Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། དྲུག་པ།

Posted on 2025-07-31 By ཁ་བརྡ་ 1 Comment on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། དྲུག་པ།

བསྟན་འཛིན་གྲགས་པ།  (ཨ་རི།)
གཅིག་བྱས་ན། ཕྲན་གྱིས་སློབ་དེབ་སྐོར་གསལ་འདེབས་སམ། འབོད་བསྐུལ། དྲན་འཆར་འཕྲིན་ཡིག་མུ་མཐུད་འབྲི་བཞིན་ཡོད་ནའང་། དཔལ་ལྡན་ཤེས་རིག་ལས་ཁུངས་ནས་སློབ་དེབ་གཏན་འབེབས་དང་། དཔེ་བསྐྲུན་ཁང་ལ་དཔར་འདེབས་དང་། འགྲེམས་སྤེལ་ཡང་བྱེད་ལ་ཉེ་བ་ཡིན་ངེས། ཡིན་ནའང་། རང་ཉིད་ལ་འཕྲིན་མུ་མཐུད་ནས་འབྲི་རོགས་གསུང་མཁན་འདུག་ལ། རང་ཉིད་ཀྱིས་དུས་ཚོད་ནམ་བྱུང་ལ་བདུན་རེའི་ནང་ཆུ་ཚོད་གཅིག་ཙམ་བེད་སྤྱོད་ཀྱིས་མུ་མཐུད་ནས་འབྲི་འདུན་ཡོད། ཁ་བརྡ་དྲྭ་ཚིགས་ནས་འདོན་སྤེལ་གནང་པ་དང་། རྒྱ་ཆེའི་ཀློག་མཁན་རྣམས་པས་ཐུགས་སྣང་དགོངས་འཆར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད། ཤོག་གྲངས་ ༨༥ ནང་། ཡུམ་བུ་བླ་སྒང་། སྐོར་ངོ་སྤྲོད་གནང་འདུག ཤོག་གྲངས་ ༨༦ ནང་། ཇི་ལྟར་བྱོན་ཡོད་ཚུལ་བྲིས་ཡོད་ཚུལ་སོགས་བཤད་ནའང་ད་ལྟ་མཇལ་དུ་མེད་ཀྱང་། ཞེས་བྲིས་འདུག ཚིག་སྒྲུབ་ཐུང་ཐུང་དེའི་ནང་ལ་གཟིགས་དང་། ཚུལ། ༢ བྲིས་འདུག བྱོན་ཡོད་ཚུལ་བྲིས་ཡོད་ཚུལ། ཞེས་པ་དེ་རེད། དེ་ནས། སོགས། སྒྲ་གཅིག་འདུག སོགས་སྒྲ་དེའི་ནང་ལ་ག་རེ་ཚུད་པ་འདུག་གམ། ཚིག་སྒྲུབ་བམ་བརྗོད་པ་དེ་རང་གི་ངོ་གདོང་ལ་གཟིགས་ན་སོགས་སྒྲའི་ནང་ལ་ག་རེ་ཡོད་པ་གོ་ཡི་འདུག་གམ། དེ་ནས། བཤད་ནའང་ད་ལྟ་མཇལ་དུ་མེད་ཀྱང་། ཞེས། འང་། ཀྱང་། རྒྱན་སྡུད་ཀྱི་ཕྲད་གཉིས་བསྟུད་མར་བེད་སྤྱོད་གནང་འདུག ངས་མཁྱེན་ཡངས་རྩོམ་སྒྲིག་པ་ལྷན་རྒྱས་ཀྱིས་འགྲིག་མི་འདུག་ཞུ་གི་མེད། ཡིན་ནའང་། ང་དང་ང་འདྲ་བའི་བོད་ཀྱི་སྐད་ཡིག་ལ་ཤེས་ཚད་དམན་པའི་བྱང་ཨ་རིའི་བོད་ཕྲུག་ཚོས་སློབ་དེབ་ནང་ལ་དེ་ལྟར་ཡོད་པ་སྦྱོང་རྒྱུར་དཀའ་ལས་ཡོད་པ་མ་ཟད། སློབ་སྦྱོང་བྱས་ནས་ཤེས་ཚད་ཡར་རྒྱས་གོང་མཐོར་འགྲོ་བར་ཁག་ཙམ་ཡོང་བ་འདུག གོ་བདེ་ཙམ་དང་། བརྗོད་པ་ཐུང་ཙམ། ལས་སླ་ཙམ་འབྲི་རོགས་ཞེས་བསྐྱར་དུ་འབོད་བསྐུལ་ཞུ་གི་ཡོད། ཤོག་གྲངས་དེ་རང་ནང་། རྒྱུ་ཆ་མི་ཉུང་བ་ཡོད། ཅེས་བྲིས་འདུག རྩ་བའི་དེང་སྐབས། མང་པོའི་ལྡོག་ཕྱོགས་ཉུང་ཉུང་ཞེས་པའི་ཚབ་ལ་མི་ཉུང་བ་ཞེས་འབྲི་མཁན་གང་ཙམ་ཡོང་གི་འདུག ནོར་པ་རེད་ཅེས་ཞུ་གི་མེད། ཡིན་ནའང་། སློབ་དེབ་དེའི་ཆེད་དུ་བྱ་བའི་གདུལ་བྱ་བྱང་ཨ་རིའི་བོད་ཕྲུག་ཚོ་ཡིན་སྟབས་ཁོང་ཚོས་གོ་བདེ་བ་དང་། སྦྱོང་སླ་བའི་ཚིག་འབྲི་རོགས།

ཤོག་གྲངས་ ༨༧ ནང་། ཐོག་བརྩེགས་གཉིས་པ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཕྱག་འཚལ་ཁང་ཡིན། ཞེས་བྲིས་འདུག ཏཱ་ལའི་བླ་མ། ཞེས་པའི་དབུར་ ༧ རྟགས་དེ་བྲིས་མི་འདུག དེ་ནི་དགོས་སར་ཆད་པ། ཟེར་པ་དེ་རེད། གཉིས་ནས། བོད་པས་རྩོམ་སྒྲིག་བྱས་པ་དང་། བོད་ཕྲུག་ཚོས་སྦྱོང་རྒྱུའི་སློབ་དེབ། རང་དབང་ལུང་པར་འདོན་སྤེལ་བྱས་པ་གཅིག་གི་ནང་ལ། ༧གོང་ས་མཆོག ༧རྒྱལ་བ་རིན་པོ་ཆེ། སོགས་མ་བྲིས་པར་། ཐད་ཀར་། ཆེ་རྟགས་ ༧ ཙམ་ཡང་མེད་པར་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན། ཞེས་བྲིས་པ་དེ་བདེ་པོ་རྩ་བ་ཉིད་ནས་མ་མཇལ། དགོངས་དཔྱད་གནང་རོགས། དེ་ནས་ཤོག་གྲངས་དེ་རང་གི་ནང་ལ། སློབ་དཔོན་པད་འབྱུང་། ཞེས་བྲིས་འདུག དེ་ཡང་དགོས་སར་ཆད་པ་དང་། བོད་ལ་བཀའ་དྲིན་ཆེ་བའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་མཚན་ལ་ལག་རྩེད་དང་། སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས་ལ་གུས་བརྩི་མེད་པའི་རྣམ་འགྱུར་ལ་མཐོང་། སློབ་དཔོན་གུ་རུ་རིན་པོ་ཆེ་ལོས་ཡིན། སྤྱིར་བཏང་གི་མི་པདྨ་འབྱུང་གནས་ཟེར་མཁན་གཅིག་ལ། པད་འབྱུང་། ལབ་ཀྱི་རེད་དམ། ལབ་ཕོད་ཀྱི་རེད་དམ། ལབ་ན་ཉན་གྱི་རེད་དམ། རྩོམ་སྒྲིག་པ་ལྷན་རྒྱས་དགོངས་དཔྱད་གནང་རོགས། གཅིག་བྱས་ན། མཁས་པ་ཐུགས་མཉམ་པར་མ་གཞག་པའི་སྐྱོན་ཡིན་ངེས། དེ་ནས་ཤོག་གྲངས་དེ་རང་ནང་ལ། འཇམ་དཔལ་དབྱངས་སོགས་ཀྱི་སྐུ་རྟེན་ཆེ་ཆུང་སྣ་ཚོགས་ཡོད་ལ། དེ་མིན་རྒྱལ་ཆེན་རིགས་བཞི་བཅས་བཞུགས། ཅེས་བྲིས་འདུག དང་པོ་འཇམ་དཔལ་དབྱངས་སོགས་ཀྱི་སྐུ་རྟེན། ཞེས་སོགས་སྒྲའི་ནང་ལ་རྒྱལ་ཆེན་རིགས་བཞི་ཚུད་མ་ཐུབ་པ་རེད་དམ། དེ་ནས། གོང་ལ་སྐུ་རྟེན་བྲིས་པ་དང་། རྒྱལ་ཆེན་རིགས་བཞིའི་སྐུ་རྟེན་ནམ། ལྡེབ་རིས་གང་ཡིན་བཞུགས་པ་མ་བྲིས་པར། རྒྱལ་ཆེན་རིགས་བཞི་བཅས་བཞུགས། ཞེས་པས་རྒྱལ་ཆེན་རིགས་བཞི་དངོས་སུ་བཞུགས་པར་གོ་བ་ལོགས་པ་སྟེར་ཉེན་འདུག རྒྱལ་ཆེན་རིགས་བཞིའི་སྐུ་རྟེན། དང་། ཡང་ན། ལྡེབ་རིས་གང་ཡིན་གསལ་ཁ་བཏོན་ནས་འབྲི་དགོས་ཀྱི་འདུག

ཤོག་གྲངས་ ༨༨ ནང་། ཕོ་བྲང་ཡུམ་བུ་བླ་སྒང་རྒྱལ་པོ་སུ་བཞེངས་སམ། ཞེས་བྲིས་འདུག སུ་དང་། སུས་ (སུ་ཡིས་) ཞེས་པ་ཁྱད་པར་ཡོད་པས་ཕྲད་ཏག་ཏག་སློབ་དེབ་དང་། དམིགས་བསལ་དྲི་བའི་ནང་ལ་འབྲི་རོགས། ཤོག་གྲངས་དེ་རང་ནང་། བོད་ཀྱི་རྒྱལ་པོ་གང་བར་དུ་ཕོ་བྲང་ཡུམ་བུ་བླ་སྒང་ལ་བཞུགས་སམ། ཞེས་བྲིས་འདུག དྲི་བ་དེ་རིགས་གོ་བདེ་པོ་འདུག་གམ། གང་། སྤྱི་སྒྲ་ཡིན་ནའང་། གང་ཟག་ལ། སུ། སྦྱར་ན་གོ་བདེ་བ་ཡོད། དེ་ནས་ཤོག་གྲངས་དེ་རང་གི་ནང་ལ། ཁ། སློབ་ཚན་ཡང་ཡང་བཀླགས་ཏེ་རེའུ་མིག་སྐོངས། ཞེས་བྲིས་འདུག རེའུ་མིག་ནང་ལ། ཆགས་ཡུལ། དུས་ཚོད། ཕྱིའི་བཀོད་པ། ཞེས་སོགས་ལས་མི་འདུག ག་རེ་ཆགས་ཡུལ། དུས་ཚོད། སོགས་ག་རེ་སྐོར་ཡིན་པ་དྲི་བའི་ནང་ལ་མི་འདུག དེ་ལས་དྲི་བ་ཁ་གསལ་པོ་འབྲི་རོགས། དཔེར་ན། ཡུམ་བུ་བླ་སྒང་ཆགས་ཡུལ། ག་དུས་བཞེངས་པ། སོགས་འབྲི་ན་ཡུམ་བུ་བླ་སྒང་གི་སྐོར་ཡིན་པ་དྲི་བའི་ནང་ནས་གོ་ཐུབ། ཤོག་གྲངས་དེ་རང་ནང་། ག པར་གང་རུང་གཅིག་གི་ངོ་སྤྲོད་དམ་ལོ་རྒྱུས་མདོར་བསྡུས་ཤིག་བྲིས། ཞེས་བྲིས་འདུག པར་ནང་ལ། པོ་ཏཱ་ལ། པེ་རི་སིའི་ལྕགས་སྡོང་(Eifel Tower)། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་། བཅས་རེད་འདུག དྲི་བ། སློབ་ཚན། ཡུམ་བུ་བླ་སྒང་། འབྲེལ་བ་ག་རེ་འདུག་གམ། དྲི་བ་འདྲི་སྟངས་དེ་རིགས་ལ། གདན་སའི་དགེ་འདུན་པ་ཚོས། འབྲེལ་མེད་དོན་གཞན། ལབ་ཀྱི་འདུག་ལ། ནུབ་ཕྱོགས་སུ་ Non sequitur ཞེས་སོགས་ལབ་ཀྱི་མེད་དམ།

ཤོག་གྲངས་ ༨༩ ནང་། སློབ་ཚན་ ༢༠ པ། བདེན་པ་བཞིའི་ངོ་སྤྲོད། ཅེས་བྲིས་འདུག ཧ་ལས་པའི་ཡག་པོ་བྲིས་འདུག གྲངས་འདྲེན་ཧ་ཅང་མང་པོ་བྲིས་འདུག སློབ་ཚན་དེ་ཀློག་སྐབས་དེ་སྔ་ཕྲན་གཞི་རིམ་སློབ་གྲྭར་ཡོད་དུས་ལེགས་བཤད་བློ་གསར་མིག་འབྱེད། སྦྱོང་སྐབས་དགེ་རྒན་གྱིས། ནག་པང་ཐོག་ལ། འཕགས་ལམ་ཡན་ལག་བརྒྱད། མཛད་པ་བཅུ་གཉིས། ཟེར་པ་སོགས་གྲངས་འདྲེན་བྲིས་པ་དང་། དེ་བཤུས་ནས་བློ་འཛིན་བྱས། དེ་ཡིག་ཚད་སྐབས་སུ་བྲིས། དེ་ནས་དྲན་པ་བརྗེད། གནས་སྟངས་དེ་རིགས་ལ་བརྟེན་ནས་གཞི་རིམ་འཛིན་གྲྭ་བཅུ་གཉིས་ཐོན་མཁན་མང་ཆེ་བས་བོད་ཡིག་ཐོག་འཕྲིན་ཡིག་དང་སྙན་ཞུ་ཆ་ཚང་བ་གཅིག་འབྲི་མི་ཤེས་པ་དང་། མཐའ་ན། བོད་ཡིག་ནང་ལ་རང་ཉིད་ཀྱི་ངོ་སྤྲོད་ཤོག་ངོས་གཅིག་འབྲི་རྒྱུར་དཀའ་ངལ་ཡོད་པའི་གནས་སྟངས་ཆགས་པ་རེད། དུས་ད་ལྟ་ཡིན་ནའང་། སྐད་ཡིག་སློབ་དེབ་ནང་ལ་སློབ་ཚན་དེ་འདྲ་རང་བཞག་པ་དེས་བོད་ཕྲུག་ཚོའི་བོད་ཀྱི་སྐད་ཡིག་ཡར་རྒྱས་སམ། འབྲི་ཀློག་གི་རྩལ་ཇི་ཙམ་ཡར་རྒྱས་འགྲོ་ཐུབ་པ་འདུག་གམ། ཐུགས་རྗེས་གཟིགས། སྐད་ཡིག་གི་སློབ་དེབ་ཡིན་ན། འབྲི་ཀློག་ཉན་བཤད་ཀྱི་རྩལ་ཡར་རྒྱས་འགྲོ་རྒྱུར་ཕན་པའི་སློབ་དེབ་གཅིག་ངེས་པར་བཟོ་རོགས། དེ་མིན་ཆོས་འབྱུང་དང་། ལོ་རྒྱུས་སློབ་དེབ་ཡིན་ན་དེ་གང་བདེར་གནང་རོགས། ད་མང་པོ་མི་བཤད། ཤོག་གྲངས་ ༩༡ ནང་། ནང་པ་སངས་རྒྱས་པའི་ཆོས་ཀྱི་རྩ་བ་གང་ཡིན་ནམ། ཞེས་བྲིས་འདུག དྲི་བ་དེ་རིགས་ནི་བྱང་ཨ་རིའི་བོད་ཕྲུག་ཙམ་མིན་པར་། གདན་ས་གྲྭ་ཚང་ཁག་ལ་མི་ཚེ་དཔེ་ཆ་གཟིགས་མཁན་ཚོས་ཀྱང་བཀའ་ལན་སྐྱོན་ཁག་པོ་རེད། དེ་བཞིན། ལམ་ལྔ་གང་དང་གང་ཡིན་ནམ། ཞེས་དྲི་བ་འདྲི་སྟངས་དེ་རང་ནས། ལམ་ལྔའི་གྲངས་འདྲེན་ངག་སྐྱོར་བཏང་ནས་འབྲི་རུ་འཇུག་རྒྱུ་ཙམ་རེད། ལམ་ལྔ་ཤེས་ཟེར་ན་ལམ་ལྔའི་མིང་དང་། གྲངས་འདྲེན། གོ་དོན་ཤེས་པ་ཙམ་ལ་འཇོག་རྒྱུ་མིན་པར་། རྒྱུད་ཐོག་ལ་སྦྱར་ནས་མྱོང་བ་ཐོན་པ་བྱུང་ན་ལམ་ལྔ་ཤེས་ཟེར་པ་ནང་ཆོས་ནི་སེམས་འདུལ་བའི་ཐབས་ཁོ་ན་ཡིན་པ་ལས་ཤེས་ཐུབ། འོ་ན། ལམ་ལྔ་སློབ་ཁྲིད་བྱེད་ཐུབ་མཁན་གཟའ་མཇུག་སློོབ་གྲྭའི་དགེ་རྒན་ག་ཚོད་ཡོད་དམ། སློབ་ཕྲུག་ཚོས་དང་པོ་བོད་སྐད་བོད་ཡིག་ཡག་པོ་མ་ཤེས་པར་ལམ་ལྔ་སློབ་འཁྲིད་བྱེད་ཟེར་པ་ཡིན་ན་སྐས་འཛེགས་ལ་མ་བརྟེན་པར་ཐོག་ཁར་སླེབས་དགོས་ཟེར་པ་ཅི་ལ་མིན། སློབ་ཚན་དེ་སྦྱངས་ནས་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་ཡར་རྒྱས་ཇི་ཙམ་འགྲོ་ཐུབ་བམ། རྩོམ་སྒྲིག་པ་ལྷན་རྒྱས་ཀྱིས། སློབ་ཚན་དེ་བཀོད་སྒྲིག་མ་གནང་སྔོན་དང་། གནང་སྐབས། དམིགས་ཡུལ་གཙོ་བོ་སློབ་ཚན་གྱི་ནང་དོན་བདེན་པ་བཞིའི་ངོ་སྤྲོད་ཤེས་རྒྱུ་དེ་ཡིན་ནམ། སློབ་ཚན་དེ་བརྒྱུད་ནས་སློབ་ཕྲུག་གི་སྐད་ཡིག་རྩལ་བཞི་གང་རུང་ཡར་རྒྱས་འགྲོ་རྒྱུར་དམིགས་ཡོད་དམ། ང་དང་ང་ལྟ་བུ་གཞི་རིམ་སློབ་གྲྭར་བོད་ཡིག་སྦྱོང་མཁན་མང་པོས་བོད་ཀྱི་སྐད་ཡིག་ཡར་རྒྱས་མ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་བོད་ཡིག་དགེ་རྒན་རྣམ་པས་སློབ་ཚན་ནང་དོན་གཙོ་བོར་འཁྲིད་པ་ལས་སློབ་ཚན་དེ་བརྒྱུད་ནས་སློབ་ཕྲུག་གི་སྐད་ཡིག་ཡར་རྒྱས་གཏོང་ཐབས་གནང་མེད་པར་བརྟེན་ནས་བྱུང་བ་དེ་རེད། ནོར་འཁྲུལ་ངོས་ལེན་དང་། སྐྱོན་ཡོ་བསྲང་བྱེད་དགོས། ནོར་འཁྲུལ་ངོས་ལེན་བྱས་ཟེར་ན། སྔར་གྱི་ནོར་འཁྲུལ་བསྐྱར་དུ་སློབ་དེབ་ནང་ལ་སློབ་ཚན་བཀོད་སྒྲིག་སྐབས་སུ་བཟོ་རྒྱུ་མེད་ལ། དགེ་རྒན་གྱིས་སློབ་ཁྲིད་གནང་སྐབས་སུ་ཡང་སྐད་ཡིག་གི་རྩལ་ཡར་རྒྱས་འགྲོ་རྒྱུ་དམིགས་ཡུལ་གཙོ་བོར་བཟུང་ནས་སློབ་ཚན་དེ་བེད་སྤྱོད་གཏོང་དགོས། ཕྲན་གྱིས་དེ་སྔ་འཕྲིན་ཡིག་ནང་ལ་ལན་གཅིག་བྲིས་ཚར་པ་ཡིན། ང་ཚོས་བདེན་པ་བཞི་དང་། ལས་འབྲས། སྐྱབས་འགྲོ། སོགས་སློབ་ཕྲུག་ལ་སློབ་རྒྱུ་གལ་ཆེན་ཡིན་ནའང་། སློབ་སྟངས་ཐོག་ལ་བསྒྱུར་བཅོས་གཏོང་དགོས་ཀྱི་འདུག དེ་ཡང་། གང་ལ་གང་འོས་དེ་ལ་དེ་སྟོན་པ། ཞེས་པ་ལྟར། སློབ་ཕྲུག་གི་ཁམས་དང་མོས་པར་འཚམས་པ་དང་རན་པའི་ཐོག་ནས་སློབ་ཚན་བཀོད་སྒྲིག་བྱ་དགོས་པ་གལ་ཆེན་པོ་རེད་འདུག ཕྲན་གྱིས་དེ་སྔ་བརྗོད་ཟིན་པ་ལྟར། ང་ཡི་ཤུའི་ཆོས་ཚོགས་ཆེན་པོ་གཅིག་གི་དཔེ་མཛོད་ཁང་ལ་ལས་ཀ་བྱས་མྱོང་། དཔེ་མཛོད་དེའི་ནང་ལ་ལོ་ཚད་དང་བསྟུན་ནས་སྒྲུང་དང་། གཏམ་བཤད། གཏམ་བརྗོད་སོགས་འདྲ་མིན་ཐོག་ནས་ཡི་ཤུའི་གསུང་རབ་ངོ་སྤྲོད་བྱས་པའི་དེབ་དང་། རི་མོ། སྒྲུང་དེབ། དེབ་རིགས་སྣ་ཚོགས་འདུག ད་ལྟ་ང་ཚོས་བདེན་པ་བཞི་ངོ་སྤྲོད། ཞེས་པའི་སློབ་ཚན་ནང་ལ་བཀོད་སྒྲིག་བྱས་པ་ལྟ་བུ་བྲིས་མི་འདུག ཚང་མ་ལོ་ཚད་ལ་གཞིགས་ནས་ཚིག་དོན་གོ་བདེ་བ་དང་། སྒྲུང་དང་རི་མོའི་ལམ་ནས་འགྲེལ་བརྗོད་བྱེད་ཀྱི་འདུག རྩོམ་སྒྲིག་པ་ལྷན་རྒྱས་དགོངས་པ་བཞེས་དང་། བདེན་པ་བཞི། སློབ་ཚན་གཅིག་གི་ནང་ལ་བཅུག་ནས་བཀོད་སྒྲིག་བྱས་པ་དེ་རན་མཚམས་རེད་དམ། རྩོམ་སྒྲིག་པ་ལྷན་རྒྱས་ཀྱིས་བདེན་པ་བཞི་སློབ་ཚན་གཅིག་དང་། ཆུ་ཚོད་གསུམ་བཞི། བདུན་ཕྲག་གསུམ་བཞིའི་ནང་ལ་སྦྱོང་ཐུབ་པ་འདུག་གམ། གཅིག་བྱས་ན། ངས་ནོར་ཡོད་སྲིད། འགྲིག་མི་འདུག་ཟེར་རྒྱུ་མི་འདུག་ཅེས་དྲན་སྲིད་ཀྱང་། ལྷག་བསམ་རྣམ་དག་གིས་བསམ་ཚུལ་བརྗོད་པ་ཡིན། དེ་ཡང་། སྐྱོན་སོ་སོས་བརྗོད། བསྟོད་པ་གཞན་ལ་གཏོང་དུ་འཇུག ཅེས་པའི་བཀའ་སློབ་སེམས་ལ་དྲན་ནས་ང་ཚོ་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཆེད་དུ་ལས་ཀ་བྱེད་མཁན་གཅིག་པ་ཡིན་དྲན་ནས་ནང་ཁུལ་སོ་སོའི་སྐྱོན་སོ་སོས་བརྗོད་ཁུལ་ལས། རྩོམ་སྒྲིག་པ་ལྷན་རྒྱས་ང་ཚོ་ལས་ལོགས་སུ་གཞན་གཅིག་ལ་ངོས་འཛིན་བྱས་ནས་བརྗོད་མེད། ཨིན་སྐད་དུ་བརྗོད་སྲོལ་ཡོངས་གྲགས་ཅན་གཅིག་ཡོད་པ་ལྟར། ང་ཚོ་ཚང་མ་གྲུ་གཅིག་གི་ནང་ལ་ཡོད་པའི་འགྲུལ་པ་རེད། དེ་བས་གསན་འཇོག་མ་ནོར་བ་གནང་རོགས།

ཤོག་གྲངས་ ༩༣ ནང་། འདུས་པ་ ཞེས་འདས་པའི་ཚབ་ལ། འདུས་པ་ཞེས་ཞབས་ཀྱུ་འཕར་མ་བྲིས་ནོར་བྱུང་འདུག དང་། སྒྲ་སྦྱོར་སྟངས་ཐད་བོད་ཡིག་དང་ཨིན་ཡིག་གཉིས་མི་འདྲ་བའི་ཁྱད་པར་ཡོད། དཔེར་ན། མེ་ཏོག་དང་། ཁང་པ། ཀུ་ཤུ་བཅས། ཨིན་ཡིག་ནང་། Flower, house, and apple ཞེས་འབྲི་སྟངས་མི་འདྲ་བ་ཁྱད་པར་ཡོད་དྲན། ཡིན་ནའང་། ཤོག་གྲངས་ ༩༤ ནང་། སློབ་ཕྲུག་བུ་དང་། བུ་མོ་དང་། དགེ་རྒན་དང་བཅས་པ་ ཞེས་བྲིས་འདུག དེ་ལ། སློབ་ཕྲུག་བུ་དང་། བུ་མོ། དགེ་རྒན་བཅས་པ། བྲིས་ཚེ་གོ་བདེ་བ་ཡོད། ཚང་མར་དང་སྒྲར་སྦྱོར་དགོས་པ་ཨེ་ཡོད། དམིགས་བསལ། དགེ་རྒན་དང་བཅས་པ། ཞེས་དང་སྒྲ་བཅས་ཀྱི་སྔོན་ལ་སྦྱར་ནས་དམིགས་བསལ་གོ་བ་གང་སྟེར་གྱི་ཡོད་དམ། དེ་ནས་སློབ་ཕྲུག་ལ་ཚིག་གསར་སློབ་ཁྲིད་བྱེད་རྒྱུ་གལ་ཆེན་པོ་རེད། ཡིན་ནའང་། ཤོག་གྲངས་དེ་རང་ནང་། ང་ཚོ་ལམ་ལ་ཆས་ཤིང་། ཞེས་བྲིས་འདུག ཆས། ཞེས་པ་སློབ་ཕྲུག་ཚོས་གོ་ཐུབ་པ་གཅིག་འགྲེལ་བརྗོད་སྒུག་རྟགས་ནང་ལ་འཇུག་ཐུབ་པ་ཡིན་ན་ཕན་ཐོགས་ཆེ་བར་མཐོང་། དེ་ནས་ཤོག་གྲངས་དེ་རང་ནང་། ང་ཚོ་རི་འགོར་འབྱོར་བ་དང་ཆབས་ཅིག་ཁ་ཅིག་གིས་ཟ་མ་བཟོ་བའི་ཐབ་ཆས་བསྒྲིགས་པ་དང་། ཞེས་བྲིས་འདུག གོང་གི་ཚིག་སྒྲུབ་བམ། བརྗོད་པ་དེའི་ནང་། ཆབས་ཅིག་ཞེས་པ་བྲིས་ནས་དམིགས་བསལ་གོ་བ་ག་རེ་སྟོན་ཐུབ་ཀྱི་འདུག་གམ། ཆབས་ཅིག་ཞེས་པ་ངེས་པར་དུ་འབྲི་དགོས་ཀྱི་འདུག་གམ། ཆབས་ཅིག་ཞེས་པ་མེད་པར། ང་ཚོ་རི་འགོར་འབྱོར་པ་དང་། ཞེས་མུ་མཐུད་ནས་བྲིས་ཚེ་གོ་བདེ་བ་མི་འདུག་གམ། ཨིན་ཡིག་རྩོམ་པ་པོ་མང་པོས། simple གོ་སླ་པོ་དང་། ཚིག་སྒྲུབ་ཐུང་ཐུང་འབྲི་དགོས་པ་ཡང་ཡང་བརྗོད་ཀྱི་ཡོད། ངས་དཔེ་མཚོན་གསལ་པོ་གཅིག་བརྗོད་ན། དེ་སྔ་བོད་ནང་གི་རྩོམ་པ་པོ་ལྗང་བུ་ལགས་ཀྱི་སྙན་ངག་གོ་ཐུབ་མཁན་དཀོན་པོ་ཡིན་པ་དང་། ཁོ་རང་གིས་ཀྱང་གོ་ཁག་པའི་སྙན་ངག་བྲིས་ཡོད། རྗེས་སུ་ཁོང་ཕ་རན་སིར་ཕེབས་རྗེས་ཁོང་གིས། དེ་སྔ་སྙན་ཚིག་མངོན་བརྗོད་སོགས་མང་པོས་བཅིངས་པ་གོ་ཁག་པོ་བྲིས་ཡོད་པ་དེ་ལས། གོ་སླ་བ་བྲིས་ཚེ་སྙན་ངག་གི་ཉམས་འགྱུར་མངོན་ཐུབ་པའི་དགེ་མཚན་འདུག དཔེར་ན། བུད་མེད་ལུས་པོ་ཡོངས་རྫོགས་གོས་ཆེན་དང་རྒྱན་ཆས་བཏུབས་པ་ལས། བུད་མེད་ནུབ་ཁེབས་དང་གསང་རས་ཙམ་གྱོན་པའི་བུད་མེད་གཉིས་ལས་ཕྱི་མར་བུད་མེད་ཀྱི་མཛེས་ཉམས་མངོན་ཆེ་བ་དང་། ཕོ་གསར་མང་པས་དོ་སྣང་བྱེད་པ་ལྟ་བུ། ཅེས་ཁོང་གིས་གསུངས་ཡོད། དེ་ནས་ཚིག་སྒྲུབ་དེ་རང་ནང་ལ། ཁ་ཅིག ཞེས་པའི་ཚིག་དེ་བེད་སྤྱོད་བྱས་འདུག གཅིག་བྱས་ན། རྩོམ་སྒྲིག་པའམ་སློབ་དེབ་འབྲི་མཁན་ཁོང་གྲྭ་ལོག དེང་སྐབས་མི་ཚོས་བརྗོད་སྟངས་ལེགས་པ་ཡིན་ཁུལ་གྱིས་གྲྭ་ཟུར་ཞེས་འབོད་པ་གཅིག་ཡིན་ནམ། དཔེ་ཆའི་ནང་ལ། ཁ་ཅིག ཞེས་པ་མང་པོ་ཡོད་པས་བྲིས་པ་མིན་ནམ། ཡིན་ནའང་། ཁ་ཅིག་ཞེས་པ་ནམ་རྒྱུན་བོད་པ་ཚོས་ཁ་སྐད་ནང་ལ་བེད་སྤྱོད་གཏོང་མཁན་ཧ་ལམ་དཀོན་པོ་རེད། ཤོག་གྲངས་དེ་རང་ནང་། ང་གྲོགས་མོ་དང་འགྲོགས་ནས་ས་མཐོ་ཞིག་ཏུ་བསྡད་ནས་ཡུལ་ལྗོངས་ལ་ལྟད་མོ་བལྟས་ནས་བསྡད་པ་ཡིན། ཞེས་ཚིག་སྒྲུབ་གཅིག་གི་ནང་ལ། འགྲོགས་ནས། བསྡད་ནས། བལྟས་ནས། ཞེས་ནས་གསུམ་བསྟུད་མར་བྲིས་འདུག ཤོག་གྲངངས་ ༩༥ ནང་། ཞེས་འདི། ཞེས་བྲིས་འདུག ཞེས་པ་འདི། པ་ཆད་པ་འདྲ།
དེ་ཡན་ཕྲན་གྱིས་ད་བར་འཕྲིན་ཡིག་དྲུག་གི་ལམ་ནས་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་གནང་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་འཛིན་གྲྭ་བདུན་པའི་སློབ་དེབ་ཐོག་ལ་བསམ་ཚུལ་ཕུལ་ཡོད། དེ་ཡང་བྱང་ཨ་རིའི་སྐུ་ཚབ་དོན་ཁང་ནས་བསམ་ཚུལ་བརྗོད་དགོས་པའི་བཀའ་ཡིག་གཟའ་མཇུག་སློབ་གྲྭ་ཁག་ལ་གནང་བ་ལྟར་ཕུལ་པ་ལས། རང་འདོད་ཀྱིས་ཕུལ་པ་དང་། སྐྱོན་བརྗོད་རིགས་རྩ་བ་ནས་མིན་པ་དགོངས་བཞེས་གནང་རོགས། རྗེས་སུ་དུས་ཁོམས་བྱུང་ན། འཛིན་གྲྭ་བརྒྱད་པའི་སློབ་དེབ་ཐོག་ལ་ཡང་བསམ་ཚུལ་ཞུ་དགོས་མཐོང་ན་མུ་མཐུད་གཞན་ཕན་ཁོ་ནར་དམིགས་ནས་ལྷག་བསམ་རྣམ་དག་གིས་ཞུ་རྩིས་ཡོད་པས་རྒྱ་ཆེའི་ཀློག་པ་པོ་དང་། ཤེས་རིག་རྩོམ་སྒྲིག་པ་ལྷན་རྒྱས་ཀྱིས་གཟིགས་གནང་ཡོང་བ་ཞུ། ཐུགས་རྗེ་ཆེ། །

མུ་མཐུད་འགོད་རྒྱུ།

གསལ་བཤད།, ངོ་སྤྲོད།, བསམ་ཚུལ།

Post navigation

Previous Post: བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་གསར་བཟོའི་ཆེད་བཀའ་སྤྱི་གཉིས་ལས་སྒྲུབ་པའི་ཚོགས་ཆུང་བཙུགས་པའི་སྐོར་ལ་དཔྱད་པའི་གཏམ།
Next Post: ༈ གཞིས་ལུས་ཀྱི་སེམས་ཤུག་ལ་བློ་སྤོབ། ང་བདེན་གདའ་སྙམ།

Comment (1) on “ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། དྲུག་པ།”

  1. གཞུང་པ་ཚེ་དབང་བསོད་ནམས། says:
    2025-07-31 at 9:01 am

    དཔྱད་རྩོམ་ཆ་ཚང་འཇུག་སྒྲིལ་བ་དང་ཤེས་རིག་ལྷན་ཁང་གི་རྩོམ་སྒྲིག་གནང་བའི་སློབ་དེབ་ཁག་མཇལ་མཚམས་རང་ཉིད་ལ་བསམ་ཚུལ་དང་མཐོང་ཚུལ་གང་བྱུང་བ་རྣམས་བཀོད་ཆོག་པ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme