Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། ལྔ་པ།

Posted on 2025-07-172025-07-17 By ཁ་བརྡ་ 1 Comment on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། ལྔ་པ།

བསྟན་འཛིན་གྲགས་པ།  (ཨ་རི།)

བོད་ཀྱི་བརྡ་སྤྲོད་ཀྱི་རྩ་བའམ་མ་ཕྱི་དབྱངས་ཅན་གྲུབ་པས་རྡོ་རྗེས་གོ་བདེ་བར་མཛད་པ་ལེགས་བཤད་ལྗོན་དབང་གི་མཇུག་ལ། ཚིག་གི་ལོ་མས་མ་སྒྲིབ་ཅིང་། ཞེས་སོགས་གསུངས་ཡོད་པ་ལྟར། ཕྲན་གྱིས་ཉག་ཉོག་ཞོར་ཤས་མང་པོ་བསྐྱུར་ནས་ཐད་ཀར་འབྲི་ཐབས་བྱ་ཡི་ཡིན། བོད་ཀྱི་སྐད་ཡིག་རིག་གཞུང་སློབ་གྲྭའི་འཛིན་གྲྭ་བདུན་པའི་སློབ་དེབ་ཤོག་གྲངས་ ༦༤ ནང་། སློབ་ཚན་ ༡༦ པ། དག་ཡིག རེད་འདུག དག་ཆ་ཞེས་པ་གལ་ཆེན་པོ་རེད། དག་ཆ་ཡག་པོ་མ་བྲིས་ན་གོ་ནོར་དང་། བརྡ་སྟོན་ལོག་པ་བྱེད་ཀྱི་རེད། དཔེར་ན། དེ་སྔ་བོད་ཀྱི་གཏམ་བརྗོད་གཅིག་གི་ནང་། ཆོག་དང་། མཆོག གཉིས་འབྲི་སྟངས་ནོར་ནས། ལམ་ཟུར་ལ་གཅིན་པ་གཏོང་མཁན་རྣམས་མཆོག་ཏུ་འགྱུར་པ་རེད་ཅེས། ཆོག་གི་ཚབ་ལ་མཆོག་བྲིས་པར་བརྟེན་ནས་གོ་ནོར་གྱི་དགོད་བྲོའི་གཏམ་བརྗོད་ཁྲབ་ཡོད། ཡིན་ནའང་། ད་ལྟ་སློབ་ཚན་ནང་ལ་བཅུག་པའི་དག་ཡིག་ཚིགས་བཅད་ནང་ལ་བྲིས་པ་དང་། ངག་སྐྱོར་བཏང་པ་དེ་རིགས་ད་ལྟ་དུས་འདིར་རན་འཚམས་ཡིན་ནམ། དམིགས་བསལ། ཨ་རིའི་ནང་ལ་སྐྱེས་འཚར་བྱུང་བའི་བོད་ཕྲུག་ཚོས་དག་ཡིག་ཚིགས་བཅད་ཐོག་ལ་བྲིས་པ་ཀློག་པ་དང་། ངག་སྐྱོར་བཏང་ནས་དག་ཆ་སྦྱོང་བ་ཡིན་ན་འོས་པོ་དང་འཚམས་པོ་ཡོད་དམ་ཟེར་ན། ངས་བལྟས་འོས་འཚམས་མ་མཐོང་། ད་དུང་། ཤོག་གྲངས་དེའི་ནང་ལ་བྲིས་པའི་ཚིག་ཁ་ཤས་གོ་ཁག་པོ་དང་། ཨ་རིའི་ནང་ལ་བེད་སྤྱོད་གཏོང་རྒྱུ་དཀོན་ཙམ་རེད་འདུག དཔེར་ན། མཆོག་དཀར་གཞུ་ནི་ག་གཞུ་ལ། ཞེས་པ་དང་། ཤོག་གྲངས་ ༦༦ ནང་། བྱད་ཀྱི་སྣ་ནི་ས་སྣ་ལ། ཞེས་པ། སོགས་གོ་ཁག་ལ། ཚིག་དེ་སློབ་ཕྲུག་ཚོས་བེད་སྤྱོད་ཇི་ཙམ་གཏོང་ཐུབ་བམ། དམིགས་བསལ་ཤོག་གྲངས་ ༦༦ ནང་། སྡོད་སའི་གྲལ་ནི་ག་གྲལ་ལ། །ཞེས་བྲིས་པ་དང་། ཤོག་གྲངས་ ༦༧ ནང་། ཚང་མས་བྲལ་བསྒྲིགས། ཞེས་སྦྱོང་ཚན་ནང་ལ་བྲིས་འདུག རྩོམ་སྒྲིག་པ་ལྷན་རྒྱས་ཀྱི་ནོར་འཁྲུལ་ཡིན་གྱི་མ་རེད། མཛུབ་སྣོན་གྱི་ནོར་འཁྲུལ་ Typing mistake ཡིན་གྱི་རེད། དེ་ནས་ཤོག་གྲངས་ ༦༧ ནང་། ཆུ་ཡི་རྦ་ནི་ར་རྦ་ལ། ཞེས་བྲིས་པའི་ཚབ་ལ། རྦ་རླབས། ཞེས་བྲིས་ཚེ་སློབ་ཕྲུག་ཚོས་ཤེས་སླ་བ་དང་། ཚིག་མཐོང་བ་དང་ལམ་སེང་ཆུའི་རྦ་རླབས་སེམས་ལ་འཆར་ཐུབ་པ་ཡོང་བ་འདུག

ཕྲན་ཆུང་གིས་ལག་གཉིས་ཐལ་མོ་སྦྱར་ནས་ཤེས་རིག་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་ལ་ཞུ་རྒྱུར་། དུས་དང་བསྟུན་ནས། དག་ཆ་ཡག་པོ་ཤེས་ཆེད། དག་ཡིག་སློབ་པ་ལས། ཚིག་མཛོད་བལྟ་སྟངས་སློབ་དེབ་ནང་ལ་འཇུག་ཐུབ་པ་ཡིན་ན་ཕན་ཐོགས་ཆེ་བ་ཡོང་བ་འདུག དེ་ནི་ཕྲན་གྱི་སློབ་ཁྲིད་ཉམས་མྱོང་ཐོག་ནས་བརྗོད་ཀྱི་ཡོད། ཕྲན་གྱིས་སློབ་ཕྲུག་ཚོར་ལག་ཐོག་ཁ་པར་ (ཤེས་རིག་བརྡ་ཆད་གཏན་འབེབས་གཞིར་བཟུར་བྱས་ན་སེལ་ཕོན་ Cell Phone) ནང་ལ་བོད་ཡིག་མཛུབ་སྣོན་དང་། སྨོན་ལམ་ཚིག་མཛོད། ཤེས་རིག་གི་ཚིག་མཛོད་བཅས་འཇུག་ཏུ་བཅུག་ནས་བོད་ཡིག་དག་ཆ་མ་ཤེས་པ་རྣམས་འཚོལ་སྟངས་བསླབ་པ་ཡིན། དེ་རྗེས་སློབ་ཕྲུག་ཚོས་དག་ཆ་མ་ཤེས་པ་རྣམས་ལམ་སེང་ཁ་པར་ནང་ལ་འཚོལ་ཞིབ་ཀྱིས་ནམ་རྒྱུན་བེད་སྤྱོད་ཆེ་བའི་ཚིག་གི་དག་ཆ་ཤེས་པ་ལ་ཕན་ཐོགས་ཆེན་པོ་བྱུང་། དེ་ནི་ཉམས་མྱོང་ཙམ་མིན། ལྷན་རྒྱས་ཀྱིས་དག་ཡིག་མུ་མཐུད་ནས་སློབ་དེབ་ནང་ལ་བཅུག་ནས་སློབ་ཕྲུག་གིས་ངག་སྐྱོར་བཏང་པ་དེ་ཕན་ཐོགས་ཆེ་བར་དགོངས་ན་ཐུགས་འདུན་བཞིན་བཅུག་གནང་རོགས།

ཤོག་གྲངས་ ༧༠ ནང་། སློབ་ཚན་ ༡༧ པ། དུས་ཆེན་ཁག ཞེས་པའི་ནང་། འཛམ་གླིང་སྤྱི་བསང་། ཞེས་བྲིས་འདུག ཨ་རིའི་ནང་ལ་སྐྱེས་འཚར་བྱུང་བའི་བོད་ཕྲུག་ཚོས། བོད་ཟླ་ ༥ པའི་ཚེས་ ༡༥ ལ་འཛམ་གླིང་ཚང་མས་བསང་གཏོང་གི་མེད་པ་ཤེས་ཀྱི་ཡོད་པས། ག་རེ་བྱས་ནས་འཛམ་གླིང་ལབ་པ་རེད་དམ། ཞེས་བྲིས་ན་དེའི་རྒྱུ་མཚན་སློབ་དེབ་ནང་ལ་གསལ་ཡོད་དམ། དགེ་རྒན་རྣམས་ལ་གསུང་རྒྱུ་ཡོད་དམ། ནམ་རྒྱུན་བོད་ཟླ་ ༡༢ ཚེས་ ༡༠ ལ། ༧གོང་ས་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་པ་རེད། ཅེས་དུས་ཆེན་སྲུང་བརྩི་བྱེད་བཞིན་ཡོད་པས། འཛམ་གླིང་དང་། འཛམ་གླིང་ཞེས་པ་ཕྲུ་གུའི་སེམས་ནང་ལ་དོགས་པ་རྣམ་རྟོགས་མང་པོ་འཆར་ངེས་རེད། སློབ་དེབ་ནང་ལ་འཛམ་གླིང་སྤྱི་བསང་ཞེས་པའི་མིང་ཐོགས་སྟངས་ཚིག་བརྗོད་གོ་བདེ་པོའི་ཐོག་ནས་འབྲི་གལ་མཐོང་། དེ་ནས་ཤོག་གྲངས་དེ་རང་ནང་ལ་ཚིག་སྒྲུབ་བམ། བརྗོད་པ་ཁག་ཨ་རིའི་སློབ་ཕྲུག་ཚོར་དམིགས་ནས་བྲིས་མེད་པར་སྔར་ཡོད་པ་ལེབ་བཤུས་ཁོ་ན་རེད་འདུག ངས་དེ་སྔ་ལན་མང་བྲིས་པ་ལྟར་ཚིག་སྒྲུབ་ཁག་གོ་ཁག་ལ། ཧ་ལས་པའི་རིང་པོ་འདུག དཔེར་ན། ལས་ལ་བསྐུལ་བས་དཔལ་བསམ་ཡས་གཙུག་ལག་ཁང་ལེགས་གྲུབ་ཟིན་པའི་གཏང་རག་ཏུ་ཧས་པོ་རིའི་རྩེེར་རྒྱགས་རྔན་ལྷ་བསང་གི་འདོན་ཆོས་བརྩམས་ཏེ་བསང་མཆོད་རྒྱ་ཆེར་གནང་བའི་དུས་ཚོད་དང་། མུ་ནེ་བཙན་པོས་ཆོས་འཁོར་གསུམ་(ལྷ་ས། ཁྲ་འབྲུག བསམ་ཡས།) ལ་སྡེ་སྣོད་གསུམ་གྱི་མཆོད་རྒྱུམ་བཙུགས་པའི་ཡ་གྱལ་ལྷ་ས་འདུལ་བའི་མཆོད་པ་ཞེས་གྲགས་པ་དེའི་ལམ་སྲོལ་འཛིན་པའི་རྗེས་དྲན་གྱི་ཟླ་བ་དེའི་ཡར་ངོའི་ཚེས་ཆ་གང་བཟང་ཞིག་ལ་གཞུང་ཕྱོགས་ཀྱིས་དབྱར་གསོལ་ཞེས་གནས་ཆུང་ཆོས་རྒྱལ་ཆེན་པོ་ཆེན་པོ་དང་། དགའ་གདོང་སོགས་གཞུང་བསྟེན་བསྟན་སྲུང་རྣམས་ལ་གཟབ་གསོལ་ལྷ་ཚེས་རྒྱས་གནང་སྲོལ་ཡོད། ཅེས་བྲིས་འདུག རྩོམ་སྒྲིག་པ་ལྷན་རྒྱས། གོང་ལ་ཕྲན་གྱིས་སློབ་དེབ་ནང་ལ་གང་ཡོད་པ་བཤུས་པ་དེར་ཚིག་སྒྲུབ་རིང་པོ་ག་ཚོད་མི་འདུག་གམ། ད་དུང་། ཚིག་དང་ཐ་སྙད་དེ་དག་བྱང་ཨ་རིའི་ནང་ལ་སྐྱེས་འཚར་བྱུང་བའི་བོད་ཕྲུག་ཚོས་གོ་ཐུབ་པ་གཅིག་བྲིས་འདུག་གམ། དཔེར་ན། གཏང་རག འདོན་ཆོས། བསང་མཆོད། སྡེ་སྣོད་གསུམ། མཆོད་རྒྱུན། ལྷ་ས་འདུལ་བའི་མཆོད་པ། ཞེས་ཚིག་གོ་དཀའ་བ་གཅིག་མཇུག་གཉིས་མཐུད་ཀྱིས་བྲིས་པ་མ་ཟད། ཚིག་སྒྲུབ་བཟོ་སྟངས་ཀྱང་། ཁག་པོ་བྲིས་འདུག དཔེར་ན། སྡེ་སྣོད་གསུམ་གྱི་མཆོད་རྒྱུན་བཙུགས་པའི་ཡ་གྱལ་ལྷ་ས་འདུལ་བའི་མཆོད་པ་ཞེས་གྲགས་པ་དེའི་ལམ་སྲོན་འཛིན་པའི་རྗེས་དྲན་གྱི་ཟླ་བ་དེའི་ཡར་ངོའི་ ་་་ ཞེས་ཨི་ལྡན་ཕྲད་ཚིག་སྒྲུབ་གཅིག་ནང་ལ་བང་སྒྲིག་ནས་གཅིག་མཇུག་གཉིས་མཐུད་ཀྱིས་བྲིས་པ་དེ་དག་བྲིས་པས་གང་འདྲ་ཡོང་བ་འདུག་གམ། མཁྱེན་ཡངས་རྩོམ་སྒྲིག་པ་ལྷན་རྒྱས་དགོངས་བཞེས་གནང་རོགས།

དེ་ནས་ངས་གསལ་པོ་ཞུ་དགོས་པ་གཅིག་ནི། དུས་ཆེན་དང་། དུས་དྲན་གཉིས་ཀྱི་བར་ཁྱད་དེ་རེད། ཤོག་གྲངས་ ༩༠ འགོ་བརྗོད་ལ། དུས་ཆེན་ཁག ཞེས་གསལ་པོ་བྲིས་པ་དང་། ཤོག་གྲངས་ ༧༡ ནང་། བུད་མེད་སྒེར་ལངས་ཉིན་མོ། ཞེས་བྲིས་འདུག བུད་མེད་སྒེར་ལངས་ཉིན་མོ། དུས་དྲན་རེད། དུས་ཆེན་ཨེ་ཡིན་ན།  ཨིན་སྐད་ནང་། Anniversary ལོ་འཁོར་དུས་དྲན། Festival དུས་ཆེན། ཞེས་མི་འདྲ་བའི་ཁྱད་པར་ཡོད་དྲན། ཤོག་གྲངས་ ༧༡ ནང་། རྒྱ་དམར་གྱིས་བཙན་གནོན་འོག་ནས་རང་དབང་སྒེར་ལངས་བྱས་པའི་ཉིན་མོ་ཞིག་ཡིན། ཞེས་བྲིས་འདུག བྱེད་སྒྲའི་ཕྲད། གྱིས། ཞེས་པ་རྒྱ་དམར་ལ་སྦྱར་བས། རང་དབང་སྒེར་ལངས་བྱེད་མཁན་རྒྱ་དམར་ཡིན་པ་ལྟ་བུའི་གོ་བ་སྟེར་བས་དགོངས་དཔྱད་གནང་རོགས། དེ་ནས་ཕྲན་གྱིས་དེ་སྔའི་འཕྲིན་ནང་ལ་ཞུས་ཟིན་པ་ལྟར། ཉིན་མོ་ཞིག་ཡིན། ཞེས་པའི་ཚབ་ལ། ཉིན་མོ་ཞིག་རེད། ཅེས་བྲིས་ཚེ་གོ་བདེ་ལ། བོད་སྐད་ཀྱི་ཚིག་སྦྱོར་དང་མཐན་ཤས་ཆེ་བ་མཐོང་། དེ་ཡང་དགོངས་དཔྱད་གནང་རོགས། དེ་ནས་ཤོག་གྲངས་ ༧༡ ནང་། རྒྱ་ནག་དམར་གཞུང་གིས་མ་བདག་བདག་བཟུང་གིས་བཙན་འཛུལ་གྱིས་ ་་་་ ཞེས་བྱེད་སྒྲའི་ཕྲད་ ༣ བསྟུད་མར་བྲིས་པ་དེ་རིགས་ཀློག་མི་བདེ་བས་མཁྱེད་ཡངས་རྩོམ་སྒྲིག་པ་ལྷན་རྒྱས་ཀྱིས་ཐུགས་གཞིགས་ཡོང་བ་ཞུ། དེ་ནས་ཞུ་འདོད་པ་གཅིག་ནི། སློབ་དེབ་དེ་སྦྱོང་མཁན་བོད་ཕྲུག་དང་། དེ་ཡང་ཕྱི་རྒྱལ་ལ་བོད་ཡིག་སྦྱོང་སའི་ཁོར་ཡུག་ཧ་ཅང་ཞན་པོ་གཅིག་གི་ནང་ལ་སྐྱེས་འཚར་བྱུང་བའི་བོད་ཕྲུག་ཚོ་རེད་། ཚིག་བརྗོད་དང་། ཐ་སྙད་གང་བྲིས་ཀྱང་སློབ་ཕྲུག་དེ་དག་ལ་ཐུགས་བསམ་བཞེད་ནས་འབྲི་རོགས། དཔེ་མཚོན་གཅིག་ཞུ་ན། སློབ་ཚན་དེའི་ནང་ལ། རྒྱ་ནག་དམར་གཞུང་། རྒྱ་དམར་གཞུང་། ཞེས་བྲིས་གནང་འདུག ཡིན་ནའང་། ནམ་རྒྱུན་ཡོངས་གྲགས་བེད་སྤྱོད་བྱེད་བཞིན་པའི། རྒྱ་ནག་གཞུང་། ཞེས་པ་བྲིས་མི་འདུག གསར་འགྱུར་དང་། རྒྱུན་དུ་བེད་སྤྱོད་ཤུགས་ཆེ་བ་བྱེད་པའི་ཚིག་རྒྱ་ནག་གཞུང་། ཞེས་པ་ལྟ་བུ་བྲིས་ན། སློབ་ཕྲུག་ཚོས་ཚིག་དེ་ཤེས་པ་དང་རྗེས་སུ་གསར་འགྱུར་དང་། བརྒྱུད་ལམ་གཞན་ནས་གནས་ཚུལ་མཐོང་ཐོོས་བྱུང་སྐབས་གོ་སླ་བའི་ཁྱད་པར་ཡོད་སྙམ།

ཤོག་གྲངས་ ༧༢ ནང་། སྔ་མོའི་ལོ་ཐོའི་ནང་དུའང་། དུས་ཚོད་ངན་པ་དགུ་འཛོམས་པས། ཁ་སྨྲས་གླེང་གཞིའི་ཟས་མི་ཟ། རྒྱལ་བའི་གསུང་མི་སྒྲོག ཅེས་འགོད་སྲོལ་ཡོད་པ་ལྟར་། ཞེས་བྲིས་འདུག ཕྲན་གྱིས་སྐར་རྩིས་པ་གཅིག་ལ་བཀའ་འདྲི་ཞུས་པ་ཡིན། ཁ་སྨྲས་གླེང་གཞིའི་ཟས་མི་ཟ། ཞེས་པ་གང་ལ་གོ་དགོས་སམ། ཞེས་པར་ཁོང་གིས་ལན་སྐྱོན་མ་བྱུང་། ངས་ཀྱང་ཡག་པོ་ཤེས་མ་སོང་། དེ་ནས་ངན་པ་དགུ་འཛོམས་ལ། དགའ་དགའ་སྐྱིད་སྐྱིད་ངང་ནས་བསྡད་དགོས་བྲིས་པ་དང་། ཡང་། རྒྱལ་བའི་གསུང་མི་སྒྲོག་ཅེས་དཔེ་ཆ་དང་དེབ་ཀློག་མི་ཆོག་པ་བྲིས་པ་དེ་རིགས་གང་འདྲ་ཡིན་ནམ། སློབ་དེབ་ནང་ལ་རྒྱུ་མཚན་དང་འགྲེལ་བརྗོད་ཁ་གསལ་པོ་ཡོད་པ་རྣམས་ལས་གང་བྱུང་བྱུང་དེ་འདྲ་མ་འབྲི་རོགས། ད་ལྟ་ཨ་རིའི་ནང་ལ་སྐྱེས་འཚར་བྱུང་བའི་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་ཤེས་ཚད་མཐོ་པོ་དེ་ཙམ་མེད་པ་མ་ཟད། བོད་ཀྱི་ཡུལ་སྲོལ་གོམས་གཤིས་སྤྱི་དང་ལྷག་པར་ད་ལྟ་སློབ་ཚན་ནང་ལ་བྲིས་པའི་ཚིག་དེ་དག་ལ་རྒྱུས་མངའ་ཆེན་པོ་མེད་སྟབས་ཁོ་ཚོས་བོད་ཀྱི་སྐད་ཡིག་སྦྱོང་རྒྱུར་སྤྲོ་བ་བརླག་ཉེན་མཐོང་།

ཤོག་གྲངས་ ༧༤ ནང་། མུ་གསུམ་མུ་བཞི་སོགས་ཀྱི་གོ་དོན། ཞེས་པའི་སློབ་ཚན་གཅིག་བྲིས་གནང་འདུག སློབ་ཕྲུག་གི་བསམ་བློ་རྒྱ་བསྐྱེད་རྒྱུ་དང་། དཔྱད་པ་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་པས་ཐུགས་རྗེ་ཆེ། ཡིན་ནའང་། ང་ཚོས་ག་དུས་ཡིན་ནའང་དྲན་དགོས་པ་ནི། བོད་ཀྱི་སྐད་ཡིག་སློབ་དེབ། ཡིན་པས་ཚིག་བརྗོད་ལ་ཐུགས་གཟབ་གནང་རོགས་ཞུ་གི་ཡོད། དཔེར་ན། མཚན་ཉིད་ཅེས་པ་ནི། མཚོན་བྱ་གང་ཞིག་ཐུན་མོང་མ་ཡིན་པར་གོ་བྱེད་ཅིག་ལ་ཟེར་། ཞེས་རིགས་ལམ་མམ། བསྡུས་གྲྭའི་དཔེ་ཆའི་ནང་ལ་གང་ཡོད་པ་ཇི་བཞིན་བཤུས་པ་ལས་སློབ་དེབ་སྦྱོང་མཁན་ཨ་རིའི་བོད་ཕྲུག་ཚོར་དམིགས་ནས་གོ་སླ་བར་བྲིས་མི་འདུག མཚོན་བྱ་དང་། མཚོན་བྱེད། ཐུན་མོང་དང་། ཐུན་མིན། ཞེས་པ་སོགས་བསྡུས་གྲྭ་སྦྱོང་མཁན་དགེ་འདུན་པ་རྣམས་ལ་སྦྱོང་རྒྱུའི་དུས་ཚོད་ཡོད་ཀྱང་། ཨ་རིའི་ནང་ལ་ཡོད་པའི་བུ་ཕྲུག་ལ་དེ་ལྟ་བུའི་གོ་སྐབས་དབེན་པར་དགོངས་བཞེས་གནང་རོགས། ཤོག་གྲངས་དེ་རང་ནང་། མཚོན་བྱ་ཞེས་པ་ནི། མཚན་ཉིད་དེས་གང་མཚོན་པར་བྱ་བའི་ཆོས་དེ་ལ་ཟེར་། དཔེར་ན། བུམ་པ་དང་ཁ་དོག་ལྟ་བུའོ། ཅེས་བྲིས་འདུག དེ་ནི་རྩོམ་སྒྲིག་པ་ཚོས་བསྡུས་གྲྭའི་ནང་ལ་ཡོད་པ་ཇི་བཞིན་བཤུས་པ་ལས་རྩོམ་སྒྲིག་པ་གནང་བ་གཅིག་ལ་མ་མཐོང་། ཤོག་གྲངས་ ༧༨ ནང་ལ། མཚན་མཚོན་ཁྱབ་པ་སྒོ་བརྒྱད་ངེས་ཚུལ། ཞེས་བྲིས་འདུག ཧ་ལས་པའི་ཡག་པོ་རེད། ཡིན་ནའང་སློབ་ཕྲུག་གི་ཤེས་ཚད་དང་། ལོ་ཚད་ལ་གཞིགས་ནས་ཚིག་བརྗོད་གོ་བདེ་པོ་རྩོམ་སྒྲིག་གནང་རྒྱུ་ནི་རྩོམ་སྒྲིག་པའི་ཐུགས་འགན་ཡིན་པ་ལས། དེ་མིན་བསྡུས་གྲའམ་རིགས་ལམ་དཔེ་ཆ་ནས་ལེབ་བཤུས་བྱས་པ་ནི་རྩོམ་སྒྲིག་པའི་ཕྱག་ལས་མ་རེད། ངས་མུ་གསུམ་མུ་བཞི་ནི་སློབ་ཕྲུག་གི་དཔྱད་སྟོབས་གོང་སྤེལ་ལ་ཧ་ལས་པའི་ཕན་པའི་སློབ་ཚན་གཅིག་ཡིན་པས་ཐུགས་རྗེ་ཆེ་ཞུ་གི་ཡོད། ཡིན་ནའང་། ཞུས་ཟིན་པ་ནི་ཚིག་བརྗོད་གོ་དཀའ་སླ་སློབ་ཕྲུག་གི་ཤེས་ཚད་དང་། སེམས་ཁམས། ལོ་ཚད་ལ་བསྟུན་ནས་རྩོམ་སྒྲིག་གནང་གལ་ཆེ་ཞེས་ཡང་དང་བསྐྱར་དུ་ཞུ་གི་ཡོད། སློབ་དེབ་རྩོམ་སྒྲིག་གནང་དོན་དེ་ཡང་སློབ་ཕྲུག་གིས་ནང་དོན་ཤེས་པ་ཙམ་མིན་པར་། སྐད་ཡིག་གི་རྩལ་ཡར་རྒྱས་ཡོང་རྒྱུའི་ཆེད་དུ་ཡིན་པསའདྲ་ཆགས་ཆགས་དང་། རྩོམ་སྒྲིག་པ་ལྷན་རྒྱས་ཀྱི་ཤེས་ཚད་ངོམས་ས་དང་། ལས་བསྡོམས་ནང་ལ་འཇུག་རྒྱུ་ཙམ་གྱི་ཆེད་དུ་མིན་པ་མཁྱེན་པར་མཚལ། །

མུ་མཐུད་འགོད་རྒྱུ།

གསུང་བཤད།, བསམ་ཚུལ།, རྩོམ་རིག, ལྷུག་རྩོམ།

Post navigation

Previous Post: ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཞི་པ།
Next Post: གངས་རི།

Comment (1) on “ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། ལྔ་པ།”

  1. གཞུང་པ་ཚེ་དབང་བསོད་ནམས། says:
    2025-07-18 at 7:15 pm

    ཀློག་རིམ་བཞིན་དུ་གོ་རྟོགས་དང་རྒྱུ་ཚན་ཡང་དག་ཤེས་རྟོགས་བྱུང་། ཕྲུ་གུའི་སློབ་ོདེབ་ག་འདྲ་ཞིག་ཡིན་ཀྱང་ཕྲུ་གུའི་ལོ་ཚད་དང་མཐུན་པའི་སློབ་དེབ་བཟོ་དགོས་ལས་མཁས་པའི་མཁས་རྩལ་དེ་ཕྲུ་གུའི་སློབ་དེབ་ནང་བྲིས་ན་ཕྲུའི་གུའི་གོ་རྟོགས་མ་ཐུབ་པའི་སྐྱོན་ཆེན་པོ་ཡོང་ངེས་དང་། ཕྲུ་གུའི་ལོ་ཚད་དང་མཐུན་པའི་སློབ་དེབ་བཟོ་མ་ཐུབ་ཚེ་ཕྲུ་གུའི་ཤེས་ཚད་ཡར་རྒྱས་འགྲོ་བའི་ལམ་ཁ་དཀོན་པ་ནི་དཔེ་མཚོན་ཙམ་ཞུས་ན། ༼ ཙམ་པ་ཀི་ལོ་གཅིག་དང་ཕྱེད་ཀ་ཀི་ལོ་གཅིག་འགྲོ་སའི་རས་ཁུག་ནང་སླུག་ན་ཙམ་པ་ཀི་ལོ་ཕྱེད་ཀ་དེ་རས་ཁུག་གི་ཕྱི་ལ་ས་ལ་ལྷུང་རྒྱུ་ཡིན་པ་གཏན་འཁེལ་ཚར་བ་མ་རེད་དམ། ༽ བཅས་སློབ་དེབ་ཁག་ལག་ཐོབ་བྱུང་མཚམས་མཐོང་ཚུལ་དང་གོ་རྟོགས་གང་་བྱུང་བ་འགོད་ཆོག་པ་ཞུ། གཞུང་པས། ༢༠༢༥/༠༧/༡༩

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme