གཞུང་པ་ཚེ་དབང་བསོད་ནམས།
སྐྱེ་བ་སྔ་ཕྱི་དང་། ལས་རྒྱུ་འབྲས། ཚེ་འདི་ཕྱི། བྱམས་སྙིང་རྗེ། གཞན་ཕན་བྱང་སེམས། རང་ལས་གཞན་གཙོ་བོར་འཛིན་པའི་བློ། གཞན་ལ་གནོད་འཚེ་མི་བྱེད་མཁན་སོགས་ནི་ནང་བསྟན་ཆོས་ལུགས་ཀྱིས་སྙིང་པོ་འམ་རྩ་བ་ཐེག་པ་ཆེན་པོའི་ཆོས་ཀྱིས་ཉིང་ཁུ་ཡང་དེ་ཡིན་པ་དང་། རྩ་བ་དེ་ཚོ་ལ་བརྟེན་ནས་བླ་སྤྲུལ་གྱིས་ཡང་སྲིད་ཡང་བརྒྱུད་རིམ་དེ་ནས་ཡོང་གི་ཡོད་པ་དང་། བླ་སྤྲུལ་ཚོའི་སྐུ་སྐྱེ་ངོས་འཛིན་དེ་ཡང་ནང་བསྟན་ཆོས་ལུགས་ཀྱི་བླ་མ་གོང་མ་ཞིག་གི་ངོས་འཛིན་གནང་ནས་ཁྲི་ཐོག་ལ་བཞག་ནས་ཆོས་ཕྱོགས་ཀྱིས་བྱ་བ་བསླབ་པ་སློབ་གཉེར་དང་ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ། སྦྱང་བརྩོན་འབད་གསུམ་ལ་ཕུལ་ཏུ་ཕྱིན་ནས་སེམས་ཅན་གྱིས་དོན་སྒྲུབ་མཁན་ཞིག་དགོས་པ་ལས་ནང་ཆོས་དུག་ལ་ངོས་འཛིན་མཁན་ཆོས་མེད་ཀླ་ཀློ་གུང་ཁྲན་རིང་ལུགས་ཀྱིས་བུམ་པ་དཀྲུགས་ནས་སྤྲུལ་སྐུ་ངོས་འཛིན་གནང་རྒྱུ་དེ་ཆོས་ཁས་མི་ལེན་མཁན་དང་། ཆོས་དུག་ལ་རྩི་མཁན་གྱིས་ཆོས་མེད་གུང་ཁྲན་རིང་ལུགས་པས་ཆབ་སྲིད་ཆོས་འབག་གྱོན་ནས་ཆབ་སྲིད་ཀྱི་མངོན་འདོད་སྒྲུབ་ཆེད་འཛམ་གླིང་མི་མང་རྨོངས་དུ་འཇུག་པའི་བྱ་སྤྱོད་སྐྱུགས་བྲོ་བོ་ཞིག་ཡིན་པ་དེ་ནང་ཆོས་ཁས་ལེན་མཁན་གྱིས་མི་ཚང་མས་གསལ་པོ་ཤེས་མ་ཐུབ་ཚེ་ཆོས་མེད་ཀླ་ཀློ་གུང་ཁྲན་རིང་ལུགས་པས་ནང་བསྟན་ཆོས་ལུགས་དེ་ཆབ་སྲིད་ཀྱི་དགོས་མཁོ་ལ་བེད་སྤྱད་ནས་རང་མཁེ་སྒྲུབ་ཐབས་ཀྱིས་དེང་སྐབས་བོད་ནང་རྒྱ་མིའི་ངོས་འཛིན་བྱས་པའི་བླ་སྤྲུལ་ད་ལྟའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བ་ལྟབུ་འདི་ཡང་རྒྱ་མིའི་ངོས་འཛིན་བྱས་པ་ཞིག་ཡིན་པ་དང་། དེང་སྐབས་༧ གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་༧ གོང་ས་མཆོག་གིས་ཡང་སྲིད་སྐོར་འགན་མེད་འགན་འཁུར་གྱིས་སྐད་ཆ་མང་པོ་འགྲོ་བཞིན་པ་ནས་རྒྱ་ནག་ནས་གསེར་བུམ་དཀྲུགས་རྒྱུའི་ལམ་ལུགས་དེད་ནས་༧ གོང་ས་མཆོག་གི་སྐུའི་ཡང་སྲིད་དེ་རྒྱ་ནག་ལ་འགན་དབང་ཡོད་སྐོར་གྱིས་གནས་ཚུལ་མང་པོ་ཐོན་ཡོང་བའི་ནང་ནས་ཉེ་ལམ་བོད་རང་སྐྱོང་ལྗོངས་ཀྱིས་འགོ་ཁྲིད་བོད་མིང་ཀརྨ་ཚེ་བརྟན་ཟེར་བ་ཞིག་གིས་གསར་འགོད་པའི་འདྲི་བར་ལན་འདེབས་ནང་ཏ་ལའི་བླ་མས་ཡང་སྲིད་སྐོར་ཏ་ལའི་བླ་མ་སྒེར་ལ་དབང་ཆ་མེད་ཟེར་བ་ནས་རྒྱ་མིའི་བཙན་གནོན་འོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། རང་ཐག་རང་གཅོད་ཀྱི་ཐོབ་ཐང་མེད་པ་དང་། སྨྲ་བརྗོད་རང་དབང་མེད་པ་གསལ་སྟོན་གནང་ནས་ངོས་ལེན་གནང་མི་འདུག་གམ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས།༼ UNO ༽ ཀྱིས་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱིས་ཡིག་ཆ་དེའི་ནང་འགྲོ་སྡོད་ཀྱི་རང་དབང་། སྨྲ་བརྗོད་ཀྱི་རང་དབང་། རང་ཐག་རང་གཅོད་ཀྱི་རང་དབང་སོགས་གསལ་ཡོད་པ་ནས་ཏ་ལའི་བླ་མས་སྐུའི་ཡང་སྲིད་སྐོར་ཏ་ལའི་བླ་མ་སྐུ་སྒེར་ལ་་དབང་ཆ་མེད་ཟེར་བ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་འགལ་བ་མ་རེད་དམ། གསེར་བུམ་དཀྲུགས་ཟེར་བ་དེ་སྔོན་རྒྱ་ནག་དེ་ནང་པའི་རྒྱལ་ཁབ་རྒྱལ་པོའི་རིང་ལུགས་སྐབས་བོད་ཀྱི་བླ་ཆེན་ཁག་ལ་ཆོས་འབྲེལ་གྱིས་བླ་སློབ་ཀྱིས་དད་གུས་འོག་ནས་སྐབས་གཅིག་ལ་གསེར་བུམ་དཀྲུགས་པའི་ལམ་ལུགས་བྱུང་ཡོད་ན་ཡང་དེའི་སྐབས་ཀྱིས་རྒྱ་ནག་དེ་ནང་པའི་རྒྱལ་ཁབ་ཞིག་ཡིན་པ་དང་། ད་ལྟའི་རྒྱ་ནག་འདི་ཆོས་ཁས་མི་ལེན་མཁན། ཆོས་དུག་ལ་ངོས་འཛིན་བྱེད་མཁན་གྱི་ཆོས་མེད་གུང་ཁྲན་དམར་པོའི་རྒྱལ་ཁབ་གྲལ་རིམ་དམངས་གཙོ་གཅིག་བསྡུད་ཞིག་ཡིན་པ་ནས་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱིས་བླ་སྤྲུལ་གྱི་ཡང་སྲིད་སྐོར་གྱིས་འགན་དབང་དེ་ཁོ་ཚོར་ཡོད་ན་༧ གོང་ས་མཆོག་ནས་གསུང་པ་ལྟར་ཨང་དང་པོ་རྒྱ་དཔོན་མ་འོ་ཚེ་ཏུང་དང་། ཏིང་ཞ་འོ་ཕིང་། ཅང་ཛི་མིན་སོགས་ཀྱིས་ཡང་སྲིད་དེ་གསེར་བུམ་དཀྲུགས་ནས་བསྐོ་དགོས་པ་ལས་ཆོས་མེད་ཀླ་ཀློའི་ཆོས་དུག་ལ་ངོས་འཛིན་མཁན། སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན། ཚེ་འདི་ཕྱི་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་མི་བྱེད་མཁན་གྱིས་ནང་བསྟན་ཆོས་ལུགས་ཀྱི་བླ་སྤྲུལ་ཚོའི་ཡང་སྲིད་སྐོར་ཐེ་བྱུས་བྱ་རྒྱུ་དེ་ནི་བགད་མོ་ཤོར་རྒྱུའི་བང་མཛོད། ༼ Laughingstock ༽ མ་རེད་དམ། གཏམ་ཨ་ཕས་མ་བཤད་ཨ་མས་བཤད། ཁྱི་བདག་པོའི་མ་བཀག་མགྲོན་པོའི་བཀག་ཟེར་བའི་དཔེ་དེ་དང་མི་འདྲ་འམ། ལར་ནས་༧ རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དགོངས་པ་རྫོགས་ནས་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་ཡང་སྲིད་སྐོར་རྒྱལ་ཚབ་མཆོག་ནས་ལྷ་མོའི་བླ་མཚོའི་ནང་གཟིགས་པའི་ཡིག་འབྲུ་གསུམ་ཨ་ཀ་མ་ལ་གཏན་འཁེལ་ནས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་༧ རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་བོད་ཀྱི་རྒྱལ་ས་ལྷ་སར་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཕོ་བྲང་ཆེན་པོ་རྩེ་པོ་ཏ་ལར་ཞབས་སོར་བདེ་བར་འཁོད་ནས་གསེར་ཁྲི་མངའ་སྲོལ་གྱིས་བོད་ཀྱིས་ཆོས་སྲིད་གཉིས་ཀྱིས་ཐུགས་འགན་བཞེས་ནས་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་འབངས་རྣམས་རང་བཙན་རང་དབང་གིས་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་པའི་སྐལ་བཟང་དུས་བཟང་གི་སྐབས་སྤྱི་ལོ་ ༡༩༤༩ ལོར་བོད་ཤར་ཕྱོགས་མདོ་སྟོད་སྨད་ཁུལ་དུ་རྒྱ་མིའི་བཙན་འཛུལ་གྱིས་རིམ་པས་བོད་དབུས་ཕྱོགས་སུ་བཙན་འཛུལ་རྒྱ་སྐྱེད་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམག་འབོར་ཆེན་འབྱོར་ནས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱིས་དབུ་ཁྲིད་༧ སྤྱི་ནོར་༧ གོང་ ས་སྐྱབས་མགོན་ཆེན་པོའི་སྐུ་ཆ་ཡང་ཉེན་ཁའི་ནང་ཚུད་སྐབས་༧ གོང་ས་མཆོག་དང་ཁོང་གི་བཀའ་ཤག་ལྷན་རྒྱས་དང་ཡབ་གཞིས་སྐུ་འཁོར་ཧྲག་བསྡུས་བཅས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་འཁོད་མ་ཐག་མ་འོངས་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་མི་མང་མང་གཙོའི་ལམ་ལ་ཁ་ཕྱོགས་ནས་སྤྱི་ལོ་ ༡༩༦༠ ཐམ་པའི་སྤྱི་ཟླ་དགུ་པའི་ཚེས་གཉིས་ཉིན་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་ཆོལ་ཁ་རེ་ནས་སྤྱི་འཐུས་གསུམ་རེ་དང་། ཆོས་ལུགས་རེ་ནས་སྤྱི་གཅིག་བཅས་མི་མང་ནས་འོས་བསྡུའི་ལམ་ནས་གཏན་འབེབས་གནང་བ་དང་། མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་གནང་ནས་ད་ལྟའི་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་འདི་ཡང་དེ་དང་ཕྱོགས་མཐུན་བྱ་རྒྱུའི་བཙན་བྱོལ་བོད་མིའི་མང་གཙོའི་བཅའ་ཁྲིམས་ལེའུ་བཅུ་གཅིག་དང་དོན་ཚན་བརྒྱ་དང་བཅོ་ལྔ་ཅན་དེ་དག་སྤྱི་འཐུས་སྐབས་བཅུ་གཅིག་ནས་བར་བརྒལ་གྱིས་ཁྲིམས་བཟོའི་འགན་བཞེས་ནས་སྤྱི་ལོ་ ༡༩༩༡ སྤྱི་ཟླ་ ༦ པའི་ཚེས་ ༡༤ ཉིན་གཏན་འབེབས་གནང་ནས་༧ གོང་ས་མཆོག་གི་ཆོག་མཆན་མཚན་རྟགས་དེ་སྤྱི་ལོ་ ༡༩༩༡ སྤྱི་ཟླ་ ༦ པའི་ཚེས་ ༢༨ ཉིན་ཕེབས་པའི་ཉིན་མོ་དེ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ནུས་པ་ཐོན་ནས་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་འདི་ཁྲིམས་ཀྱི་དབང་བསྒྱུར་འོག་འཚོ་བཞིན་པ་དབང་པོ་ནུས་ལྡན་ཚང་མས་མཐོང་བཞིན་པ་དང་ཤེས་བཞིན་པ་ནས་མ་འོངས་་༧ གོང་ས་མཆོག་གི་སྐུའི་ཡང་སྲིད་དེ་༧ གོང་ས་མཆོག་དང་ཁོང་གི་བླ་བྲང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་མ་གཏོགས་སུ་གཅིག་ལ་འགན་དབང་མེད་པ་བཅས་རེ་ཞིག་འདིར་འཇུག་བསྡུས་པའོ། ་