Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།

Posted on 2025-06-17 By ཁ་བརྡ་ No Comments on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།

བསྟན་འཛིན་གྲགས་པ།  (ཨ་རི།)

ཕྲན་གྱིས་དཔལ་ལྡན་ཤེས་རིག་ལས་ཁུངས་ལ་ཕུལ་པའི་འཕྲིན་འདི་མུ་མཐུད་འབྲི་ཡི་ཡིན། དེ་ཡང་བོད་པའི་བཤད་སྲོལ་ལ། ཤོད་མཁན་གྱིས་བཤད་མི་ཤེས་ནའང་། གསན་མཁན་གྱིས་གསན་ཤེས་པ་གནང་རོགས། ལབ་ཀྱི་ཡོད། སྐད་ཆ་འདི་རྒྱུན་འཇགས་སུ་སོང་པའི་སྐད་ཆ་གཅིག་རེད། ཡིན་ནའང་། ཕྱོགས་གཞན་ནས་བཤད་ན་སྐད་ཆ་དེ་ལ་ཆོ་ཟེར་མེད་པ་རེད། བཤད་མ་ཤེས་ན། ཉན་ཤེས་པ་གང་འདྲ་བྱེད་དགོས་སམ། ཧཧ། སྐུ་རྩེད་ཞུས། ཕྲན་རང་ཉིད་རྒྱ་གར་ནང་ལ་སློབ་སྦྱོང་བྱས་པ་དང་། དེ་ནས་ནུབ་ཕྱོགས་སུ་སྐད་ཡིག་སློབ་ཁྲིད་ཐོག་ལ་ཆེད་ལས་སློབ་སྦྱོང་བྱས་པ་ཡིན། ད་ལན་གང་ཞུས་པ་རྣམས་གང་ཕན་བསམ་ནས་ཞུས་པ་ལས་ཕྱག་ལས་གནང་མཁན་རྣམས་ལ་སྐྱོན་བརྗོད་དང་། མ་གུས་པ་རྩ་བ་ཉིད་ནས་ཞུ་གི་མེད། གཙོ་བོ་ང་ཚོའི་ལས་དོན་གཙོ་བོ་བོད་ཕྲུག་ཚོས་རང་གི་ཕ་མེས་ཀྱི་སྐད་ཡིག་དང་རིག་གཞུང་ཅུང་ཟད་ཤེས་ན་བསམ་པའི་དམིགས་ཡུལ་གཅིག་པ་རེད། ཁ་བརྡ་དྲྭ་ཚིགས་ནས་འདོན་སྤེལ་གྱི་གོ་སྐབས་གནང་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད་ལ། གསན་དགོས་མཁན་ཚོས་གསན་གཟིགས་གནང་པའི་རེ་བ་ཡང་ཞུ་གི་ཡོད།

བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་འཛིན་གྲྭ་བདུན་པའི་སློབ་དེབ་ཀྱི་ཤོག་གྲངས་ ༡༣ ནང་། སློབ་ཚན་གྱི་མཇུག་ལ། སྦྱོང་ཚན་བཟོ་སྟངས་ལ། ཚིག་སྒྲུབ་བཟོས། འབྲི་བ་དང་ཀློག་པ། དྲི་བ་ལ་ལན་ཐོབས། ཞེས་པ་སོགས་ནི། འདས་པའི་བགྲང་བྱ་ ༣༠ ལྷག་གི་སྔོན་ལ་ཕྲན་སློབ་གྲྭར་ཡོད་དུས་སུ་བོད་ཡིག་སློབ་དེབ་ནང་ལ་སྦྱོང་ཚན་དེ་རང་ལས། སྐད་ཡིག་གཉིས་པའི་ངོ་བོར་སྦྱོང་མཁན་གྱི་ཆེད་དུ་སྦྱོང་ཚན་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པའི་བཟོ་སྟངས་རྩ་བ་ནས་མ་མཐོང་། སློབ་དེབ་རྩོམ་སྒྲིག་གནང་མཁན་ཚོས་བྱང་ཨ་རིའི་ཁུལ་ལ་སྐྱེས་མཚར་བྱུང་པའི་བོད་ཕྲུག་བོད་ཡིག་སྦྱོང་མཁན་ཚོའི་ཤེས་ཚད་དང་། ལོ་ཚད། འདོད་མོས། སློབ་ཡུན་སོགས་མཁྱེན་གྱི་མེད་པ་གསལ་པོ་རེད་འདུག གལ་སྲིད་དེ་དག་མཁྱེན་པའི་ཐོག་ནས་བཟོས་ཡོད་ན། རྒྱ་གར་ནང་གི་བོད་པའི་སློབ་གྲྭ་ཁག་གི་ནང་ལ་བོད་ཡིག་སྦྱོང་མཁན་ཚོའི་སློབ་དེབ་ཀྱི་དྲི་བ་བཟོ་སྟངས་དེ་རང་བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་དེབ་ནང་ལ་བཟོ་ཤེས་ཀྱི་མ་རེད། བྱང་ཨ་རིའི་བོད་པའི་སློབ་གྲྭའི་ནང་ལ་བོད་ཡིག་སློབ་ཁྲིད་བྱས་ནས་ཡུན་རིང་སོང་པའི་དགེ་རྒན་ཚོའི་བསམ་ཚུལ་ལ་ཉན་ན། བོད་ཕྲུག་ཚོས་བོད་སྐད་ཡག་པོ་ཤོད་ཐུབ་པ་བཟོ་རྒྱུ་དང་། དེ་ལས་ཡག་པ་བྱུང་ན་བོད་ཡིག་གཅོད་མཚམས་མ་ནོར་པར་སྒྲ་དག་པོས་ཀློག་ཐུབ་པ། དེ་ལས་ཡག་པ་བྱུང་ན་རང་གི་བསམ་ཚུལ་བརྗོད་པ་ཐུང་ཐུང་ནང་ལ་འབྲི་ཐུབ་པ་དང་། བོད་ཡིག་ཐོག་འཕྲིན་ཐུང་འབྲི་ཐུབ་པ་བྱུང་ན་ཙམ་རེད། སློབ་གྲྭ་ཐོན་རྗེས་དང་། མ་འོངས་པར་མཐོ་སློབ་ཐོན་རྗེས་སློབ་ཕྲུག་ཚོས་བོད་ཡིག་ལ་དགའ་སྣང་གིས་མུ་མཐུད་ནས་བོད་ཡིག་སྦྱོང་རྒྱུའི་རེ་བ་དང་། ས་བོན་གཅིག་བསྐྲུན་རྒྱུ་ལས། ད་ལྟའི་བོད་ཡིག་སློབ་དེབ་ནང་གི་སྦྱོང་ཚན་གྱི་དྲི་བ་ཁག་ལ་ལན་རྒྱབ་ཐུབ་པ་བཟོ་རྒྱུ་ནི་ཧ་ལས་པའི་ཁག་པོ་རེད། དྲང་པོ་བཤད་ན། ད་ལྟ་བོད་ཁྱིམ་དང་སམ་བྷོ་ཊའི་གཏན་སློབ་ནང་གི་སློབ་ཕྲུག་ཚོར་སྦྱོང་ཚན་དེ་རིགས་བྱ་རུ་འཇུག་ན་ཅུང་ཁག་པོ་མིན་ནམ། ཤོག་གྲངས་ ༡༣ ཕའི་སྦྱོང་ཚན། ཀ ཚིག་སྒྲུབ་བཟོས། ཞེས་པའི་ནང་ལ། འཚབ། འཚོ། ནོག ཟེར་པ་དེ་རིགས་ལ་སློབ་ཕྲུག་ཚོས་ཚིག་སྒྲུབ་བཟོ་ཤེས་ནའང་། ཁོ་ཚོས་བཟོས་པའི་ཚིག་སྒྲུབ་དེ་དག་བྱང་ཨ་རིའི་ནང་ལ་བེད་སྤྱོད་ག་ཚོད་གཏོང་ས་རགས་ཀྱི་རེད་དམ། སྐད་ཡིག་ཟེར་པ་ནི་བེད་སྤྱོད་མ་བཏང་ན་བརྗེད་ངེས་རྐུན་པོས་འཁྱེར་པ་དངོས་ཡོད་རེད། ཕྲན་གྱི་གྲོགས་པོ་གཅིག་ཡོད། ཁོ་རང་ཀ་སྦུག་གཏན་སློབ་ནས་ཡིན་པ་དང་། ཁོ་རང་ལོ་ ༢༠ རྗེས་སུ་རྒྱ་གར་ལ་ཐེངས་དང་པོ་ལོག་དུས། ཧིན་སྐད་བཤད་ཤེས་བསམ་ནའང་ཕར་ལབ་ཐུབ་ཀྱི་མི་འདུག་ཟེར་གྱི་འདུག དེ་ནི་ཁོ་རང་ཨ་རིར་ལོ་ ༢༠ བསྡད་རིང་ཧིན་དྷིའི་སྐད་བེད་སྤྱོད་གཏོང་ས་དེ་ཙམ་མ་རགས་པར་བརྟེན་ནས་བྱུང་པ་རེད། དེ་བས་ངས་ཞུ་འདོད་པ་ནི། བྱང་ཨ་རིའི་བོད་ཕྲུག་ཚོའི་ཆེད་དུ་བཟོས་པའི་བོད་ཡིག་སློབ་དེབ་ཀྱི་ནང་སློབ་ཚན་དང་། སྦྱོང་ཚན་བརྒྱུད་ནས་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་ཤེས་ཐུབ་པ་དང་། བོད་ཡིག་མུ་མཐུད་སྦྱོང་རྒྱུར་སྤྲོ་སྣང་བསྐྲུན་ཐུབ་པའི་སློབ་དེབ་གཅིག་མ་མཐོང་པས། སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་ནས་བྱང་ཨ་རིའི་བོད་ཕྲུག་ཚོར་ཕན་པའི་སློབ་དེབ་གཅིག་རྩོམ་སྒྲིག་གནང་རོགས། དེ་སྔ་ཕྲན་གྱིས་སྤེལ་པའི་རྩོམ་ཡིག་གི་ཞབས་མཆན་ནང། ཨ་རིར་གནས་བཞུགས་རྩོམ་པ་པོ་ཀླུ་སྨྱོན་ཧེ་རུ་ཀས་ཀྱང་དགོངས་ཚུལ་དེ་དང་མཐུན་པ་གཅིག་སྤེལ་གནང་འདུག་པས་ཐུགས་རྗེ་ཆེ། ང་ཚོས་བསམ་ཚུལ་གང་སྤེལ་ཀྱང་། གཙོ་བོ་ཤེས་རིག་ལས་ཁུངས་ཀྱི་སློབ་དེབ་སློབ་སྒྲིག་གནང་མཁན་དང་གོང་རིམ་ནས་དགོངས་བཞེས་ཀྱིས་ཕན་ཐོགས་པ་གཅིག་རྩོམ་སྒྲིག་གནང་གལ་ཆེན་པོར་མཐོང་། སྦྱོང་ཚན་དེའི་ ཁ འབྲི་བ་དང་ཀློག་པ། ཞེས་པའི་ནང་ལ། ཚིག་ ༡༨ བྲིས་འདུག གལ་སྲིད་ཀློག་སྟངས་སློབ་ཀྱི་ཡོད་ན། སློབ་ཚན་ནང་ལ། ཚིག་གི་གཅོད་མཚམས་མ་ནོར་པ་ཀློག་སྟངས་སོགས་རྟགས་རྒྱབ་པ་སོགས་ཀྱིས་སློབ་གལ་ཆེན་པོ་མཐོང་། དཔེར་ན། རྒྱུག་ཤར་གློད། ཞེས་པའི་ཚིག་ཀློག་སྟངས་སློབ་སྐབས་གཅོད་མཚམས་མ་ནོར་པ། ཡག་པོ་ཀློག་ཤེས་པ་སྦྱོང་ཚན་ནང་ལ་མ་འབྲི་སྔོན་ནས་སློབ་ཚན་དངོས་གཞིའི་ནང་བཅུག་པ་དང་། དགེ་རྒན་གྱིས་སློབ་ཁྲིད་བྱ་རྒྱུ་ཡོད་པ་ཞིག་བཟོ་གལ་ཆེ། དཔེར་ན། ཚིག་གསར་གྱི་འོག་ལ་ཐིག་རྒྱབ་པའམ། ཡང་ན། ཡི་གེར་མཚོན་ཁྲ་མི་འདྲ་བ་བྲིས་ནས་ཚིག་གི་གཅོད་མཚམས་སློབ་གལ་མཐོང་། བྱ་ཚིག་དང་། ཚིག་གཅིག་ཁོ་ན་ཀློག་དགོས་པའི་རིགས་ལ་མཚོན་ཁྲ་དང་། ཡང་ན། རྟགས་རྒྱབ་ནས་སློབ་ཁྲིད་བྱ་རྒྱུར་སློབ་ཚན་ནང་ལ་འབྲི་གལ་ཆེ་བར་མཐོང་། སློབ་ཚན་ནང་ལ་ཀློག་སྟངས་གང་ཡང་མ་བསླབ་པར་སྦྱོང་ཚན་ནང་ལ། ཚིག་ ༡༨ བྲིས་ནས་ཀློག་ཟེར་ན་གང་འདྲ་ཡོང་པ་འདུག་གམ།

དེ་ནས་ངས་དེ་སྔ་སྤེལ་ཟིན་པའི་འཕྲིན་ནང་ལ་བྲིས་པ་ཡིན། ཤོག་གྲངས་ ༡༢ ནང་ལ། ང་དེར་མ་སོང་ན་ཡག་གི་རེད། ཅེས་བྲིས་འདུག ང་། ནི་གང་ཟག་དང་པོ་རེད། མ་སོང་ན་ཡག་གི་རེད། ཞེས་བྲིས་པ་ཡིན་ན། གང་ཟག་གཉིས་པ། ཁྱོད། ལ་སྦྱར་རྒྱུའི་ཚིག་རེད། ཁྱོད་དེར་མ་སོང་ན་ཡག་གི་རེད། ཅེས་འབྲི་རྒྱུ་ལས། གང་ཟག་དང་པོ། ང་ལ་སྦྱར་ན། ང་དེར་མ་འགྲོ་ན་ཡག་གི་རེད། ཅེས་བརྗོད་ན་གང་འདྲ་གོ་ཡི་འདུག བོད་སྐད་བོད་པས་བཤད་མཁན་ཚོས་གསལ་པོ་མཁྱེན་ངེས། དེ་ནས་ཤོག་གྲངས་ ༡༥ ནང་། སྤྲེའུ་ཁྱུ་ཞིག་ཡོད། ཅེས་བྲིས་འདུག སྤྲེའུ་ཁྱུ་གཅིག་ཡོད། ཟེར་པ་ཡིན་ན་ཡག་པ་མི་འདུག་གམ། དེ་ནས་ཤོག་གྲངས་ ༡༥ དེ་རང་ནང་། མི་རིང་སར་། ཞེས་བྲིས་འདུག མི་རིང་པའི་སར། ཞེས་བྲིས་ན་ལེགས། དེ་ནས་ཤོག་གྲངས་དེ་རང་ནང་། སྤྲེའུ་ཆུང་ཞིག་ ་་་ ཞེས་པའི་ཚབ་ལ། སྤྲེའུ་ཆུང་ཆུང་གཅིག ཡང་ན། སྤྲེའུ་ཕྲུག་གཅིག ཅེས་བྲིས་ན་ལེགས་པར་མཐོང་། རྩ་བའི་ཆ་ནས། ཁྲོན་པའི་ནང་ནས་ཟླ་བ་ལེན་པ། ཞེས་པ་དེ་ནི་དེ་སྔ་ལོ་ངོ་ ༤༠།༥༠ སྔོན་གྱི་བོད་ནང་གི་སློབ་ཆུང་སློབ་དེབ་ཀྱི་སློབ་ཚན་ནང་ལ་ཡོད། གཅིག་བྱས་ན་སློབ་ཚན་དེ་རང་བཟོ་བཅོས་གང་ཡང་མེད་པར་བྱང་ཨ་རིའི་བོད་ཀྱི་སྐད་ཡིག་སློབ་དེབ་ནང་ལ་བཅུག་པ་མིན་ནམ་བསམ། བོད་ནང་དང་། རྒྱ་གར་ནང་གི་བོད་པའི་སློབ་གྲྭ་སོགས་དང་བྱང་ཨ་རིའི་ནང་ལ་སྐྱེས་མཚར་བྱུང་པའི་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་ནི་སྐད་ཡིག་གཉིས་པའི་ངོ་བོར་སྦྱོང་ཚན་ཚོའི་ཤེས་ཚད་དང་སེམས་ཁམས། དམིགས་བསལ་བོད་ཡིག་སྦྱོང་པའི་དུས་ཚོད་དང་ཁོར་ཡུག་རྩ་བ་ནས་མི་འདྲ་བས། སློབ་ཚན་གཅིག་པ་གཅིག་ཀྱང་རྩོམ་སྒྲིག་ཡིན་ཟེར་ནས་བཤུས་བྲིས་བྱས་པ་ནི་འགན་མ་འཁུར་པ་དང་། སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་ཟེར་པ་མིང་ཙམ་འཛིན་པ་ལས་ཕྱག་ལས་ཏག་ཏག་གནང་པ་གཅིག་ལ་མ་མཐོང་། ཁྲོན་པའི་ནང་ནས་ཟླ་བ་ལེན་པ། ཞེས་པའི་སློབ་ཚན་གྱི་ནང་ལ་ཚིག་བརྗོད་ཁག་ལ་གཟིགས་དང་། ཡིག་སྐད་མང་ཆེ་བ་ལས་ཁ་སྐད་ཧ་ཅང་དཀོན་པོ་རེད་འདུག དཔེར་ན། རྩེད་མོ་རྩེ་རུ་ཕྱིན། ཞེས་པའི་ཚབ་ལ། རྩེད་མོ་རྩེད་པར་ཕྱིན་པ་རེད། ཅེས་བྲིས་ཡོད་ན། བྱང་ཨ་རིའི་བོད་ཕྲུག་ཚོས་སློབ་ཚན་དེ་སྦྱངས་ཟིན་པ་དང་། བོད་ཕྲུག་དབར་ལ་སྐད་ཆ་ཤོད་སྐབས། ང་ཚོ་ཁ་སང་རྩེད་མོ་རྩེད་པར་ཕྱིན་པ་ཡིན། ཞེས་བོད་སྐད་ཐོག་ནས་སྐད་ཆ་ཤོད་པར་ཡང་ཕན་ཐོགས་ཀྱི་རེད། ངས་ཡིག་སྐད་སྦྱོང་མི་དགོས་པ་ཞུ་གི་མེད། ངས་ཞུ་འདོད་པ་ནི་བྱང་ཨ་རིའི་ནང་ལ་བོད་ཕྲུག་ཚོས་རྒྱ་གར་ནང་ལྟར་བོད་ཡིག་སྦྱོང་རྒྱུའི་དུས་ཚོད་དང་གོ་སྐབས་གཉིས་ཀ་དཀོན་པས། སློབ་དེབ་ནས་གང་སྦྱངས་པ་དེས་ཡི་གེ་འབྲི་སྐབས་དང་སྐད་ཆ་ཤོད་རྒྱུ་གཉིས་ཀར་ཕན་ཐོགས་པ་གཅིག་དགོས་ཀྱི་འདུག སྒྲུང་དེ་རང་གི་ནང་ལ་བརྗོད་ཚིག་དེ་འདྲ་གཅིག་བྲིས་འདུག ད་ཚར་བཞག ངོ་མ་ནམ་མཁའི་ཟླ་བ་ཆུའི་ནང་དུ་ཟགས་འདུག ཅེས་བྲིས་འདུག སྐད་ཆ་དེ་འདྲ་དངོས་གནས་བཤད་མཁན་ཡོད་རེད་དམ། ད་ཚར་བཞག ཞེས་པ་དེ་བརྗོད་མཚམས་འདིར་འཚམས་པོ་འདུག་གམ། རན་པོ་འདུག་གམ། དེ་ནས། ངོ་མ། ཞེས་བྲིས་ན་རན་པོ་འདུག་གམ། ངོ་མའི་ཚབ་ལ། དངོས་གནས། ཞེས་ནམ་རྒྱུན་ཁ་སྐད་ལ་བེད་སྤྱོད་མང་བ་གཏོང་གི་མ་རེད་དམ། སླད་ཕྱིན་སྒྲུང་དེ་རིགས་སྦྱངས་ནས་ཡི་གེ་ཀློག་ཤེས་པ་མ་ཟད། ནམ་རྒྱུན་བོད་སྐད་ཤོད་རྒྱུར་ཡང་ཕན་ཐོགས་ཡོད་པ་གཅིག་འབྲི་རྒྱུར་དགོངས་པ་བཞེས་རོགས། བྱང་ཨ་རིའི་ནང་གི་བོད་ཕྲུག་ཚོས་བོད་སྐད་ཤོད་ཐུབ་པ་དམིགས་ཡུལ་དང་པོའི་དང་པོ་རེད། དེ་ནས་བོད་ཡིག་ཀློག་ཐུབ་པ་དང་། གོ་བ་ལེན་ཐུབ་པ། དེ་ནས་རང་གི་བསམ་ཚུལ་ཡིག་ཐོག་ལ་བརྗོད་པ་ཐུང་ཐུང་ནང་་ལ་འབྲི་ཐུབ་པའི་དམིགས་ཡུལ་རེད། བོད་ཡིག་ཀློག་ནས་གོ་བ་ལེན་རྒྱུའི་དམིགས་ཡུལ་དེ་ཡང་མ་འོངས་པར་བོད་ཕྲུག་ཚོས་གཙུག་ལག་སློབ་གྲྭ་ཁག་གི་ནང་ལ་ཨིན་ཡིག་ཐོག་ཉམས་ཞིབ་བྱེད་སྐབས་བོད་ཡིག་ནང་ལ་ཡོད་པའི་རྒྱུ་ཆ་རྣམས་བཀླགས་རྗེས་གོ་བ་ལེན་ཐུབ་པ་གཅིག་ཡོང་རྒྱུར་དམིགས་ཡོད། དེའི་སྐོར་ཁེ་ན་ཌར་གནས་བཞུགས་དགེ་རྒན་ཆེན་མོ་ཚེ་རིང་ཤཱཀྱ་ལགས་ཀྱིས་དེ་སྔ་ཉམས་ཞིབ་སློབ་ཁྲིད་གཅིག་གི་སྐབས་སུ་གསུངས་པ་དྲན་ལམ་ལ་གསལ།

ཤོག་གྲངས་ ༡༨ ནང་ལ། ཟླ་བ་ནམ་མཁའི་དབྱིངས་སུ་འདུག་ག ཞེས་བྲིས་འདུག དབྱིངས་སུ། ཞེས་པའི་ཚིག་དེ་ནི་ཡིག་སྐད་ཁོ་ན་ཡིན་པ་དང་། བོད་པ་རྒན་པ་ཚོས་ཀྱང་ནམ་རྒྱུན་སྐད་ཆ་ཤོད་སྐབས་ཧ་ལམ་བེད་སྤྱོད་གཏོང་གི་མེད། ད་དུང་། དབྱིངས། ཞེས་པ་དེ་ལ་ནམ་རྒྱུན། སློབ་སྦྱོང་ལ་དོ་སྣང་དང་དབྱིངས་དགོས་ཟེར་པ་དེ་དང་ནོར་ཉེན་ཡོད་སྟབས། བྱང་ཨ་རིའི་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་སྦྱོང་རྒྱུར་གང་སླ་བ་དང་། འཁྲུལ་གཞི་མེད་པའི་ཚིག་ཐོག་མར་སློབ་གལ་མཐོང་། ཚིག་གཅིག་དོན་གཉིས་གསུམ་ལ་འགྲོ་བ་དེ་རིགས་བོད་ཡིག་གང་ཙམ་ཤེས་རྗེས་གཞི་ནས་སློབ་ཐུབ་ན་དགེ་མཚན་ཆེ་བར་མཐོང་། དེ་ནས། ཟླ་བ་ནམ་མཁའི་དབྱིངས་སུ་འདུག་ག ཞེས་པའི འདུག་ག ཞེས་པའི་ཚིག་དེ་སྐབས་དེར་ལན་པོ་འདུ་ག་གམ། ཡིན་རྒྱུན་ཁ་སྐད་བྲིས་པའི་ཁུལ་ཡིན་འདུག་ཀྱང་། སྐབས་འདིར་འདུག་ག ཞེས་བྲིས་པ་གང་འདྲ་ཡིན་ནམ་བསམ། རྩོམ་སྒྲིག་པ་ལྷན་རྒྱས་ཀྱིས་དགོངས་བཞེས་གནང་རོགས།

སྦྱོང་ཚན་ནང་ལ། ཚིག་སྒྲུབ་བཟོས། ཞེས་ཡང་ཡང་ཐོན་གྱི་འདུག Sentence ཞེས་པ་ལ་ཚིག་སྒྲུབ་དང་། བརྗོད་པ། གང་ལེགས་པ་ཡོད་དམ། ཨ་རིར་བོད་ཡིག་དགེ་རྒན་ཟབ་སྦྱོང་གཅིག་གི་སྐབས་སུ། རྒན་སྣང་ས་བསྟན་འཛིན་ནོར་བུ་ལགས་ཀྱིས། ཚིག་སྒྲུབ། ཅེས་གསུངས་པར། རྒན་ནུབ་པ་བསྟན་འཛིན་འཆི་མེད་ལགས་ཀྱིས། ཚིག་སྒྲུབ་ཟེར་པ་ལས་བརྗོད་པ་ཞེས་བརྗོད་ན་ལེགས་པ་གསུངས་སོང་། དེ་བཞིན་ད་ལྟ་ཀྲོ་རོན་ཀྲོའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་སྤྱི་གནང་བཞིན་པ་བདེ་ཆེན་རྡོ་རྗེ་ལགས་ཀྱིས་དེ་སྔ་བརྗོད་པའི་ཐོག་ལ་ཉམས་ཞིབ་གནང་ཡོད་ཅེས་གསུངས་པ་ཡང་ཐོས། འོ་ན། ཚིག་སྒྲུབ་དང་། བརྗོད་པ་གང་ལེགས་པ་ཡོད་དམ། དེ་ནས་ཤོག་གྲངས་ ༡༩ ནང་ལ། ཞེད་ཐག་ཆོད་ནས་སྐད་ཅོར་ཤོར། ཞེས་བྲིས་འདུག སྐད་ཤོར་། དང་། ཡང་ན། སྐད་ངན་ཤོར་། ཞེས་པ་ལས། སྐད་ཅོར་ཤོར་། ཞེས་ལབ་མཁན་ཡོད་དམ། ཕྲན་གྱིས་ད་བར་གོ་མྱོང་མེད་སྟབས་མི་བདེ་བ་འདུག སྐད་ཅོར་ཤོར་། ཞེས་པ་ལས། སྐད་ཤོར་། སྐད་ངན་ཤོར་ཞེས་བྲིས་ན་ལེགས་པར་མཐོང་། དེ་ནས་ཤོག་གྲངས་ ༡༩ དེ་རང་ནང་ལ། ཅི་གསུངས་དང་ལེན་བྱེད། ཞེས་བྲིས་འདུག ཚིག་དེ་རིགས་ནི་ནུབ་ཕྱོགས་བོད་ཕྲུག་ཚོའི་སེམས་ཁམས་ལ་འཇུག་ཁག་པོ་ཡོད་རེད། ད་ལྟ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དེ་སྔ་ཐེ་ཝན་ལ་བཞུགས་སྐབས། ཁོང་གིས། ཅི་གསུང་བཀའ་སྒྲུབ། ཞེས་པ་དེ་བོད་སྐད་ནང་ལ་ཡིན་གཤའ་བྱེད་ནའང་། རྒྱ་སྐད་ནང་ལ་བསྒྱུར་ནས་མི་རིགས་གཞན་ལ་བརྗོད་དུས་ཉན་མཁན་གྱིས་གོ་བདེ་པོ་མེད་པ་དང་། འགྲེལ་བརྗོད་ཁག་པོ་འདུག ཅེས་གསུངས་མྱོང་། དངོས་ཡོད་གནས་སྟངས་རེད། ཅི་གསུངས་དང་ལེན་བྱེད། ཞེས་པ་དེ་རིགས་ནུབ་ཕྱོགས་མི་སྒེར་གྱི་རང་དབང་ལ་གུས་བརྩི་ཤུགས་ཆེན་པོ་བྱེད་སའི་ས་ཆ་ལ་འགྲེལ་བརྗོད་ཧ་ཅང་ཁག་པོ་རེད། ལོ་ ༡༨ ཟིན་རྗེས་ཕ་མས་ཕྲུ་གུའི་ཆོག་མཆན་མེད་པར་ཉལ་ཁང་ལ་འཛུལ་མི་ཆོག་པ་དང་། འབྲི་དེབ་སོགས་ལ་བལྟ་མི་ཆོག་པ། དགེ་རྒན་གྱིས་སློབ་ཕྲུག་ལ་རོགས་པ་བྱེད་སྐབས་དང་པོ་སྐད་ཆ་འདྲི་དགོས་པའི་གནས་སྟངས་སོགས་ཡོད་སར་། ཅི་གསུངས་དང་ལེན་བྱེད། ཞེས་པའི་ཚིག་དེ་རིགས་སློབ་ཁྲིད་བྱེད་ན་ཁག་པོ་ཡོང་པ་དང་། ཚིག་དེ་རིགས་སློབ་ཁྲིད་བྱས་ན་དགེ་སྐྱོན་གང་ཆེའམ། ཚིག་དེ་རིགས་བེད་སྤྱོད་བྱེད་སའི་ཁོར་ཡུག་ནུབ་ཕྱོགས་སུ་རྙེད་ཐུབ་བམ། ཤོག་གྲངས་དེ་རང་ནང་། འོད་དུ་འཚེར་བའི་ཟླ་བ། ཞེས་བྲིས་འདུག ཕྲད། དུ། དེ་ངེས་པར་དུ་དགོས་ཀྱི་འདུག་གམ། བརྗོད་བདེ་པོ་འདུག་གམ། འོད་དུ་མཚེར་བའི་ཟླ་བ། ཞེས་ཕྲད་དུ་ཡོད་པས་གོ་བ་དམིགས་བསལ་གང་སྟོན་གྱི་འདུག་གམ། འོད་མཚེར་བའི་ཟླ་བ། ཞེས་བྲིས་པ་དང་མི་འདྲ་བ་གང་གོ་ཐུབ་ཀྱི་འདུག་གམ། ངས་བརྗོད་འདོད་པ་ནི། ཚིག་ལྷག་རིགས་མེད་པ་སློབ་རྒྱུ་གལ་ཆེན་པོ་རེད། ཤོག་གྲངས་ ༢༠ ནང་ལ། རི་མོ་དང་ཚིག་མཉམ་དུ་བྲིས་པ་དེ་རིགས་ནི་ཧ་ལས་པའི་ཡག་པོ་འདུག རི་མོ་རྣམས་ཀྱང་ཕྲུ་གུའི་སེམས་ཁམས་དང་མཐུན་པ་ཧ་ལས་པའི་ཡག་པོ་བྲིས་འདུག དེ་སྔ་ཕྲན་གྱི་གྲོགས་པོ་གཅིག་ལ་ཕྲུ་གུ་གཉིས་ཡོད་པ་དང་། གཉིས་ཀ་ནུབ་ཕྱོགས་ལ་སྐྱེས་འཚར་བྱུང་བས་ཆུང་དུས་ནས་དེབ་ཀློག་རྒྱུར་ཧ་ཅང་དགའ་པོ་འདུག ཕྲུ་གུ་གཉིས་ཀྱི་ཨ་ཕས་ཤེས་རིག་དཔར་ཁང་ནས་འདོན་སྤེལ་གནང་བའི་སྒྲུང་དེབ་རི་མོ་ཡོད་པ་མང་པོ་ཉོས་པ་དང་། ཕྲུ་གུ་གཉིས་ཀྱིས་དེབ་ཚང་མར་དགའ་མོས་བྱས་ནས་བལྟ་འགོ་བརྩམས་འདུག སྐར་མ་གཅིག་གཉིས་ལས་མ་སོང་པར་། ཕྲུ་གུ་བུ་མོ་ཆུང་བ་དེས། ཞེད་སྣང་དང་བཅས་སྒྲུང་དེབ་བཞག་ནས་ཕྱིན་སོང་ཟེར་། ཨ་ཕས་ག་རེ་བྱས་སོང་ངམ། ལབ་པར་། བུ་མོས། སྒྲུང་དེབ་དེའི་མདུན་ཤོག་རི་མོ་ཞེད་སྣང་ཚ་པོ་འདུག ཅེས་བརྗོད་འདུག དེབ་དེ་ནི་སོར་མོའི་ཕྲེང་པའི་དེབ་ཡིན་པ་དང་། ལག་པར་གྲི་རིང་འཁྱེར་ནས་ཡོད་པའི་རི་མོ་ཡོད་པ་དེར་བུ་མོ་ཞེད་ནས་དེབ་ཀློག་གི་མི་འདུག་ཅེས་བརྗོད་བྱུང་། རི་མོ་དང་། མཚོན་ཁྲ། སོགས་ཕྲུ་གུའི་སེམས་ཁམས་དང་མཐུན་དགོས་པ་ཧ་ཅང་གལ་ཆེན་པོ་རེད་འདུག

ཤོག་གྲངས་ ༢༡ ནང་། ལོ་རེ་བཞིན་ཟླ་བ་གསུམ་པའི་ཚེས་ཉེར་གཅིག་ཉིན་ངའི་སྐྱེས་སྐར་ཡིན། ཞེས་བྲིས་འདུག ངའི་སྐྱེས་སྐར་རེད། ཅེས་བྲིས་ན་ལེགས། དཔེར་ན། ང་བོད་པ་ཡིན། དེ་རིང་ངའི་སྐྱེས་སྐར་རེད། ཅེས་འབྲི་མི་དགོས་སམ། དེ་སྔ་ཞུས་ཟིན་པ་ལྟར། ཡིན། རེད། སོང་། འདུག ཡོད། སོགས་མ་ནོར་པར་འབྲི་གལ་མཐོང་། དེ་ནས་ཤོག་གྲངས་དེ་རང་ནང་། ཉིན་དེར་ངའི་གྲོགས་ཕོ་མོ་དང་། ཞེས་བྲིས་འདུག ངའི་གྲོགས་པོ་དང་། གྲོགས་མོ། ཞེས་འབྲི་ན་ལེགས། གྲོགས་ཕོ་མོ། ཞེས་ཁ་སྐད་ཐོག་ནས་བརྗོད་མཁན་ཧ་ལམ་མེད། དེ་ནས་ཤོག་གྲངས་ ༢༡ ནང་། ཁོང་གི་ལག་རྟགས་ནི་གཞན་གྱི་ལག་རྟགས་ལྟར་འགྲོ་ལུགས་ལྡན་པ་དང་། རིན་ཐང་ཅན་གྱི་དངོས་པོ་དེ་འདྲ་ཞིག་རྩ་བ་ནས་མིན། ཅེས་བྲིས་འདུག གང་འདྲ་གོ་ཡི་འདུག་གམ། ལག་རྟགས་འགྲོ་ལུགས་ལྡན་པ། ཟེར་ན་བོད་སྐད་ནང་ལ་བཤད་གྲོས་དེ་ཡོད་དམ། ལག་རྟགས་འགྲོ་ལུགས་ལྡན་པ་ཟེར་ན། བོད་པའི་སྐད་ཡིག་གི་གྲོས་མི་འདུག སྐད་ཡིག་གཞན་ནས་གོ་ཁག་པོའི་ཐོག་ནས་བསྒྱུར་པའི་རྣམ་པ་མངོན། དེ་ནས། རིན་ཐང་ཅན་གྱི་དངོས་པོ་དེ་འདྲ་ཞིག་རྩ་བ་ནས་མིན། དེ་འདྲ་ཞིག་དང་། རྩ་བ་ནས་མིན། ཞེས་བྲིས་པ་དེ་རིགས་ནི་ཚིག་ལྷག་མང་པ་དང་། ཚིག་སྦྱོར་མི་ལེགས་པ། བྱང་ཨ་རིའི་ནང་གི་བོད་ཕྲུག་ཚོས་དེ་རིགས་སྦྱངས་ནས་ཤེས་ནའང་བེད་སྤྱོད་གཏོང་མི་ཐུབ་པ་བཟོས་འདུག དགོངས་དཔྱད་གནང་རོགས། དེ་སྔ་ཞུས་ཟིན་པ་ལྟར། བསམ་ཚུལ་ཞུས་པ་ལས་སྐྱོན་བརྗོད་ཞུ་གི་མེད།

ཤོག་གྲངས་ ༢༢ ནང་། ངའི་ལག་ཏུ་རག་པ་ནི་ཨ་མས་བསྐུར་པའི་ལག་རྟགས་རེད། ཅེས་བྲིས་འདུག དགོས་སར་ཆད། མི་དགོས་སར་ལྷག ཞེས་པའི་བོད་པའི་བཤད་སྲོལ་དེ་དྲན། དེའི་སྔོན་ལ། བཀའ་དྲིན་ཆེ་ལགས། ཞེས་ལགས་མི་དགོས་སར་ལྷག་པ་དང་། ཨ་མ་ལགས། ཞེས་འབྲི་དགོས་སར་ཆད་པའི་སྐྱོན་དུ་མཐོང་། གཅིག་བྱས་ན། ཞེ་ས་ནི་སྐུ་དྲག་གི་ཚིག་རེད་ཅེས་ལབ་མཁན་ཡོད་པས་དེ་ལྟར་གསུང་སྲིད། ཡིན་ནའང་། ཡ་རབས་ཕྱག་དང་ཞེ་ས་མཁས། མ་རབས་གཉིད་དང་གྲོད་པ་ཆེ། ཞེས་བཤད་སྲོལ་ཡང་ཡོད། ཞེ་ས་དེ་ཡང་བོད་ཀྱི་སྐད་ཡིག་གི་ཁྱད་ཆོས་ཤིག་ཡིན་པ་ལས་སྐྱོན་མ་རེད། དེ་ནས་ཤོག་གྲངས་དེ་རང་ནང་ལ། དོན་དངོས་དང་མི་མཐུན་པའི་གནས་དོན་གཅིག་བྲིས་འདུག བོད་པའི་ལུགས་སྲོལ་ལ་སྐྱེས་སྐར་ཞེས་པ་དེ་སྔ་གཏོང་སྲོལ་དེ་ཙམ་མེད་པ་དང་། དེང་སང་ཕྲུ་གུའི་སྐྱེས་སྐར་གཏོང་མཁན་ཡོད་ནའང་། སྐྱེས་སྐར་ལག་རྟགས་ནང་ལ་མི་ཤི་རྐྱེན་ཆགས་ཀྱི་ཡི་གེ་བྲིས་ནས་སྤྲད་སྲོལ་མེད། ཨ་མས་བུ་མོའི་སྐྱེས་སྐར་ལག་རྟགས་ནང་ལ་རྨོ་མོ་ལགས་གྲོངས་པའི་ཡི་གེ་བླུགས་ཟེར་པ་དེ་རིགས་ནི་བོད་པའི་ལུགས་སྲོལ་དང་མི་མཐུན་པ་གཅིག་ཡིན་སྟབས། ཕྲུ་གུར་དེ་རིགས་སློབ་དེབ་ནང་ལ་བཅུག་ནས་བསླབ་པ་ཡིན་ན་ཁོ་ཚོས་བྱ་སྟངས་དེ་རིགས་ནི་བོད་པའི་ལུགས་སྲོལ་རེད་བསམ་ཉེན་ཡོད། ད་དུང་སྒྲུང་ནང་ལ་བྲིས་པ་ལྟར། བུ་མོའི་སྐྱེས་སྐར་ཉིན་མོ་འགྱོད་སེམས་དང་དྲན་གདུང་གི་དུས་ཚེས་ཤིག་བཟོས་པ་ནི་བྱིས་པའི་སེམས་ཁམས་རིག་པ་དང་མི་མཐུན་པ་མ་ཟད། ཕྲུ་གུའི་སེམས་ཁམས་ལ་གནོད་གཞི་གཅིག་ཡིན་པ་དེ་རིགས་བྱ་མི་འོས་ལ། བོད་པའི་ལུགས་སྲོལ་ལ་དེ་ལྟར་བྱ་སྲོལ་མེད་པས། སློབ་དེབ་ནང་ལ་འཇུག་དོན་གང་ཡིན་ནམ།

ཤོག་གྲངས་ ༢༧ ནང་། རྒྱལ་པོ་ཁྲི་རལ་པ་ཅན་བཀྲོངས་པའི་རྗེས་འུ་དུམ་བཙན་རྒྱལ་སྲིད་ལ་བསྐོ། གཤིས་ཀ་རྩུབ་པོ་ཡོད་པས་ན་མི་མང་གིས་རྒྱལ་པོ་ལ་གླང་དར་མ་ཞེས་འབོད་ཀྱི་ཡོད། ལོ་གསུམ་གྱི་རྗེས་སུ་རྒྱལ་པོ་གླང་དར་མ་ ་་་ ཞེས་བྲིས་འདུག རྒྱལ་པོའི་མཚན་ལ་འུ་དུམ་བཙན་ཞུ་ཡི་ཡོད་པ་དང་། གླང་དར་མ་ཞེས་པ་ནི་མིང་འདོགས་དང་། དེ་ཡང་སྨད་རའི་ཚིག་ཡིན་པ་གསལ་པོ་བྲིས་ནའང་། སློབ་ཚན་གཉིས་ནང་ལ། རྒྱལ་པོ་གླང་དར་མ་ཞེས་བྲིས་པ་ལས། རྒྱལ་པོ་འུ་དུམ་བཙན་ཞེས་བྲིས་མེད་པ་དེས་བོད་ཀྱི་རྒྱལ་པོ་གཅིག་ལ་མཚན་སྨད་ཞུས་པ་དང་། བྱང་ཨ་རིའི་བོད་ཕྲུག་ཙམ་མིན་པར་སློབ་དེབ་དེ་རིགས་སུས་སྦྱོང་ནའང་། མིང་འདོགས་དང་ངན་སྨད་འབོད་རྒྱུར་བསྐུལ་མ་བྱེད་པའི་རྣམ་པ་མངོན་པས་ཤེས་རིག་ལས་ཁུངས་ནས་སློབ་དེབ་ནང་ལ་རྒྱལ་པོ་འུ་དུམ་བཙན་ཞེས་པ་ལས་གླང་དར་མ་་ཞེས་མ་འབྲི་རོགས་ཞུ་གི་ཡོད།

ཤོག་གྲངས་ ༢༧ ནང་། ཉིན་གཅིག་རྒྱལ་པོ་གླང་དར་མས་ལྷ་སའི་རྡོ་རིང་གི་ཡི་གེ་ཀློག་པའི་སྐབས་ལྷ་ལུང་དཔལ་གྱི་རྡོ་རྗེས་མདའ་རྒྱབ་ནས་བཀྲོངས། ཅེས་བྲིས་པ་དང་། བོད་ཀྱི་རྒྱལ་པོའི་དབུ་པད་ལ་མདའ་ཟུག་པའི་རི་མོ་བྲིས་པ་དེ་རིགས་ནི་ཕྲུ་གུའི་སེམས་ཁམས་དང་མི་མཐུན་པ་མ་ཟད། གནོད་ཚབ་ཀྱང་ཆེ། དེ་སྔ་སོར་མོའི་ཕྲེང་པའི་སྒྲུང་དེབ་ཐོག་ལ་རལ་གྲི་འཕྱར་པའི་རི་མོས་ཕྲུ་གུ་དཔེ་ཀློག་དགའ་མཁན་གཅིག་གིས་བོད་ཡིག་སྒྲུང་དེབ་ཀློག་འདོད་མེད་པ་ཆགས་པའི་སྐོར་བརྗོད་པ་ལྟར། བོད་པ་རྣལ་འབྱོར་པ་ཉམས་རྟོགས་ལྡན་པ་གཅིག་གིས་བོད་ཀྱི་རྒྱལ་པོ་གཅིག་ལ་མདའ་རྒྱབ་པ་མ་ཟད། དབུ་པད་ལ་ཟུག་པའི་རི་མོ་དེ་རིགས་སློབ་ཕྲུག་ཆུང་ཆུང་གིས་སྦྱོང་རྒྱུའི་སློབ་དེབ་ནང་ལ་མ་འབྲི་རོགས་གནང་ཞུ་གི་ཡོད། ཕྱོགས་གཞན་ནས་བཤད་ན། ལྷ་ལུང་དཔལ་རྡོར་ནི་ཉམས་ལེན་པ་ཉམས་རྟོགས་ལྡན་པ་ཡིན་པ་ཡོངས་གྲགས་དང་། སྐབས་དེ་དུས་ཁོང་དགུང་གྲངས་མཐོ་བས་རྟ་བཞོན་ནས་བྲོས་ཐུབ་པའི་གནས་སྟངས་སོགས་མེད་པས་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་འུ་དུམ་བཙན་བཀྲོངས་ཟེར་པ་བྱུང་བ་དངོས་དང་མི་མཐུན་པ་བོད་ཀྱི་ལོ་རྒྱུས་སློབ་དཔོན་མང་པོའི་ཞལ་ནས་ཐོས་པས། ཤེས་རིག་ལས་ཁུངས་ནས་སློབ་དེབ་ནང་ལ་གནས་ཚུལ་དེ་རིགས་མ་བཅུག་སྔོན་ལ། ཉེ་འཁྲིས་སུ་ཡོད་པའི་ལོ་རྒྱུས་མཁས་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་སོགས་ལ་བཀའ་འདྲི་ཞུས་ནས་སློབ་དེབ་ནང་ལ་འགོད་གལ་མཐོང་། ཤོག་གྲངས་ ༣༡ ནང་། དྲི་བའི་ནང་ལ། གླང་དར་། ཞེས་ཡང་ཡང་བྲིས་པ་ལས། རྒྱལ་པོ་ཙམ་ཡང་མ་བྲིས་པ་དེ་ནི་བོད་ཀྱི་རྒྱལ་པོ་གཅིག་ལ་མཚན་མཐོང་མ་སྤྲད་པ་ལས། རྒྱལ་པོ་འུ་དུམ་བཙན་ལ་མཚན་སྨད་ཞུས་པ་གཅིག་པུ་མ་རེད། གལ་སྲིད་བོད་ཕྲུག་རྣམས་ལ་ལོ་རྒྱུས་སྦྱངས་ནས་བོད་ཞེན་སླེབས་ཐུབ་པ་གཅིག་བཟོ་དགོས་ན་ཚིག་བརྗོད་ལ་དོ་གཟབ་ཀྱིས་སློབ་དེབ་ནང་ལ་འཇུག་གལ། སློབ་དེབ་ཟེར་པ་ནི་རྩོམ་སྒྲིག་པ་ཁ་ཤས་ཀྱིས་སྒེར་གྱི་རྩོམ་ཉོག་བྲིས་པ་ལྟ་བུ་མ་ཡིན་པས། སློབ་དེབ་བཟོ་སྐབས་གཟབ་དགོས་པ་ལས། དེ་མིན་ཀླུ་སྨྱོན་ཧེ་རུ་ཀས་དེ་སྔའི་སློབ་དེབ་རྣམས་ནི་དངུལ་ཆུད་ཟོས་བཏང་པ་རང་རེད་འདུག་བརྗོད་པ་ཡང་དོན་ལ་གནས་པ་གདོན་མི་བཟའ།

མུ་མཐུད་འགོད་རྒྱུ།

ངོ་སྤྲོད།, བསམ་ཚུལ།

Post navigation

Previous Post: སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme