིག་གི་ཤེས་ཚད་དང་། སློབ་ཁྲིད་ཐབས་ལམ་ཡག་པོ་མཁྱེན་པའི་དགེ་རྒན་གསོ་སྐྱོང་བསྐོ་བཞག་གནང་དགོས་ཀྱི་འདུག

གཉིས་པ། བསླབ་གཞི་རྩ་འཛིན་ལག་བསྟར་འཐུས་ཚང་དགོས་པ། དཔལ་ལྡན་ཤེས་རིག་ལས་ཁུངས་གཟའ་མཇུག་སློབ་གྲྭའི་ཆེད་དུ་བསླབ་གཞི་གཏན་འབེབས་གནང་བ་དང་། ཨ་རིའི་ནིའུ་ཡོག་ལ་དབུ་འབྱེད་གནང་ཡོད་ཀྱང་། གཟའ་མཇུག་སློབ་གྲྭ་ཁག་ལ་ལག་བསྟར་འཐུས་ཚང་གནང་གི་ཡོད་མེད་དང་། བསླབ་གཞི་དེ་ཨ་རི་སོགས་ལ་རན་མིན། བསྐྱར་ཞིབ་གནང་ཡོད་དམ། བསླབ་གཞི་རྩ་འཛིན་ལག་བསྟར་ཡོང་བར་ཐོག་མར་འབད་དགོས་པ་མཐོང་། ལག་བསྟར་བྱས་རྗེས་ས་གནས་དང་སློབ་ཕྲུག་ལ་རན་མིན་ཤེས་ངེས་རེད། ཕྲན་གྱི་ས་གནས་སུ་དགེ་རྒན་ཚོས་བསླབ་གཞི་རྩ་འཛིན་དེ་ལག་བསྟར་གནང་བ་གཅིག་ད་བར་མ་མཐོང་ལ། འཛིན་སྐྱོང་སློབ་སྤྱི་སོགས་ནས་ཀྱང་བསླབ་གཞི་རྩ་འཛིན་ཡོད་པ་མི་མཁྱེན་པའི་གནས་སྟངས་ཀྱང་མཐོང་།

གསུམ་པ། སློབ་ཁྲིད་ཡོ་ཆས་འཐུས་ཚང་དགོས་པ། ད་བར་ཕྲན་གྱིས་ལན་མང་བྲིས་ཟིན་པ་ལྟར། སློབ་ཕྲུག་གི་ལོ་ཚད་དང་། ཤེས་ཚད། སེམས་ཁམས་དང་མཐུན་པའི་སློབ་ཁྲིད་ཡོ་ཆས། ལག་པས་ཟིན་རྒྱུ་ཡོད་པ་དང་། མིག་གིས་མཐོང་རྒྱུ་ཡོད་པ། རྣ་བས་ཉན་རྒྱུ་ཡོད་པ། དེང་དུས་འཁྲུལ་ཆས་སོགས་བེད་སྤྱོད་ཀྱིས་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱ་དགོས་པ་ལས། སྔར་ལམ་བཞིན་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱས་ན་དུས་དང་མི་མཐུན་པ་དང་། སློབ་ཕྲུག་ཚོ་འཚར་ལོངས་བྱུང་སའི་ཁོར་ཡུག་དང་མི་མཐུན་པས། ཕྱོགས་གང་ཅིར་འཚམས་པའི་སློབ་ཁྲིད་ཡོ་ཆས་མཁོ་བསྐྲུན་གནང་དགོས།
བཞི་པ། ཕ་མ་མཉམ་ཞུགས་གནང་དགོས་པ། ཕྲན་གྱིས་ལོ་གཉིས་ལྷག་སྐད་ཡིག་གཉིས་པའི་སློབ་ཁྲིད་དགེ་རྒན་འོས་སྦྱོང་དང་། བདག་གི་དགེ་རྒན་སྐད་བརྡ་རིག་པ་བ་མང་པོ་གཅིག་དང་གླེང་མོལ་བཀའ་འདྲི་ཞུས་པའི་ཉམས་མྱོང་ལས། བོད་སྐད་ཙམ་མིན་པར་སྐད་ཡིག་མང་ཆེ་བ་སྦྱོང་མཁན་ཚོས། སྐད་ཁྱིམ་ཚང་ནས་ཤེས་པ་དང་། ཡི་གེ་ཀློག་རྒྱུ་དང་འབྲི་རྒྱུ་སློབ་གྲྭ་ནས་སྦྱོང་བའི་གནས་སྟངས་གཅིག་མཚུངས་རེད་འདུག ཕྲུ་གུ་སློབ་གྲྭར་གཏོང་སྐབས་ལོ་ ༥ ཟིན་པ་དང་། དེ་བར་ཁྱིམ་ཚང་དུ་བསྡད་ཀྱི་ཡོད་སྟབས། སློབ་གྲྭར་ཡོང་སྐབས་སུ་སྐད་ཆ་ཤོད་ཤེས་པ་བཟོ་རྒྱུའི་ལས་འགན་ནི་ཕ་མའི་ཐུགས་འགན་རེད་འདུག (མཆན། དེའི་བར་ལ་ཟམ་གདོང་རིན་པོ་ཆེའི་ ་་་་་ འཇུག་རྒྱུ།)
ལྔ་པ། སློབ་ཕྲུག་གི་ཤེས་ཚད་དང་། ལོ་ཚད། སེམས་ཁམས་དང་ཁོར་ཡུག་དང་མཐུན་པའི་སློབ་ཁྲིད་ཡོ་ཆས་དགོས་པ་མ་ཟད། དམིགས་བསལ་དེང་སྐབས་འཕྲུལ་ཆས་ཀྱི་ཐབས་ལམ་བེད་སྤྱོད་ཀྱིས་སློབ་ཁྲིད་ཡོ་ཆས་དགོས་མཁོ་བསྐོང་དགོས།
དྲུག་པ། བོད་ཕྲུག་ཚོས་བོད་སྐད་དང་། བོད་ཡིག་ཡག་པོ་ཤེས་ཐབས་སུ་ཁྱིམ་ཚང་ནང་དང་། ནང་མི་འདུ་འཛོམས་སོགས་བྱེད་སྒོ་འདྲ་མིན་བརྒྱུད་ནས་ཕ་མའི་མཉམ་ཞུགས་གནང་རྒྱུ་གལ་ཆེན་རེད།
བདུན་པ། གཟའ་མཇུག་སློབ་གྲྭའམ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ནང་ལ་སློབ་ཕྲུག་གང་ཉུང་ཉུང་ལ་ཆ་བགོས་ཀྱིས་འཛིན་གྲྭ་ཚོགས་ཐུབ་པ་ཡིན་ན། དགེ་རྒན་གྱིས་སློབ་ཕྲུག་ལ་རེ་རེར་སྐད་ཡིག་སློབ་ཁྲིད་ཆེད་དུ་དུས་ཚོད་མང་བ་སྤྲོད་ཐུབ། དཔེར་ན། སྐད་ཡིག་འཛིན་གྲྭའི་བྱེད་སྒོ་ཁག་གཙོ་བོ་སློབ་ཕྲུག་གིས་བྱེད་དགོས་པ་ལས། སློབ་ཕྲུག་རེ་རེ་ཡར་ལངས་ནས་གཏམ་བཤད་དང་། དྲི་བར་ལན་འདེབས། ཡི་གེའམ། སློབ་ཚན་སྐད་ཤུགས་ཆེན་པོས་ཀློག་རྒྱུ། ད་དུང་། སྒྲུང་དང་གཞན་གྱི་གཏམ་བཤད་ཉན་དུ་བཅུག་ནས་བསམ་ཚུལ་ཤོད་དུ་འཇུག་པ་དང་། ཡང་ན། དྲི་བ་འདྲི་ལན། ད་དུང་བསམ་ཚུལ་འབྲི་རུ་འཇུག་རྒྱུ་སོགས་བྱེད་སྒོ་འདྲ་མིན་བརྒྱུད་ནས་ཉན་བཤད་འབྲི་ཀློག་གི་རྩལ་བཞི་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་མང་བ་སྤྲོད་ཐུབ། སློབ་གྲྭ་ལེགས་གྲས་མང་པོར་འཛིན་ཁང་སོ་སོར་སློབ་ཕྲུག་གྲངས་ཧ་ལས་པའི་མང་པོ་མེད་པ་བཀོད་སྒྲིག་བྱེད་ཀྱི་ཡོད། དེ་སྔ་གཟའ་མཇུག་བོད་ཡིག་སློབ་གྲྭར་ཆེད་དུ་སྐྱོན་བརྗོད་ཚོས། སློབ་ཕྲུག་ཉུང་ཉུང་ཡིན་པ་རྩལ་བཏོན་གྱིས་བརྗོད་ནའང་། སློབ་ཕྲུག་ཉུང་བ་དེ་མཐའ་གཅིག་ཏུ་ངན་ཆ་ཡིན་པའི་ངེས་པ་མེད། ད་དུང་ཕྲན་གྱིས་དྲན་གསོས་པའི་གནས་ཚུལ་གཅིག་ནི། ད་ལྟའི་༧གོང་ས་༧ཏཱ་ལའི་བླ་མའི་དཔེ་མཛོད་ཁང་གི་ནང་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་གཉིས་ནས་གོ་སྒྲིག་འོག་ས་གནས་འགོ་འཛིན་རྣམས་ལ་དཔལ་ལྡན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད་ཞིག་གི་སྐབས་སུ། ཚོགས་བཅར་པ་གཅིག་གིས། གཞིས་ཆགས་ཁག་ལ་ནང་ཆོས་ངོ་སྤྲོད་གོ་སྒྲིག་བྱེད་དགོས་ལབ་ནའང་། ཡོང་མཁན་ཉུང་ཉུང་ཡིན་པ་ཞུས་སོང་། དེ་ལ་གསུང་བཤད་དང་བཀའ་ལན་གནང་མཁན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། གྲངས་ཉུང་ཉུང་ཡིན་ནའང་ནང་ཆོས་ངོ་སྤྲོད་བྱེད་དགོས། སྟོན་པ་བཀའ་དྲིན་ཅན་གྱིས་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་སྐབས་ཆེད་དུ་བྱ་བའི་གདུལ་བྱ་གྲངས་ལྔ་ལས་མེད་ཀྱང་ཆོས་འཁོར་བསྐོར་ཡོད། ཅེས་གསུངས་སོང་། དངོས་གནས་རེད། མཁས་པས་གསུངས་ན་ཅི་ཡང་བདེན། ཞེས་པ་ཅིས་མ་ཡིན་ཨང་བསམ།
དྲུག་པ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཞེས་པའི་མིང་གཅིག་བཏགས་ཡོད་པས། སྐད་ཡིག་དང་རིག་གཞུང་དང་འབྲེལ་བའི་དུས་ཆེན་དང་ཉིན་མོ་ཁག་སྲུང་བརྩི་དང་། བྱེད་སྒོ་སྤེལ་རྒྱུ་གལ་ཆེན་ཆགས་ཡོད། དཔེར་ན། ཕྱི་ཟླ་ ༤ ཚེས་ ༣༠ ཉིན་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩིའི་ལམ་ནས་བོད་ཡིག་སྦྱོང་བརྡར་དང་། ངོ་སྤྲོད། སློབ་ཁྲིད་ལམ་ནས་མ་མཐར་བོད་ཀྱི་ཡིག་གཟུགས་ཐོག་ལ་བག་ཆགས་ཤིག་སླེབས་ཐུབ་པ་བྱེད་རྒྱུ་དང་། རབ་བྱུང་ན་བོད་ཀྱི་ཡིག་གཟུགས་དགའ་མོས་ཀྱིས་ཡིག་གཟུགས་སྒྱུ་རྩལ་མུ་མཐུད་སྦྱོང་རྒྱུའི་ས་བོན་ནམ་སེམས་ཤུགས་སྤོར་དགོས། དེ་མིན་གཞས་དང་། སྒྲུང། དུས་ཆེན་ཁག་ལ་བརྟེན་ནས་སློབ་ཕྲུག་ཚོས་སྤྲོ་སྣང་ལྡན་པའི་ངང་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་རྒྱུའི་གོ་སྐབས་བསྐྲུན་དགོས་ཀྱི་འདུག ཡང་བསྐྱར་དཔེ་མཚོན་གཅིག་བརྗོད་ན། ཨ་རི་དང་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་ཡི་ཤུའི་འཁྲུངས་སྐར་དར་གསོལ་ཆེན་པོ་ཡོད་པ་དང་། ཡི་ཤུའི་འཁྲུངས་སྐར་སྐབས་ལ་གཟའ་མཇུག་སློབ་གྲྭའི་འཛིན་སྐྱོང་ནས་ཕྲུ་གུར་རྔན་པ་བརྗེ་ལེན་དང་། གུང་གསེང་བསྡུ་འཛོམས་སོགས་བྱེད་མཁན་ཡོད་ནའང་། ད་བར་བོད་ཀྱི་ལོ་གསར་དང་། ནང་པའི་སྟོན་པ་སངས་རྒྱས་ཀྱི་འཁྲུངས་སྐར་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་ཡི་ཤུའི་འཁྲུངས་སྐར་ལྟར་སློབ་གྲྭའི་ངོས་ནས་སྲུང་བརྩི་དང་ངོ་སྤྲོད་བྱེད་མཁན་མཐོང་ཆོས་སུ་མ་འགྱུར་པ་སྐྱོ་བའི་གནས་ལགས། དེ་རིགས་ནི་སྐྱོན་བརྗོད་ལ་གོ་རྒྱུ་མེད་པར་དངོས་ཡོད་དང་། བྱ་དོགས་པ་གཅིག་བྱ་རྒྱུར་ལུས་པ་གསལ་སྟོན་བྱེད་པར་གོ་བ་བླངས་ནས་ཐུགས་རྗེ་ཆེ་ཞུ་མི་ཐུབ་ནའང་། གསན་ཤེས་པ་གནང་ནས་ཕྱག་བསྟར་གནང་གལ་ཆེ་བ་ཁ་ཡོད་ལག་ཡོད་ཀྱི་གནས་སུ་མཐོང་།

བདུན་པ། བོད་ཀྱི་སྐད་ཡིག་དང་རིག་གཞུང་ཡར་རྒྱས་ཡོང་ཐབས་སུ་ཐེངས་གཅིག་གཉིས་ཀྱི་བྱེད་སྒོ་དང་། ལས་འགུལ་སྤེལ་བ་ཙམ་གྱིས་མི་འགྲིག་པར། རྒྱུན་མཐུད་ནས་སྦྱོང་བརྡར་བྱ་རྒྱུའི་གོ་སྐབས་དང་། བསྐུལ་འདེད་བྱ་རྒྱུ་གལ་ཆེར་མཐོང་། དཔེར་ན། རེས་གཟའ་སྤེན་པ་དང་། ཉི་མ་གང་རུང་བདུན་ཕྲག་གཅིག་གི་ནང་ལ་ཉིན་གཅིག་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱས་པ་ཙམ་གྱིས་མི་འགྲིག་པར། རེས་གཟའ་ཉི་མ་མ་ཡིན་པའི་བདུན་ཕྲག་གཅིག་གི་ནང་ལ་ཁྱིམ་ཚང་ནང་ལ་བོད་ཡིག་དང་རིག་གཞུང་སྐོར་སྦྱོང་རྒྱུར་། སྦྱོང་ཚན། བསྐུར་རྒྱུ་གལ་ཆེར་མཐོང་། སྦྱོང་ཚན་དེ་ཡང་དྲི་བ་ཁ་ཤས་ལ་ལན་འདེབས་བྱ་རྒྱུ་ཙམ་མིན་པར་། ཁྱིམ་ཚང་ནང་ལ་ཕ་མ་དང་ནང་མི་གཞན་ཚོ་དང་བོད་སྐད་ཤོད་རྒྱུར་སློབ་ཕྲུག་རང་ཉིད་ཀྱིས་འདེམས་པའི་བརྗོད་གཞིའི་ཐོག་ལ་དྲི་བ་དྲི་ལན་སྒྲ་འཇུག་བྱེད་དུ་འཇུག་པ་དང་། ཡང་ན། བརྙན་འཇུག དེ་མིན་ལོ་གསར་དང་། འཁྲུངས་སྐར་སོགས་མ་སླེབས་སྔོན་ལ་དུས་ཆེན་དེའི་སྐོར་དྲི་བ་བཟོས་ནས་ཕ་མར་དྲི་བ་འདྲི་རུ་འཇུག་རྒྱུ་དང་། ཡང་ན། བདུན་ཕྲག་གཅིག་གི་སྔོན་ནས་བོད་སྐད་ཐོག་ནས་འཁྲུངས་སྐར་དང་། ལོ་གསར་སྐོར་ལ་གཏམ་བཤད་གྲ་སྒྲིག་བྱེད་དུ་བཅུག་ནས་རྗེས་མའི་གཟའ་མཇུག་འཛིན་གྲྭར་གཏམ་བཤད་བྱེད་དུ་འཇུག་རྒྱུ། དེ་ཡང་དགེ་རྒན་གྱིས་གཏམ་བཤད་དང་སྦྱོང་ཚན་ཁག་གྲ་སྒྲིག་ཡག་པོ་ཡོང་ཆེད་བརྒྱ་ཆ་སྤྲོད་ཕྱོགས་ཐོག་ལ་ཁ་གསལ་ལམ་སྟོན་ཨིན་སྐད་ཐོག་ rubric ཞེས་པ་བཟོས་ནས་སྤྲོད་དགོས། རང་ཉིད་ལ་མཚོན་ན། ནུབ་ཕྱོགས་སུ་སླེབས་ཙམ་ལ་ཨིན་ཡིག་སྐད་ཡིག་གཉིས་པའི་ལམ་ནས་སྦྱོང་རྒྱུར་འཛིན་གྲྭར་ཟླ་ཤས་བསྐྱོད་མྱོང་ཡོད་ལ། རྗེས་སུ་སྐད་ཡིག་གཉིས་པ་སློབ་ཁྲིད་དགེ་རྒན་འོས་སྦྱོང་ཀྱང་བྱེད་མྱོང་ཡོད་སྟབས། དགེ་རྒན་གྱིས་སློབ་ཁྲིད་ལ་དུས་ཚོད་བརྒྱ་ཆ་ ༢༥ དང་སློབ་ཕྲུག་གིས་དུས་ཚོད་བརྒྱ་ཆ་ ༧༥ ལེན་དགོས་པ་ཡོངས་གྲགས་རེད་འདུག སྐད་ཡིག་འཛིན་གྲྭར་དགེ་རྒན་གྱིས་བཤད་ཀྱང་དང་སློབ་ཁྲིད་བྱས་ནས་སློབ་ཕྲུག་ཚོར་སྐད་ཡིག་དེ་བཤད་རྒྱུ་དང་འབྲི་རྒྱུ་སོགས་ཀྱི་གོ་སྐབས་མ་སྤྲད་ན་འགྲིག་གི་མི་འདུག དེ་བས། གཏམ་བཤད་དང་། སྒྲུང་ཤོད་རྒྱུ་དང་འབྲི་རྒྱུ། བརྗོད་གཞི་གཅིག་སྤྲད་ནས་དེའི་ཐོག་ལ་ཉམས་ཞིབ་ཀྱིས་རྩོམ་ཡིག་འབྲི་བ་དང་། ཡང་ན། སྒྲུང་སོགས་ཀློག་རྒྱུ་སོགས་སྦྱོང་བརྡར་ཆེད་གོ་སྐབས་གང་མང་སློབ་ཕྲུག་ལ་སྤྲོད་དགོས་ཀྱི་འདུག

བརྒྱད་པ། དེ་ནས་ཨིན་སྐད་ཐོག་ལ་ Assessment & Feedback ཞེས་པ་ཧ་ཅང་གལ་ཆེན་པོ་རེད་འདུག Assessment ཞེས་པའི་ཐོག་ལ་ཕྲན་ཐོག་མར་ནུབ་ཕྱོགས་སུ་སླེབས་སྐབས་སྐད་ཡིག་གཉིས་པའི་འཛིན་གྲྭར་བསྐྱོད་སྐབས་དགོད་བྲོ་པའི་གནས་ཚུལ་གཅིག་ཡོད། ཡིན་ནའང་། དགོད་བྲོའི་གཏམ་དེ་རྗེས་སུ་བརྗོད་ཆོག དགོད་བྲོ་བའི་གནས་ཚུལ་བྱུང་སྟངས་ནི། ང་ཚོ་རྒྱ་གར་ནང་ལ་ཨིན་ཡིག་དང་། བོད་ཡིག ཧིན་དྷིའི་སྐད་ཡིག་བཅས་སྐད་ཡིག་གསུམ་སྦྱོང་གི་ཡོད་ནའང་། Assessment ཞེས་པ་བྱེད་སྲོལ་མེད་ལ། མཐའ་ན་ཚིག་དེ་ཡང་ང་དང་ང་འདྲ་བའི་སྐབས་ད་ེདུས་ཀྱི་སློབ་ཕྲུག་ཚོས་ཤེས་ཀྱི་མེད། གཅིག་བྱས་ན་དེང་སྐབས་ཤེས་ཀྱི་ཡོད་སྲིད་ལ། སློབ་ཕྲུག་གི་ཤེས་ཚད་འཇལ་ཆེད་ཐབས་ལ་དེ་བེད་སྤྱོད་ཀྱང་གནང་གི་ཡོད་སྲིད། ང་ཚོའི་སྐབས་སུ་ Unit test, Test, Examination ཡིག་ཚད་དམ། ཡིག་རྒྱུགས་ཞེས་པ་དེ་ཙམ་རེད། གཉིས་པ། Feedback ཞེས་པ་དེ་རེད། དགེ་རྒན་ཞིག་ལ་མཚོན་ན་དེ་ནི་ཧ་ལས་པའི་གལ་ཆེན་པོ་རེད་འདུག་ལ། ནུབ་ཕྱོགས་སུ་དགེ་རྒན་དང་སློབ་ཕྲུག་ཙམ་མིན་པར་རྒྱུན་ལས་ལས་ཁུངས་ཀྱི་ལས་ཀ་དང་། ཉོ་ཚོང་དང་། ལས་རིགས་ཚང་མར་གལ་ཆེན་ལ་ངོས་འཛིན་བྱེད་ཀྱི་འདུག དེའི་ཐོག་ལ་འཛམ་གླིང་གི་ཕྱུག་བདག་དང་། དཔེ་དེབ་ཀློག་པ་པོ་གྲགས་ཅན་ Bill Gate ཡིས་ Teachers need real feedback ཞེས་པའི་བརྗོད་གཞིའི་ཐོག་ལ་གཏམ་བཤད་བྱས་པ་གཅིག་ Youtube ཐོག་ལ་བལྟ་ཉན་བྱ་རྒྱུ་ཡོད། ཁོང་གི་གཏམ་བཤད་དེ་ལས་དོ་སྣང་བྱ་དགོས་པ་ཕྲན་གྱིས་གཉིས་མཐོང་གི་འདུག དང་པོ། དགེ་རྒན་ལ་སློབ་ཕྲུག་དང་། ཕ་མ། སློབ་གྲྭའི་འཛིན་སྐྱོང་ངོས་ནས་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་ཁ་གསལ་པོ་དང་། དེ་ཡང་དགེ་རྒན་གྱིས་སློབ་ཁྲིད་གཙོ་བོར་འགྱུར་པའི་སློབ་ཕྲུག་ལ་ལམ་སྟོན་ཁ་ཏ་བྱེད་སྟངས་ཐོག་ལ་བསམ་འཆར་འབུལ་དགོས་པ་དང་། གཉིས་པ། དགེ་རྒན་རང་ཉིད་ཀྱིས་རང་སྐྱོན་རང་གིས་ངོས་འཛིན་ཡོང་རྒྱུར་རང་གི་སློབ་ཁྲིད་བརྙན་ལེན་སོགས་ཐབས་ལམ་བརྒྱུད་ནས་བསམ་བློ་ཁ་ནང་ལ་བལྟས་ནས་དགོངས་བཞེས་བྱེད་དགོས་པ་གཉིས་རེད། ཡིན་ནའང་། བློ་ཕམ་དགོས་པ་གཅིག་ནི། གཟའ་མཇུག་སློབ་གྲྭའི་འཛིན་སྐྱོང་དང་། ཕ་མ། སློབ་ཕྲུག་ཚོས་དགེ་རྒན་གྱི་མདུན་ལ་ལེགས་ཉེས་གང་ཡིན་ཁ་གསལ་མི་བཤད་པར། རྒྱབ་བཤད་ཀྱིས་དགེ་རྒན་ལ་དགེ་རྒན་འོས་སྦྱོང་མེད་པ་དང་། བོད་ཡིག་སློབ་གྲྭར་བཏང་དང་མི་བཏང་མེད་པ། ད་དུང་ཕ་མ་ཁ་ཤས་ཀྱིས་སོ་སོའི་ཕྲུ་གུ་བོད་ཡིག་སློབ་གྲྭར་བཏང་ནས་བོད་སྐད་ལས་ཨིན་སྐད་མང་བ་ཤོད་མཁན་ཆགས་སོང་། ཞེས་པ་བརྗོད་མཁན་ཡོད། དངོས་བདེན་རེད་དམ། ཕྲུ་གུ་ཆེ་རུ་འགྲོ་བ་བསྟུན་ནས་ཨིན་ཡིག་སློབ་གྲྭའི་ནང་ལ་ཨིན་སྐད་མང་བ་རྒྱབ་བཞིན་པ་དང་། ཕ་མ་དང་ལྷན་དུ་དུས་ཚོད་ཉུང་དུ་བཏང་ནས་གློག་ཀླད་དང་། ལག་ཐོག་ཁ་པར་ནང་ལ་ཨིན་སྐད་ཐོག་ཡོད་པའི་རྩེད་མོ་དང་། བརྙན་རིགས་བལྟས་ནས་དུས་ཚོད་མང་བའམ། རིང་བ་གཏོང་བཞིན་ཡོད་པར་བསམ་གཞིགས་གནང་ནས་བཀའ་མོལ་གསུངས་ཡོད་དམ། བོད་ཡིག་སློབ་གྲྭར་སྐྱོན་འཛུགས་བྱས་པ་བཞིན་ཕ་མ་ཚོས་ཨིན་ཡིག་སློབ་གྲྭར་སྐྱོན་འཛུགས་བྱེད་ཕོད་ཀྱི་ཡོད་དམ། ཕ་མ་རང་གིས་རང་ལ་ཞུ་དག་གིས་ཁྱིམ་ཚང་ནང་ལ་ཕྲུ་གུ་མཉམ་དུ་བོད་སྐད་ཇི་ཙམ་ཤོད་ཐུབ་ཀྱི་ཡོད་དམ། ཕྲུ་གུ་དང་མཉམ་དུ་དུས་ཚོད་ག་ཚོད་གཏོང་གི་ཡོད་དམ།

དགུ་པ། སློབ་གྲྭ་འཛུགས་དགོས་དོན་ནི་སློབ་ཕྲུག་ཚོས་མ་ཤེས་པ་རྣམས་ཤེས་པའི་ཆེད་དུ་ཡིན་སྟབས། གཙོ་ཆེ་ཤོས་ནི་ཡང་ནས་ཡང་དུ་སློབ་ཕྲུག་གི་ཤེས་ཚད་ཡར་རྒྱས་ཕྱིན་ཡོད་མེད་བརྟག་ཞིབ་བྱ་དགོས་པ་དང་། གལ་སྲིད་ཤེས་ཚད་ཡར་རྒྱས་འགྲོ་ཡི་མེད་ན་སྐྱོན་ཆ་འཚོལ་ཞིབ་ཀྱིས་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་ཐབས་བྱ་དགོས་པ་དང་། གལ་སྲིད་ཡར་རྒྱས་འགྲོ་ཡི་ཡོད་པ་ཤེས་ན་ཡག་ཐོག་ཡག་བརྩེགས་དང་། སྔར་ལྷག་ཡོང་རྒྱུར་མུ་མཐུད་འབད་བརྩོན་བྱེད་དགོས་པ་རེད། ད་ལྟའི་ཆར་ནུབ་ཕྱོགས་སུ་བོད་རིགས་སྤྱི་མཐུན་ཚོགས་པ་དང་སྒེར་པ་ཁག་ཅིག་ནས་གཙོ་གཉེར་བྱེད་བཞིན་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་མང་ཆེ་བའི་གནས་སྟངས་ནི་མིང་ཙམ་དང་། མེད་པ་ལས་དྲགས་ཙམ་གྱི་གནས་སྟངས་ཡ་ང་དགོས་པ་གཅིག་ལ་གནས་ཡོད། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་ཀྱང་སློབ་གྲྭའི་གནས་སྟངས་གཙོ་ཆེ་ཤོས་སློབ་ཕྲུག་གི་ཤེས་ཚད་དང་། སྐད་ཡིག་གནས་སྟངས་ལེགས་སུ་འགྲོ་མིན་མི་བལྟ་བར། ལས་བསྡོམས་ནང་ལ་ཚོགས་པའི་ལས་དོན་གལ་ཆེ་ཤོས་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བྲིས་ནས། ལས་གཞི་གཙོ་བོ་ངོམ་རྒྱུ་ནི་གཟའ་མཇུག་སློབ་གྲྭ་དེ་ཡིན་པ་ཡིག་ངག་གཉིས་ཐོག་ནས་སྤེལ་བཞིན་པ་མ་ཟད། ས་གནས་སུ་༧རྒྱལ་བ་རིན་པོ་ཆེའི་ཆིབས་བསྒྱུར་བཀའ་དྲིན་ཆེ་སྐབས་དང་། བླ་མ་དང་དཔོན་རིགས་གཞན་ཕེབས་སྐབས་སུ་གཟའ་མཇུག་སློབ་གྲྭ་དེ་ནི་ས་ཆར་གནམ་ཆར་གྱིས་ངོམ་བཞིན་ཡོད། དོན་དངོས་ཐོག་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ནང་ལ་སློབ་ཕྲུག་གི་ལོ་ཚད་དང་། ཤེས་ཚད། སེམས་ཁམས་གནས་སྟངས་སོགས་ལ་གཞིགས་ནས་སློབ་ཁྲིད་གནང་ཐུབ་ཀྱི་ཡོད་དམ། དགེ་རྒན་ལ་ཆེད་ལས་སློབ་ཁྲིད་ཀྱི་དགེ་རྒན་ཆེད་ལས་ཡར་རྒྱས་ཀྱི་ཟབ་སྦྱོང་དང་སྦྱོང་བརྡར་དགོས་པ་གལ་ཆེན་གླེང་ནའང་། ད་བར་གཞུང་དང་སྒྲིག་འཛུགས་ངོས་ནས་སྤྲད་དང་སྤྲོད་ཐུབ་པ་ག་ཚོད་བྱུང་ཡོད་དམ། ས་གནས་རེ་ཟུང་ལ་དགེ་རྒན་ཆེད་ལས་ཡར་རྒྱས་ཀྱི་སྦྱོང་བརྡར་སྤྲོད་ཀྱི་ཡོད་ནའང་དགེ་རྒན་གྱིས་མཉམ་ཞུགས་ཀྱིས་སྦྱོང་བརྡར་ཆེད་དུ་དུས་ཚོད་གཏོང་ཐུབ་མཁན་དང་འཛུལ་ཞུགས་བྱེད་མཁན་ག་ཚོད་ཡོད་དམ། ད་དུང་སློབ་ཕྲུག་གི་ཤེས་ཚད་ལ་རྒྱུས་ལོན་བྱེད་རྒྱུར་ཕ་མའི་ངོས་ནས་རྒྱུན་དུ་ཐུགས་སྣང་གནང་མཁན་དཀོན་ལ། ཕ་མ་རེ་ཟུང་གིས་ཕྲུ་གུས་བོད་སྐད་བཤད་རྒྱུ་སློབ་གྲྭར་བསྐྱོད་རྗེས་ཉུང་དུ་ཕྱིན་སོང་ཟེར་པ་ལྟ་བུ་སྲང་ལམ་དང་ཕྱི་ལ་བཤད་པ་ལས་འབྲེལ་ཡོད་གཟའ་མཇུག་སློབ་གྲྭའི་དགེ་རྒན་དང་། འཛིན་སྐྱོང་། སློབ་སྤྱི་སོགས་ལ་ཐད་ཀར་ཞུ་མཁན་དང་ཞུ་ཐུབ་མཁན་ག་ཚོད་ཡོད་དམ། སློབ་ཕྲུག་གཟའ་མཇུག་སློབ་གྲྭར་བསྐྱོད་ནས་བོད་སྐད་ཤོད་རྒྱུ་ཉུང་དུ་ཕྱིན་སོང་ཟེར་པ་དེ་གཟའ་མཇུག་སློབ་གྲྭའི་སྐྱོན་ཡིན་ནམ། དེའི་ཐོག་ལ་ཞིབ་འཇུག་དང་དོ་སྣང་གིས་སྙན་ཐོ་འདོན་སྤེལ་བྱེད་མཁན་བྱུང་ཡོད་དམ། དྲི་བ་མང་པོ་གཅིག་རང་བཞིན་གྱིས་ངམ་ངམ་ཤུགས་ཀྱིས་འདོན་བཞིན་ཡོད་ནའང་། ཞིབ་འཇུག་རང་བཞིན་དང་། སློབ་གྲྭའི་སློབ་ཕྲུག་གི་ཤེས་ཚད་འཇལ་ནས་ཡར་རྒྱས་འགྲོ་རྒྱུར་དམིགས་ནས་གསུང་ཐུབ་མཁན་ཧ་ལས་པའི་དཀོན་པོ་ཆགས་ཡོད། ཕྲན་རང་ཉིད་ཀྱིས་གཞན་གྱི་འགྲམ་ནས་ཐོས་པ་ཙམ་ལ་བརྟེན་ནས་ཞུ་གི་མེད། འདས་པའི་མི་ལོ་བཅུ་གྲངས་རིང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ནང་ལ་དངོས་སུ་ལས་ཀ་བྱས་པའི་ཉམས་མྱོང་གཞི་ལ་བཞག་ནས་ཞུ་གི་ཡོད། སློབ་ཕྲུག་དེ་གར་སླེབས་ནས་སློབ་ཁྲིད་བྱས་པ་ཙམ་ལས། ཐབས་ལམ་ཚད་ལྡན་ཐོག་ནས་ཤེས་ཚད་ཡོད་མེད་བལྟ་མཁན་ཧ་ལམ་མེད་པའི་གནས་སྟངས་དང་། དགེ་རྒན་ཁ་ཤས་ཀྱིས་ཡིག་ཚད་གཏོང་གི་ཡོད་ཅེས་མིང་བཏགས་ནས་དོན་དུ་ཚིག་གསར་ངག་སྐྱོར་གཏོང་དུ་བཅུག་ནས་འབྲི་རུ་བཅུག་པ་དང་། རྟགས་རྒྱོབ་དུ་བཅུག་པ་སོགས་ཀྱིས་ཤེས་པར་ངོས་འཛིན་བྱེད་པ་ལས། དེང་དུས་ནུབ་ཕྱོགས་སུ་སྐད་ཡིག་སློབ་ཁྲིད་འཛིན་གྲྭར་། བཤད་རྩལ་དང་། ཀློག་རྩལ། འབྲི་རྩལ་ཉན་རྩལ་རྒྱུས་ལོན་བྱེད་སྐབས་གཏམ་བཤད་སྤེལ་དུ་བཅུག་པ་དང་། སྒྲུང་དེབ་ཀློག་དུ་བཅུག་པ། རྒྱུན་སྤྱོད་ཡིག་རིགས་འབྲི་རུ་བཅུག་པ་སོགས་ཐབས་ལམ་འདྲ་མིན་བརྒྱུད་ནས་ཤེས་ཚད་འཇལ་བ་དང་མཉམ་དུ་སྐད་ཡིག་གི་རྩལ་བཞི་སྦྱོང་རྒྱུར་གོ་སྐབས་སྤྲོད་ཀྱི་ཡོད་པ་དེ་རིགས་བྱེད་མཁན་ཧ་ལས་པའི་དཀོན་པོ་རེད། ཕྲན་གྱིས་ལས་རོགས་དགེ་རྒན་གཅིག་ལ། སྐད་ཡིག་གི་རྩལ་བཞི་ཡར་རྒྱས་གཏོང་ཐབས་སྐོར་བརྗོད་པར། རྒན་ལགས་ཁོང་གིས། ང་ཚོ་བོད་པར་སྲོལ་རྒྱུན་གྱི་སློབ་སྟངས་ཡང་དག་པ་གཅིག་ཡོད་རེད། རྩ་བ་བློ་འཛིན་གྱིས་བོད་ཡིག་སྦྱོང་སྟངས་ཡོད་པ་དེ་བརྟེན་ནས་སྔར་བོད་ལ་མཁས་པ་མང་པོ་བྱོན་ཡོད་པ་རེད། རྩལ་བཞི་ཟེར་པ་དེ་རིགས་ང་ཚོའི་བོད་སྐད་སྦྱོང་རྒྱུར་ཕན་ཐོགས་ཟེར་ཡོད་མ་རེད། རྩ་བ་བརྟན་པོ་དགོས་ན་རྩ་བ་བློ་འཛིན་བྱེད་དུ་འཇུག་པ་དང་། སྔོན་གྱི་སློབ་སྟངས་རང་ལ་འགྲོ་དགོས་པ་རེད། ཅེས་བརྗོད་བྱུང་། དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱི་གོང་རིམ་འབྲེལ་ཡོད་ལྷན་རྒྱས་ཀྱིས་བོད་ཡིག་སློབ་སྟངས་གང་དགའ་དཔྱད་ཞིབ་ཀྱིས་གཟའ་མཇུག་དགེ་རྒན་རྣམས་ལ་དུས་དང་མཚམས་པའི་སློབ་ཁྲིད་གནང་སྟངས་སྐོར་ལ་དགེ་རྒན་ལག་དེབ་ཡག་པོ་གཅིག་འདོན་སྤེལ་གནང་རྒྱུ་དུས་ལ་བབ་འདུག དེ་མིན་ང་དང་ང་འདྲ་བས་ནུབ་ཕྱོགས་ནས་སྐད་ཡིག་གཉིས་པའི་སློབ་ཁྲིད་སྐོར་ལ་སློབ་སྦྱོང་ཐོན་པ་དང་སློབ་ཁྲིད་ཉམས་མྱོང་ལ་བརྟེན་ནས་བཤད་ཁུལ་བྱས་ནའང་། གོང་དུ་ཞུས་པའི་དགེ་རྒན་ཁོང་ལྟ་བུས་གསན་འཇོག་གནང་གི་མི་འདུག རྩ་བ་བློ་འཛིན་བྱེད་དུ་མ་བཅུག་པ་མ་ཡིན་པར་ཞོགས་ལྟར་འདུ་འཛོམས་སྐབས་སུ་ལེགས་བཤད་ལྗོན་དབང་མཉམ་དུ་སྐྱོར་ནས་སློབ་ཕྲུག་ཚོས་རྩ་བ་བློ་ལ་འགྲོ་ནའང་། བེད་སྤྱོད་གཏོང་སྟངས་ཤེས་རྒྱུ་ལྟ་ཅི་ཚིག་ཕྲད་ཙམ་ཡང་ངོ་འཕྲོད་ཀྱི་མི་འདུག ད་མང་པོ་མི་བཤད།
བཅུ་པ། སློབ་གྲྭ་ཞེས་པ་ཚགས་ཚུད་དང་མུ་མཐུད་མདུན་བསྐྱོད་བྱེད་དགོས་པར། ཕ་མ་དང་། དགེ་རྒན། སློབ་ཕྲུག འཛིན་སྐྱོང་སོགས་ཀྱི་རྒྱབ་སྐྱོར་དགོས་པ་མ་ཟད། ད་དུང་དེའི་ཐོག་ལ་སློབ་གྲྭ་གནས་ཡུལ་གྱི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་དང་། མཉམ་རུབ། དང་བླངས་ཞབས་ཞུ། དཔལ་འབྱོར་རོགས་སྐྱོར་སོགས་ཀྱི་མཐུན་སྦྱོར་དགོས་པ་ཙམ་མིན་པར་གལ་ཆེན་ཡིན་པ་ཞུ་ཅི་ལ་དགོས། དེ་བས་མང་བ་ཞུ་གི་མིན། དེ་སྔའི་མཁས་པ་ཚོའི་ལས་ཟློས་ཀྱིས། ཡིག་ཚོགས་ལ་འཇིགས་ནས་འབྲི་ཡི་མིན། ཞེས་ལབ་ཀྱི་མེད་ཀྱང་། དུས་ཚོད་སྲི་ཚགས་ཆེད་དུ་མང་པོ་འབྲི་མི་དགོས་པ་དང་། དེང་སྐབས་སྐད་ཡིག་གཞན་གྱི་བརྗོད་པ་འབྲི་སྐབས། བརྗོད་པ་ཐུང་ལ། གོ་སླ་བ། སྟབས་བདེ་བ། འབྲི་རྒྱུ་གལ་ཆེན་ལ་བརྩི་ཡི་འདུག

མུ་མཐུད་འགོད་རྒྱུ།

བསམ་ཚུལ།

Post navigation

Previous Post: བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   
Next Post: ༄༅།    བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ལ་འགན་འཁུར་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་ལ་ཆ་ཤས་ལེན་དགོས་པ།

Comments (2) on “ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།”

  1. ཚེ་བརྟན་འགྱུར་མེད། says:
    2025-09-24 at 11:55 am

    ༈ བསྟན་འཛིན་གྲགས་པ་ལགས་ནས་རྒྱ་བལ་འབྲུག་གསུམ་མིན་པའི་བོད་མི་ཕྱི་རྒྱལ་རྒྱལ་ཁབ་ཁག་ཏུ་གནས་འཁོད་པའི་མ་འོང་བོད་ཀྱི་སོན་རྩ་བོད་ཕྲུག་རྣམས་ཀྱི་བོད་པའི་སྐད་དང་རིག་གཞུང་མི་མཉམ་སློར་གསོའི་ཆེད་དགོངས་ཚུལ་མང་པོ་ཞིག་གནང་བ་དང་ད་དུང་ཡང་གནང་འཆར་ཡོད་གནས་ཕེབས་འདུག་པར་དགའ་བསུ་ཡོད། གང་ལགས་ཞུ་ན་བསམ་འཆར་ཕར་བཞག་ཐུགས་རྗེ་ཆེ་བའི་ལན་ཡང་ཁག་པོ་འདུག་ག བོད་གཞུང་སློབ་གྲྭ་ནས་ཐོན་པ་མང་ཆེ་བས་བོད་ཡིག་ཤེས་མཁན་ཡིན། ལྷག་དོན་སློབ་མཚན་བོད་སྐད་དུ་བསྒྱུར་རྗེས་སུ་དེ་ལས་ཡག་པ་ཡོད། བོད་ཡིག་ཐོག་མ་བྲིས་ན་སོ་སོའི་ཤེས་ནུས་དེ་གསལ་པོ་ག་ནས་འཚོར། གཅིག་བྲིས་གཉིས་བྲིས་ལམ་ལས་ལེགས་སུ་ལེགས་སུ་འགྲོ དག་ཆ་ནོར་ཡོད་ན་སྐྱོན་དུ་རྩིས་ནས་ཆ་མོད་གནང་ན་འདི་བོད་ཡིག་ཏུ་རྒྱ་ལས་ལྷག་པའི་དགྲ་རུ་ངོས་འཛིན་ཆོག དག་ཡིག་ལ་བེད་སྤྱོད་རྒྱུ་དང་། ཡིག་ཕྱེད་གོ་བས་ཕྱེད་ཟེར་པའི་ཧ་མི་ལས། ཧ་ལས་ན་བོད་ཡིག་ཤེས་པ་བེད་མེད་དུ་བཏང་བར་ལས་དགོས། འདི་ང་རང་གི་ཉམས་མྱོང་ཡིན།།
    བསྟན་གྲགས་ལགས། སློབ་དེབ་གྲ་སྒྲིག་རྒྱུ་དེ་ལས་སློ་པོ་ཞིག་ཡིན་ས་མིན་འདུག བྱང་ཨ་རིའི་ཐོག་མའི་ཀློག་དེབ་གཉིས་གསུམ་ཞིག་ཐོག་ལོ་འགའ་ཤས་སུ་བྱང་ཨ་རིས་འབྲེལ་ཡོད་རྒན་ལགས་སོགས་ནས་སྦྱང་བཤད་བྱས་པ་དེ་དག་སྐབས་ཤིག་ཚོགས་འདུའི་ནང་མ་འཐུས་པའི་བསམ་འཆར་བྱུང་སོང་། གནད་དོན་གཅིག་དེ་འགྲོ་ཡི་ཚབ་ཏུ་འགྲོ་གི་འཁོད་གནས་ལྟ་བུ་ཞིག་ལ་ཡིན། དེང་སང་འདི་དྲ་བ་མང་པོ་བེད་སྤྱད་པའི་ན་རྩ་བ་ཉིད་ནས་མ་འཐུས་པ་ག་ལ་ཡིན་པ་སྤྱི་མོལ་དུ།།
    ཉིད་ཀྱི་བསམ་ཚུལ་ཁག་ཆ་ལེགས་པ་ཞིག་ཀློག་མེད། ང་རང་ལ་དེ་ལྟའི་འདོད་མོས་མེད་པ་དེ་ཤིས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན་ཅེས་པའི་སྤྲིངས་དེ་རྣ་བསམ་གཉིས་སུ་མི་བདེ་བའི་གནད་ཤིག་རེད། ངས་གོ་བའི་སྤྲིངས་དེ་ནོར་མེད་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་འབྲེལ་བའི་སྔར་རྒྱ་གར་གྱི་བླ་མའམ་དགེ་རྒན་ནམ་གོང་བཀུར་ཡིད་གཏད་ཞུ་ཡུལ་ཞིག་ནས་རྒྱལ་པོ་ཞིག་ལ་སྤྲིངས་པའི་འཚོར་ཤེས་ལས་ཡིན། དྲྭ་ལམ་ནས་བལྟ་འཚོར་དུའང་ཕ་མས་བུ་བུ་མོ། གཅེན་ཕོ་མོས་གཅུང་པོ་གཅུང་མོ། གྲོགས་ཕན་ཚུན་སོགས་རྒན་གཞོན་དང་འདྲ་མཉམ་དུ་སྤྱད་ཚུལ་འདྲ་འདུག ང་བསམ་ཤེས་སྐྱོ་བས་ལོས་ཡིན། དོན་དུ་ཉིད་ཀྱི་དགོངས་ཚུལ་ལྟར་འབྲེལ་ཡོད་སློབ་དེབ་དག་དམིགས་ཡུལ་ལ་མ་རན་པའི་གནད་མི་ཉུང་བ་ཡོད་འདུག དེ་དག་ཁོང་སློབ་ལས་ཁག་ཨ་རི་སོགས་ཀྱི་ཉིན་རེ་ཉིནརེའི་གནས་སྟངས་སུ་མྱོང་བ་ཆེར་མེད་པའི་གནད་ལས་ཡིན་སྲིད། དེར་སོང་བསམ་འཆར་ཕུལ་ན་ཕན་ཐོག་ཡོང་རྒྱུ་དང་ཁྱེད་ཉིད་ལྟར་ཐེངས་གཅིག་ཏུ་ཡིད་མ་ཆད་པར་བསྟུད་མར་གནང་པའི་གཏན་གཏན་དགེ་ཕན་བྱུང་ཡོད། དགོངས་བཞེས་ཀྱང་གང་གབ་ཅིག་གནང་ཡོད་ཆེ། དུས་རིན་མིན་ནང་སློབ་དེབ་ཏུ་ལེགས་བཅོས་ཀྱི་བསམ་ཚུལ་ཞིག་སློབ་དགེ་ཁག་ནས་ཀྱང་ཞུས་སོང་། མང་པོ་ཞིག་གཞན་དབང་སྟབས་བསྟུན་དང་། མི་དུས་འབྱོར་གསུམ་དཀོན་པས་ཆ་ཚང་ཤིག་དགོངས་པར་ལྟར་བྱུང་མེད་པའམ་ཡིན་པའམ་ཡོང་སྲིད། ལེགས་སྤེལ་ཉེས་འགོག་མེད་ན་སྔར་སོང་ད་མུས་སུ་ལུས་ཉེན་ལ་སོང་སླར་ཁྱེད་ཀྱི་དགོངས་ཚུལ་དང་གཞན་ཐབས་ཚུལ་ཡོང་རེ་བཅས་སུ་ཐུགས་རྗེ་ཆེ་ལགས།། །།

  2. གཞུང་པ་ཚེ་དབང་བསོད་ནམས། says:
    2025-10-09 at 1:58 am

    ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན་བརྒྱད་པ་བར་ཀློག་ཡིན། ད་དུང་མུ་མཐུད་ནས་འགོད་རྒྱུ་ཡིན་འདུག་ན་ཆ་ཚང་ཚར་བ་དང་རང་གི་བསམ་ཚུལ་བཀོད་རྒྱུ་ཡིན་ལ་ཤེས་རིག་ལྷན་ཁང་གི་ཀློག་དེབ་ཆ་ཚང་ལག་ཐོབ་བྱུང་མཚམས་ཕྱོགས་གཉིས་ཀྱི་དགེ་སྐྱོན་ལ་བལྟས་ནས་བསམ་ཚུལ་བཤོད་འདོད་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme