Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།

Posted on 2025-05-20 By ཁ་བརྡ་ 2 Comments on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།

མགར་རྡོར།

༡ ང་ལ་མཚོན་ན། དགེ་འདུན་ཆོས་འཕེལ་ཁོང་གླེང་དགོས་ན་ཅུང་དཀའ་མོ་ཞིག་ཡིན་པའི་ཚོར་བ་ནམ་རྒྱུན་ནས་ཡོད་ཡོད་པ་ལྟ་བུ་རེད།  ཆོས་གཞུང་ནས་བཤད་པའི་”སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ་”ཅན་པོ་རང་རེད་འདུག དགེ་ཆོས་ཁོང་རིག་གནས་སྣ་འདུས་ཀྱི་མཁས་པ་ཞིག་ཡིན་པས། དོན་ངོ་མར་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཁོ་ན་ལྟ་བུར་སྣང་གི། འོན་ཀྱང་མི་སྐྱོན། ངའི་རྩོམ་ཡིག་འདིར་ཁོང་གི་ཕྱོགས་མང་པོ་ནས་མི་གླེང་། ང་རང་ཆེས་དགའ་ས། ང་ལ་ཆ་རྒྱུས་ཅུང་ཡོད་ས། དགེ་ཆོས་ཀྱི་ལྟ་བའི་ཕྱོགས་ཁོ་ན་མ་གཏོགས་མི་གླེང་། དེ་ཡང་ང་རང་གི་ལྟ་ཕྱོགས་དང་མཐུན་ས་ནས་མ་གཏོགས་མི་བཤད། གཞན་དག་བཤད་ཀྱང་མི་ཤེས། ཨེ་ཤེས་ཀྱང་མི་ལྟ།

༢ ཉེ་བའི་དུས་རབས་ཤིག་གི་ཕྱེདཙམ་རིང་། འཛམ་གླིང་ཁྱོན་ཡོངས་ནས་དགེ་ཆོས་ཁོང་མ་གླེང་བསམ་པ་མེད་པ་ལྟ་བུར་བྱས་སོང་།  ཆོས་པ་བླ་ཆེན་རྣམས་ཀྱིས་གསུང་ཐ། དབང་ཆེན་དཔོན་པོ་རྣམས་ཀྱིས་བཤད་ཐ། མཁས་པ་སྙུག་ཐོགས་པ་རྣམས་ཀྱིས་བྲིས་ཐ། སྐབས་འཚོལ་ཆབ་སྲིད་པ་རྣམས་ཀྱིས་གླེང་ཐ། མ་གླེང་བསམ་པ་མེད་ཐ། རང་རང་ས་ནས་གླེང་བ་དེ་ཚོ་ཁྱད་ཆོས་ཅན་ཡང་ཡིན་ཐ། རེད་མོད། དེ་དག་ཐམས་ཅད་ཀྱིས། དགེ་ཆོས་ཀྱི་འཇིག་རྟེན་ལུགས་མཐུན་གྱི་ཟུར་དེ་ཁོ་ན་མ་གཏོགས་གླེང་ཐུབ་མི་འདུག ཁོང་གི་ནང་སེམས་ཀྱི་རྟོག་པ་ཟེར་ན་འདྲ། ལྟ་བ་ཟེར་ན་འདྲ། ཆོས་རྣམས་ཀྱི་མཐའ་མའི་གཤིས་ལུགས་དངོས་དེ་གང་ཡིན་ལ། ཁོང་གི་འདོད་པ་བཞག་པའི་རྩོམ་ཡིག་ཅིག་ནི་ད་སྔར་བར་གཅིག་ཀྱང་མཐོང་མྱོང་མེད། འགའ་རེ་ཡོད་པ་ནི། དགེ་ཆོས་ཁོང་ནཱ་ལེན་དྲའི་ལྕགས་རིའི་ནང་བླུགས་ནས་ཁོང་བོད་སྔ་རབས་པའི་གྲུབ་མཐའ་ལ་མོས་མཁན་རེད། ཕྱི་རབས་པའི་ལྟ་བ་ལ་དགག་གི་རེད། ཡང་ཙོང་ཁ་པའི་ཐ་སྙད་ཚད་གྲུབ་ལ་ཁོང་མོས་གི་མ་རེད། མི་ཕམ་པའི་ཡོད་མིན་མེད་མིན་ལ་འཐད་གི་རེད་སོགས། མདོར་ན་གསར་རྙིང་གི་གྲུབ་མཐའི་ནང་ཁོ་ན་ནས་གླེང་བ་ཙམ་མ་གཏོགས། ཁོང་གིས་ཆོས་ཀྱི་གཤིས་ལ་ལྟ་སྟངས་དངོས་དེ་གང་ཡིན་མིན་གླེང་མཁན་གཅིག་ཀྱང་ངས་མཐོང་མྱོང་མེད། དེ་བས་བདག་གིས་འདིར། གཞན་གྱིས་གླེང་མ་ཤེས་ས། དགེ་ཆོས་ཀྱི་རྟོགས་པ་དངོས་དེ་གང་ཐུབ་ཀྱིས་གླེང་རྒྱུ་ཡིན། དེ་ཡང་རང་གི་འདོད་པ་ལྟར་གླེང་རྒྱུ་ཡིན།

༣ རྡོ་ཤེར་གྱིས་བཤད་ན། དགེ་ཆོས་ཀྱིས་ནཱ་ལེན་དྲའི་ལྟ་གྲུབ་(ནང་པའི་ལྟ་གྲུབ་)ཤེས་ཀྱིན་མི་འདུག་ཟེར། གཞི་འཛིན་ས་དགེ་ཆོས་ཀྱི་ཚིག་བཅད་འདི་རེད་འདུག “ཐོག་མ་མེད་ནས་རྟག་ཏུ་འགྲོགས་པ་ཡི།། མི་འགྱུར་སེམས་ཀྱི་གཤིས་ཀྱང་མི་ཤེས་ན།། བཙན་ཐབས་སྒོམ་གྱིས་གསར་ཏུ་བསྐྱེད་པ་ཡིས།། ཡ་མཚན་གྲུབ་པའི་ལྟད་མོ་ག་ལ་མཐོང་།།” ཕྲན་དང་རྡོ་ཤེར་གཉིས་ཚིག་བཅད་འདི་ལ་ལྟ་སྟངས་གཏན་ནས་འདྲ་བོ་མི་འདུག དེའི་རྒྱུ་མཚན་རྡོ་ཤེར་སོགས་ཀྱིས་ཚིག་བཅད་འདི་ཡང་ནཱ་ལེན་དྲའི་ལྕགས་རིའི་ནང་ཁོ་ན་ནས་ལྟ་བཞིན་ཡོད། “དགག་ལན་བསྐལ་བའི་མེ་དཔུང་”ཞེས་པའི་དེབ་རྒན་དེ་ཡང་མཐར་དེད་ན་ཚིག་བཅད་འདི་གཅིག་པོའི་དགག་ལན་ལྟ་བུར་སོང་འདུག ངག་ཅལ་ལྟ་བུའི་ཚིག་ལྷག་མ་འགའ་ཕར་ཕུད་ན་འབབ་ས་འདི་རང་རེད་འདུག རྡོ་ཤེར་ལའང་ཁག་མེད་ས་ཞིག་ཡོད་རེད། ནཱ་ལེན་དྲའི་གཞི་རྩའི་ལྟ་གྲུབ་ཀྱི་འགྲོ་སྟངས་བྱས་ན། རང་བཞིན་སེམས་ཀྱི་གཤིས་ལུགས་དེ་ཧ་ཅང་རྟོགས་དཀའ་བ་དང་། གྲུབ་རྟགས་ཁྱད་མཚར་དེ་འདྲ་ལྟོན་རྒྱུ་ཅུང་སླ་མོར་ལྟ་བུར་གསུང་ཡོད་པས་རེད་འདུག འོན་ཀྱང་ངས་ནི་དགེ་ཆོས་ཀྱི་ཚིག་བཅད་འདི་ཙམ་ཡང་ནཱ་ལེན་དྲའི་ལྕགས་རིའི་ནང་ཤོང་རྒྱུ་ཞིག་ལ་ངོས་འཛིན་གྱིན་མེད། ཡིན་ཡང་ནཱ་ལེན་དྲའི་ལྕགས་རིའི་ནང་གི་རིགས་མཐུན་སྐྱེ་བོའི་ཚོགས་ཀྱིས་བལྟས་ན། ངོ་མ་དགེ་ཆོས་ཀྱི་ཚིག་བཅད་འདི་འགལ་ཁྱབ་གྲུབ་པའི་དཔེ། ཁྱི་ལ་སེང་གེ། སེང་གེ་ལ་ཁྱི་འདོད་པ་ལྟ་བུར་མཐོང་གི་རེད། འོན་ཀྱང་ནཱ་ལེན་དྲའི་ལྕགས་རིའི་ཕྱི་ནས་བལྟས་ན་དེ་འདྲ་ཞིག་མ་རེད། མ་ཟད་ནཱ་ལེན་དྲའི་ལྕགས་རི་གཏོར་བའི་ཟུར་ཟའི་སྒྱོགས་ཆེན་ཞིག་ཀྱང་རེད་འདོད་གི་ལགས།

༤ ཚུལ་ཁྲིམས་བློ་གྲོས་ཀྱིས་བཤད་ན། དགེ་ཆོས་ཀྱི་ལྟ་བ་ནི་བླ་མ་མི་ཕམ་དང་ངོ་བོ་དབྱེར་མ་མཆིས་པ་རེད་ཟེར། ངོ་མ་བཤད་ན་དེ་ཡང་རྡོ་ཤེར་གྱིས་དགེ་ཆོས་ལ་དགག་པ་བརྒྱབ་པའི་རིགས་ལམ་དང་གཅིག་པ་རེད། ཀླུ་སྒྲུབ་དགོངས་རྒྱན་གྱི་ནང་དོན་གཞི་ལ་བཞག་ན་ཚུལ་ཁྲིམས་བློ་གྲོས་འགྲིག་བསྡད་ཡོད་རེད། འོན་ཀྱང་ཀླུ་སྒྲུབ་དགོངས་རྒྱན་གྱི་ནང་དོན་ནི་ཀླུ་སྒྲུབ་ཀྱི་དབུ་མའི་ལྟ་བ་དངོས་དེ་བོད་ཕྱི་རབས་པའི་འདོད་པ་དེ་མ་རེད། བོད་སྔ་རབས་པའི་བཤད་སྟངས་དེ་ཀླུ་སྒྲུབ་ཀྱི་དབུ་མའི་ལྟ་དངོས་རེད་ཟེར་བྱེད་ཙམ་རེད། སྤྱིར་ན་ཀླུ་སྒྲུབ་དགོངས་རྒྱན་གྱིས་བོད་སྔ་ཕྱི་གཉིས་ལས་ཀླུ་སྒྲུབ་ཀྱི་དབུ་མའི་ལྟ་བར་ཐག་ཉེ་བ་དེ་བོད་སྔ་རབས་པ་རེད་ཅེས་སྒྲུབ་གི་ཡོད་པ་ཙམ་རེད། དེ་བས་ཀླུ་སྒྲུབ་དགོངས་རྒྱན་གྱིས་དགེ་ཆོས་ཀྱི་སྤྱི་བཏང་གི་ལྟ་བ་མཚོན་མི་ཐུབ། དགེ་ཆོས་ཀྱིས་ཆོས་ཀྱི་གཤིས་ལ་ལྟ་བའི་གཞི་རྩའི་སྤྱི་བཏང་གི་ལྟ་བ་དེ། བོད་སྔ་རབས་ཕྱི་རབས་གཉིས་ཀྱི་ལྟ་བའི་མཚམས་ལས་འདས་པ་ཞིག་རེད། རྡོ་སྦིས་དགེ་བཤེས་དང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་གཉིས་ཀྱིས། ནཱ་ལེན་དྲའི་ལྕགས་རིའི་ནང་ནས་དགེ་ཆོས་གླེང་བ་ཙམ་ཡིན་པས། ཆེན་པོ་ཆེན་པོ་ཆགས་འཇོག་ས་མི་འདུག་སྙམ་གི།

༥ དགེ་ཆོས་ཀྱིས་ཙོང་ཁ་པ་ཁས་ལེན་གི་མ་རེད་ཅེས་ཟེར་སྲོལ་ཞིག་ཡོད་པ་མཁྱེན་གསལ་ལྟར་རེད། འོན་ཀྱང་དགེ་ཆོས་ཀྱིས་ཙོང་ཁ་པ་ཕྱོགས་ཡོངས་ནས་ཁས་མི་ལེན་པ་ལྟ་བུར་མིན་པར་སེམས། གཙོ་བོ་ཙོང་ཁ་པས་ཀླུ་སྒྲུབ་དང་ཟླ་གྲགས་སོགས་ཀྱི་དབུ་མའི་ལྟ་བར་རང་གི་རང་ལུགས་འཇོག་སྟངས་དེ་ལ། དགེ་ཆོས་ཁོང་འཐད་གི་མེད་པ་འདྲ།   ཙོང་ཁ་པའི་གཙོ་ཚིག་”ཀླུ་སྒྲུབ་གཞུང་ལུགས་ཀུན་དའི་ཚལ།། དྲི་མེད་མཁྱེན་པའི་དཀྱིལ་འཁོར་རྒྱས།། མཐར་འཛིན་སྙིང་གི་མུན་པ་སེལ།།”ཅན་པོ་དང་། “དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི།། འོད་དཀར་འཕྲེང་བས་གསལ་བྱས་པ།། བདག་གི་ཡིད་ཀྱིས་ངལ་གསོ་ཐོབ།།” ཚིག་འདི་ཚོ་དགེ་ཆོས་ཀྱིས་བསམ་ན། ཙོང་ཁ་པས་ཧམ་བཤད་བྱས་པ་ཞིག་ལ་ངོས་འཛིན་གི་ཡོད་པ་འདྲ། དགེ་ཆོས་ཀྱི་ཀླུ་སྒྲུབ་དགོངས་རྒྱན་ལྟར་ན། ཙོང་ཁ་པས་ཀླུ་སྒྲུབ་ཀྱི་དབུ་མའི་དགོངས་པར་གོ་བ་ལོན་མེད་པའམ། ཡང་ན་གོ་བ་ལེན་ལོག་བྱས་ཡོད་པར་བསྟན་གི་འདུག ཡོད་པ་དང་རང་བཞིན་གྱིས་ཡོད་པ། མེད་པ་དང་རང་བཞིན་གྱིས་མེད་པ་ལྟ་བུའི་ཙོང་ཁ་པའི་གསར་བཤད་འདི་ལ་མཐའ་གཅིག་ཏུ་དགག་གི་ཡོད་པ་འདྲ། གཞི་གཅིག་ལ་ཡོད་པ་དང་རང་བཞིན་གྱིས་ཡོད་པ་གཉིས་ལ་ཁྱད་པར་འབྱེད་པ་ནི་རིགས་ལམ་ཁོ་ནས་བཞག་པ་ཙམ་མ་གཏོགས། ཆོས་རྣམས་ཀྱི་གཤིས་ལ་ནི་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་ཞིག་མ་གཏོགས་མེད་པ་ཀླུ་སྒྲུབ་དགོངས་རྒྱན་གྱི་བསྟན་བྱ་གཙོ་བོར་བཟུང་འདུག དེ་བས་དགེ་ཆོས་ཀྱིས་ཙོང་ཁ་པ་ཁས་ལེན་གྱིན་མི་འདུག་ཟེར་བ་དེའང་མཐར་དེད་ན་བོད་སྔ་རབས་པས་བོད་ཕྱི་རབས་པ་ཁས་ལེན་གྱིན་མི་འདུག་ཟེར་བ་ཙམ་དུ་སོང་འདུག དེ་མིན་སྤྱི་བཏང་གི་དགེ་ཆོས་ཁོང་ནི་ཙོང་ཁ་པའི་ལྟ་བའི་དཔྱད་པ་རྫོགས་པའི་མཚམས་ལས་ཀྱང་འདས་པ་ཞིག་ལ་བདག་གིས་འདོད་བཞིན་ཡོད་དོ།།

༦ ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། སྤྱིར་ན་དགེ་ཆོས་ཁོང་ནི་ནང་པའི་ཆོས་ལ་དད་པ་གཤའ་མ་ཡོད་མཁན་ཞིག་ལ་བདག་གིས་ངོས་འཛིན་བཞིན་ཡོད། དེ་ལ་རིག་པས་སྒྲུབ་བྱེད་མི་དགོས་པར་ཁོང་གི་མི་ཚེའི་ལོ་རྒྱུས་ལ་བལྟས་ན་ཧ་གོ་སླ་མོ་ཞིག་རེད། འོན་ཀྱང་ནཱ་ལེན་དྲའི་ཁོར་ཡུག་ནས་གསར་བཏོད་བྱས་པ། དབུ་སེམས་གཉིས་ཀྱིས་རིགས་ལམ་གྱིས་བཟོས་པའི་སངས་རྒྱས་ཆོས་ལུགས་ཐོན་གསར་ཅན་འདི་ལ། ཁོང་གིས་ཟར་ཟུར་མང་པོ་ནས་དགག་གཞག་ནན་པོ་བྱེད་གི་ཡོད་པར་མངོན་ཡོང་། དཔེར་ན། “དབུ་སེམས་མཁན་པོའི་ལྟ་གྲུབ་འགལ་ལུགས་འདིས།། དཔྱོད་ལྡན་མཁས་པའི་བློ་ལ་ཡིད་མ་ཆེས།།” ཅན་པོ། “རིགས་པས་དཔྱད་པ་ཤིང་རྟའི་སྲོལ་ལ་བརྟེན།  ཤིང་རྟ་ཆེན་པོ་རིགས་པའི་སྟོབས་ཀྱིས་སྒྲུབ།། རང་ཐག་ཆོད་ན་སུ་ཡི་རྗེས་སུ་འབྲང་།། རང་ཐག་མ་ཆོད་སུ་ལ་ཡིད་རྟོན་བྱེད།།” ཅན་པོ།“ཡང་དག་རིགས་པ་ངེས་དོན་ལུང་ལས་རྙེད།། དྲང་ངེས་ཁྱད་པར་དྲི་མེད་རིགས་པས་འབྱེད།། རིགས་པས་ཤེས་ན་ངེས་དོན་ཅི་ལ་འཚོལ།། རིགས་པས་མ་ཤེས་ངེས་དོན་ག་ལ་རྙེད།།”ཅེས་པ་འདི་ཚོ་རེད། དགེ་ཆོས་ཁོང་གིས་ནམ་རྒྱུན་སངས་རྒྱས་དང་། རྗེ་བཙུན་སྒྲོལ་མ། རྩ་གསུམ་ལྷ་ཡི་ཚོགས་ལ་གསོལ་འདེབས་ཡང་ཡང་འབྲི་གི་ཡོད་པ་དེ་ཚོ། ཁོང་ལྟར་ན་ནཱ་ལེན་དྲའི་ལྟ་གྲུབ་ཀྱིས་གཞལ་བྱའམ། གཞལ་ཐུབ་པ་ཞིག་ལ་འདོད་གི་མེད་པ་རེད། དགེ་ཆོས་ཀྱིས་ཆོས་ལ་དད་པ་བྱེད་སྟངས་དེ་ནི་ཆོས་ལུགས་རྐྱང་བར་དད་པ་བྱེད་པ་མ་གཏོགས། ཆོས་ལུགས་གང་རུང་ལྟ་གྲུབ་དང་རིགས་ལམ་སོགས་ཀྱིས་ཡང་དག་པའི་ཚད་མར་བསྒྲུབ། དེ་ནས་ཡང་དག་པའི་ཆོས་ལུགས་དེ་ལ་དད་པ་བྱེད་པ་ལྟ་བུའི་ནཱ་ལེན་དྲའི་འགྲོ་སྟངས་དང་གཏན་ནས་མི་འདྲ་བར་མཐོང་གི།

༧ ཚན་པ་འདི་ནས། ཕྲན་མགར་རྡོར་སྒེར་གྱི་བསམ་ཚུལ་ཞིག་ལ་ས་མིག་ལེན་གི་ཡིན། མིའི་རིགས་ཀྱི་ཤེས་རིག་དར་བའི་ལོ་རྒྱུས་ཀྱི་བབས་ལ་བལྟས་ན། ཆོས་ལུགས་དང་མཚན་ཉིད་རིག་པའམ་ལྟ་གྲུབ་གཉིས་ནི་རྩ་བ་ནས་ལམ་ཁ་མ་འདྲ་བ་གཉིས་རེད་འདུག ཆོས་ལུགས་ཀྱི་བྱིན་རླབས་ནི་དད་པ་དང་ཡིད་ཆེས་ཁོ་ནས་སྟེང་དུ་ཡོད་པ་ཞིག་རེད། ལྟ་གྲུབ་ཀྱིས་བཟོས་པའི་ཆོས་ལུནས་ནི་ཆོས་ལུགས་བཅོས་མ་རེད། འགྱིག་བཟོས་མེ་ཏོག་ལྟ་བུ་རེད། དེའི་བྱིན་རླབས་ཀྱང་དྲི་ཞིམ་བྱུགས་ཆུའི་དྲི་མ་ལྟ་བུ་རེད། སྤྱིར་བཏང་ནས་ཆོས་ལུགས་ཐམས་ཅད་མི་རྣམས་ཀྱི་བློ་ལས་འདས་པ། མིས་རིགས་པས་བཟོས་པའི་ལྟ་གྲུབ་སྣ་ཚོགས་པ་ཐམས་ཅད་ཀྱི་དཔྱད་པའི་ཡུལ་ལས་འདས་པ་ཞིག་རེད། ཆོས་ལུགས་ནི་རང་བྱུང་ཞིག་རེད། རང་བྱུང་གི་ཆོས་ལུགས་ནི་དད་པ་ཁོ་ནས་བསྐྱབ་ཡུལ་ཞིག་ཡིན་པ་མ་གཏོགས། རྟགས་དང་གཏན་ཚུགས་ཀྱི་རིགས་པས་དཔྱད་དེ་ཚད་མར་སྒྲུབ་བྱ་དེ་འདྲ་གཏན་ནས་མ་རེད། མདོར་ན་ཆོས་ལུགས་དངོས་གནས་དེ་ལྟ་གྲུབ་དང་རིགས་ལམ་གྱི་དཔྱོད་པའི་ཡུལ་ལས་འདས་པ་ཞིག་རེད།

༨ བདག་ནི་ནམ་རྒྱུན་ལྟ་གྲུབ་སྣ་ཚོགས་ལ་སློབ་སྦྱོང་བྱེད་མཁན་ཞིག་ཡིན། ནཱ་ལེན་དྲའི་ལྟ་གྲུབ་ཀྱང་ལྟ་གྲུབ་བྱེ་བྲག་པ་ཞིག་གི་ཚད་ལ་བཞག་ནས་སྦྱང་གི་ཡོད། མི་ཚེ་དེ་ལ་བལྟིམས་ནས་སྦྱང་མྱོང་མེད། འོན་ཀྱང་ནཱ་ལེན་དྲའི་ཆོས་ལུགས་ཀྱི་གཞི་རྩའི་ལྟ་བའི་སྙིང་བོ་དེ་ཚོ་ཧ་གོ་གི་ཡོད། དེ་ནི་གོ་མི་ཐུབ་པ་ཞིག་ཀྱང་མ་རེད། ཆོས་ལུགས་ཀྱི་ལྟ་གྲུབ་ཐམས་ཅད་ལས་ནང་ཆོས་འདི་ལྟ་གྲུབ་ཀྱི་རྒྱབ་ལྗོངས་གཏིང་ཟབ་ཤོས་ཡོད་མཁན་དེ་ཡིན་རྒྱུ་རེད། འོན་ཀྱང་འཇིག་རྟེན་ཡོངས་ཀྱི་ལྟ་གྲུབ་གཏིང་ཟབ་ཤོས་ཡིན་པའི་ངེས་པ་མི་འདུག སྣོད་བཅུད་གཉིས་ཀྱི་འཇིག་རྟེན་འདི་ཇི་ལྟར་ཡིན་ལུགས་ལ་སངས་རྒྱས་ཀྱི་རྗེས་འཇུག་ཡིན་སྐད། ནཱ་ལེན་དྲའི་མཁས་པ་ཚོས་བསམ་ཚུལ་ཞིག་བཏོན་པ་རེད། སྡེབ་གཅིག་ཏུ་དེ་ལྟར་ཡིན་པའི་ངེས་པ་ཡོད་མ་རེད། ཡང་སྡེབ་གཅིག་ཏུ་མ་ཡིན་པའི་ངེས་པའང་ཡོད་མ་རེད། མདོར་ན་སངས་རྒྱས་ཆོས་ལུགས་ཀྱང་འཇིག་རྟེན་འདིར་ཆོས་ལུགས་སྣ་ཚོགས་ཡོད་པའི་ནང་གི་གཅིག་ཙམ་རེད། སྟོན་པ་གོའུ་ཏམ་ཡང་སྟོན་པ་སྣ་ཚོགས་ཡོད་པའི་ནང་གི་གཅིག་ཙམ་རེད། ཁྱོད་ལ་ཁྱོད་ཀྱི་སྟོན་པ་དང་བསྟན་པ་རྩ་ཆེན་གལ་ཆེན་དང་ཚད་མ་ཡིན་པ་བཞིན་གཞན་ལའང་དེ་དེ་བཞིན་ནོ།། དེ་བས་རང་རང་ས་ནས་ཅིག་ལབ་ན་གཏོགས། གཞན་གྱི་ཆོས་ལུགས་ཁྱོད་ལ་མི་འགྲོ་བ་བཞིན་ཁྱོད་ཀྱི་ཆོས་ལུགས་ཀྱང་གཞན་ལ་འགྲོ་གི་མ་རེད། དེ་གནད་འགག་རེད།

༩ ཆོས་ལུགས་ཐམས་ཅད་ཀྱི་ལྕགས་རིའི་ནང་དུ་ང་བདེན་ཁོ་རྫུན་རེད་ཅེས་ལབ་ས་ཡོད་མ་རེད། སྤྱིར་ན་ཆོས་ལུགས་ཚང་མར་རང་རང་གི་ལྟ་གྲུབ་རེ་གླེང་རྒྱུ་ཡོད་འདུག འོན་ཀྱང་དྲང་མོ་བཤད་ན་དེ་ཚང་མ་རྣམ་བཞིག་ཅིག་ལ་འགྲེལ་བཤད་རྒྱབ་པ་ཙམ་རེད། ལག་པས་འཛིན་རྒྱུ་ཡོད་ས་མ་རེད། དེ་བཞིན་ལྟ་བ་རྟོགས་སོང་ཟེར་ནས་ལོག་ལོག་ཅིག་ལག་པས་འཛིན་རྒྱུ་ཡང་ཡོད་མ་རེད། གཞུང་ལུགས་རྩོམ་པ་བོས་རང་གི་རྣམ་བཞག་ལ་འགྲེལ་བཤད་ཅིག་རྒྱབ་པ་དེ་ལ་ལྟ་བ་ལབ་གི་ཡོད་རེད། ང་ཚོས་འགྲེལ་བཤད་དེའི་ནང་དོན་གོ་སོང་ན། དེ་ལ་ང་ཚོས་ཁོང་གི་ལྟ་བ་གང་ཡིན་པ་དེ་རྟོགས་སོང་ལབ་ན་འགྲིག་གི་ཡོད་རེད། དཔེར་ན་སྟོང་རྟེན་འབྱུང་སྟོན་པའི་གཞུང་ལུགས་དེ་ཚོ། དེ་རྩོམ་མཁན་གྱིས་ཆོས་རྣམས་ཀྱི་ཡིན་ལུགས་ཅི་ཡིན་ལ་ཁོང་ཚོས་བསམ་ཚུལ་བཏོན་པ་རེད། དེ་ལ་ང་ཚོས་ནཱ་ལེན་དྲའི་ནང་པའི་ལྟ་བ་ཞེས་བཏགས་པ་རེད། དེ་ཙམ་རེད། དེའི་ཕར་རྒྱབ་ན་ཆེན་པོ་ཞིག་སྔོག་ཡ་ཡོད་མ་རེད། ངོ་མ་ཡིན། དེ་ཙམ་ཧ་གོ་ཡ་ལས་སླ་བོ་ཡང་རེད། དགེ་ཆོས་དང་ངེད་གཉིས་མཐུན་ས་ཡང་ངས་བསམ་ན་གནད་འདི་རིགས་ནས་རེད་བསམ་གི་ཡོད།

༡༠ ད་ནི་དཀྱུས་ལ་འཇུག་པར་བྱ། ནཱ་ལེན་དྲའི་དབུ་མའི་ལྟ་བ་གང་ཡིན་ལ་དགེ་ཆོས་རང་གི་ངོས་འཛིན་དངོས་བཤད་པ། དབུ་མ་ཞེས་པའི་ཐ་སྙད་འདི་ནཱ་ལེན་དྲའི་ལྟ་གྲུབ་ནང་ཡང་ཡང་འབྱུང་བའི་ཐ་སྙད་གལ་ཆེན་ཞིག་རེད། འོན་ཀྱང་ཐ་སྙད་འདི་ནཱ་ལེན་དྲས་བེད་སྤྱོད་བཏང་བ་ཙམ་མ་གཏོགས། ནཱ་ལེན་དྲ་སྒེར་ལ་དབང་བའི་ཐ་སྙད་དེ་འདྲ་གཏན་ནས་མ་རེད། དབུ་མ་ཞེས་པ་སྤྱི་བཏང་གི་ཐ་སྙད་ཅིག་རེད། སུས་བེད་སྤྱོད་བཏང་བཏང་རེད། ནཱ་ལེན་དྲས་ཐ་སྙད་འདིའི་ཁོག་ལ་རང་གི་བསམ་ཚུལ་བླུགས་ནས་སངས་རྒྱས་ཆོས་ལུགས་ལ་རྣ་རྒྱན་བཏག་པ་རེད། དགེ་ཆོས་ཀྱིས་ནཱ་ལེན་དྲའི་མིང་གིས་བཟུང་ནས་དགག་པ་བརྒྱབ་པ་དེ་འདྲ་མཐོང་མྱོང་མེད་མོད། ཀླུ་སྒྲུབ་དགོངས་རྒྱན་ནང་གི་ཚིག་བཅད་ཁ་ཤས་ཀྱིས། ནཱ་ལེན་དྲས་བདེན་གཉིས་སོགས་གཉིས་ཅན་དག་གིས་ཆོས་རྣམས་ཀྱི་གནས་ལུགས་བཤད་སྟངས་ལ་དགག་པ་ཚ་ནན་བརྒྱབ་ཡོད་པ་ཤེས་གསལ་རེད། ནཱ་ལེན་དྲས་ཐག་བཅད་པ་དེ། ཐག་ཆོད་མེད་པར་བསྟན་པ་ལ། དཔེར་ན། “དཔྱད་པ་མཐའ་ལ་ཐུག་པས་མེད་དམ་སྙམ།། ལག་པ་ཁབ་ལ་འཕྲད་པས་ཡོད་དམ་སྙམ།། མྱོང་བ་མངོན་སུམ་ལག་པས་ཡིན་ནམ་སྙམ།། སྣང་བ་འཁྲུལ་བར་སྲིད་པས་མིན་ནམ་སྙམ།།” ཅན་པོ། “ཡོད་པའི་རྩ་བ་བཙལ་བས་མེད་དམ་སྙམ།། མེད་པའི་རྩེ་མོ་མཐོང་བས་ཡོད་དམ་སྙམ།། བདེན་པའི་ས་བོན་བཏབ་ན་རྫུན་པར་ཤེས།། རྫུན་པའི་འབྲས་བུ་མྱོང་ཚེ་བདེན་པར་སྣང་།།”ཞེས་པ་ལྟ་བུ་རེད། ཚིག་བཅད་འདི་ཚོའི་ཚིག་རྔར་སྙམ་སྙམ་སོགས་འདམས་ང་ཅན་གྱི་དམིགས་ཚིག་རེ་སྨྲས་པ་ནི། ནཱ་ལེན་དྲའི་མཁས་པ་ཚོར་དགེ་ཆོས་ཀྱིས་གུས་ཞབས་བྱས་པ་ཞིག་ལ་མཐོང་གི་ཡོད།

༡༡ དགེ་ཆོས་རང་གི་དབུ་མའི་ལྟ་བ་དངོས་གང་ཡིན་ལ་གུས་པས་ངོས་འཛིན་སྟངས་བཤད་ན། དགེ་ཆོས་ཀྱིས་དབུ་མ་བཤད་སྟངས་འདི་ནཱ་ལེན་དྲས་དབུ་མ་བཤད་སྟངས་ལྟ་བུའི་མགོ་སྙོག་ཉོག་དྲ་ཚ་བོ་དེ་འདྲ་ཞིག་མ་རེད། ཧ་ཅང་སྟབས་བདེ་ཞིང་གོ་སླ་བོ་ཞིག་རེད། དགེ་ཆོས་དང་ནཱ་ལེན་དྲ་གཉིས་ཀྱི་དབུ་མའི་ནང་དོན་གྱི་ཆ་ནས་ཁྱད་པར་ཆེན་པོ་རེད། དགེ་ཆོས་ཀྱི་དབུ་མའི་ནང་དོན་ནི། ཆོས་རྣམས་ཀྱི་རང་བཞིན་གནས་ལུགས་དཀྱིལ་ཏག་ཏག་ནས་བཀར་ཏེ་གཉིས་སུ་བཤད་པས་འཇིག་རྟེན་སྤྱི་ཡོངས་ཀྱི་དབུ་མ་ཆགས་ཡོད། ནཱ་ལེན་དྲའི་དབུ་མའི་ནང་དོན་ནི། ཆོས་རྣམས་ཀྱི་རང་བཞིན་གནས་ལུགས་བཤད་སྐབས། གཉིས་སུ་བཀར་ནས་བཤད་ཀྱང་དཀྱིལ་ཏག་ཏག་ནས་བཀར་ཐུབ་མེད། དཔེར་ན་གནས་སྐབས་དང་མཐར་ཐུག་ཅེས་གནས་སྐབས་དེ་རྫུན་མ་དང་མཐར་ཐུག་དེ་བདེན་པ་ལྟ་བུར་ངོས་བཟུང་ནས་བཤད་འདུག དེ་བས་ནཱ་ལེན་དྲའི་དབུ་མ་སངས་རྒྱས་ཆོས་ལུགས་ཁོ་ནའི་དབུ་མའམ། ཆོས་ལུགས་ཀྱི་ལྟ་བས་ཆོས་རྣམས་ཀྱི་རང་བཞིན་གནས་ལུགས་ལ་དབུ་མ་བཞག་པ་ཙམ་དུ་སོང་འདུག དེ་འདྲའི་དབུ་མ་ནི་དབུ་མ་ས་མཚམས་ཆུ་མཚམས་ཅན་ཡིན་པས་ཕྱོགས་རིས་ཅན་གྱི་དབུ་མར་འགྲོ་ཉེན་ཧ་ཅང་ཆེ། བཅོམ་ལྡན་འདས་ཀྱིས་མཐའ་གཉིས་དང་བྲལ་བའི་དབུས་ཞེས་གསུང་བ་ནི། ཟས་སྤྱོད་གཉིས་ཀྱི་འདུལ་བར་གཙོ་བོར་གསུང་ཞིང་། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་ཞེས་ལྟ་གྲུབ་ལྟ་བུར་གསུང་བ་དེ་ཞོར་འཕྲོས་སུ་གསུང་བར་སྣང་མོད། ནཱ་ལེན་དྲས་ཕྱི་མ་དེ་གཙོ་བོར་བཟུང་ནས་ལྟ་གྲུབ་ཀྱི་ངོ་བོར་བསྒྱུར། སངས་རྒྱས་ཆོས་ལུགས་ཀྱི་བཤད་བྱ་གཙོ་བོ་ལྟ་བུར་དེ་བསྒྲུབས། ལྟ་གྲུབ་དེ་ལ་དྲང་ངེས་ཞེས་པའི་རིགས་པ་གསར་བ་ཞིག་གིས་ཁ་རྒྱན་དཀྲིས། དེས་སངས་རྒྱས་ཆོས་ལུགས་ལ་ལུང་དོན་བཞག་ནས་དབྱེ་བ་བཀར། ནཱ་ལེན་དྲའི་རང་ལུགས་ཟུར་དུ་བཞག་ནས་རིང་ལུགས་སུ་ཆགས། དེ་ལྟ་བུའི་ལྟ་གྲུབ་ཀྱིས་ཆོས་རྣམས་ཀྱི་རང་བཞིན་གནས་ལུགས་ལ་དབུ་མས་བཤད་པ་བརྒྱབ་པ་ཡིན་པས། ནཱ་ལེན་དྲའི་ལྕགས་རི་ཁོ་ནའི་ནང་གི་དབུ་མ་ཆགས་པ་རེད། དགེ་ཆོས་ཀྱི་དབུ་མ་ནི་དེ་འདྲའི་ཉོག་དྲ་ཚ་བོ་ཞིག་མ་རེད། མདོར་སྡོམ་ན་དགེ་ཆོས་ཀྱི་དབུ་མ་ནི་གྲུབ་མཐས་བཟོས་པའི་དབུ་མ་དེ་འདྲ་མ་རེད། ཆོས་རྣམས་ཀྱི་རང་བཞིན་གཤིས་ལ་སྙོབ་པའི་རིགས་པ་ཞིག་རེད།

༡༢ དགེ་ཆོས་ལྟར་ན་བདག་མེད་པར་རྟོགས་པའི་ཤེས་རབ་ཡོད་པར་ཁས་ལེན་པ་བཞིན་བདག་ཡོད་པར་རྟོགས་པའི་ཤེས་རབ་ཀྱང་ཡོད་པར་ཁས་ལེན་གི་རེད་འདོད། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ནི་ངོས་གཉིས་ནས་གྲུབ་པ་དང་། དེ་ཡང་གནས་སྐབས་དང་མཐར་ཐུག ཀུན་རྫོབ་དང་དོན་དམ། སྣང་བ་དང་སྒྱུ་མ། ཚད་མ་དང་ཚད་མིན་ལྟ་བུས་དབྱེ་བ་བཀར་རྒྱུ་ཅན་ཞིག་མ་ཡིན་པར། སྐྱེ་གནས་འཇིག་གསུམ་ཐམས་ཅད་ནས་ངོས་གཉིས་ཀྱིས་གྲུབ་ཡོད་པར་སྨྲ་བཞིན་འདུག ཆོས་རྣམས་ཀྱི་བཞིན་དངོས་ནི་རིགས་པས་དཔྱད་དེ་མཐའ་མའི་ཐག་ཆོད་གཅིག་གི་ནང་བླུགས་མི་ཐུབ་པར་ལྟ་བཞིན་འདུག དེ་ཐུབ་པར་འདོད་པའི་ལྟ་གྲུབ་ནི་དགེ་ཆོས་ཀྱིས་ནམ་ཡང་ཁས་མི་ལེན་པར་བསྟན་འདུག དཔེར་ན་ཁོང་གི་ཚིག “དཔྱད་པ་མཐའ་ལ་ཐུག་པས་མེད་དམ་སྙམ།།” ནཱ་ལེན་དྲའི་རིག་པའི་འགྲོས་ལྟར་ཆོས་ཀྱི་རང་བཞིན་གནས་ལུགས་དཔྱད་པའི་མཐའ་ལ་ཐུག་ན། དངོས་ནས་ད་ཅང་ཡོད་ས་མ་རེད་སྙམ་པ་དེ་འདྲ་དགེ་ཆོས་ཁོང་ལའང་སྐྱེ་གིན་ཡོད་ས་རེད། འོན་ཀྱང་”ལག་པ་ཁབ་ལ་འཕྲད་པས་ཡོད་དམ་སྙམ།།”པའི་སྣང་བ་འདི་ཡང་མྱོང་བ་མངོན་སུམ་ཡིན་པས། “ཡོད་མེད་བློ་ཡིས་བཞག་པའི་ཤེས་བྱ་དང་།། བདེན་རྫུན་ཡུལ་ལ་ལྟོས་པའི་ཚད་མ་གཉིས།། གཅིག་གི་རྫུན་ཁུངས་གཅིག་ལ་གཏད་མཐོང་ནས།། ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།”ཞེས་པ་འདི་བྱུང་བ་རེད། འདིའི་ཐ་སྙད་ཚད་གྲུབ་འཇོག་པར་བློ་མི་བདེ་བ་དེ་ཙོང་ཁ་པས་ཐ་སྙད་ཚད་གྲུབ་བཞག་པར་བློ་མ་བདེ་བ་མ་རེད། ནཱ་ལེན་དྲས་བདེན་གཉིས་ཚད་གྲུབ་ཡིན་ཞེས་པའི་ཐ་སྙད་དེ་ཚད་མར་གྲུབ་པར་དགེ་ཆོས་ཁོང་བློ་མ་བདེ་བ་རེད། སྤྱིར་ན་དགེ་ཆོས་ཀྱིས་ནཱ་ལེན་དྲའི་ཀུན་རྫོབ་དང་དོན་དམ་གཉིས་ཀ་ཚད་མར་གྲུབ་པར་ཁས་ལེན་གྱིན་མེད་པར་བདག་གིས་འདོད་དོ།།

༡༣ ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། ཉོག་རོང་ཟླ་བཟང་གིས་ཟིན་བྲིས་སུ་བཏབ་པའི་ཀླུ་སྒྲུབ་དགོངས་ནང་དུ་དགེ་ཆོས་ཀྱི་ལྟ་བ་མཚོན་པའི་ཚིག་བཅད་དུམ་སྐོར་ཞིག་བཞག་འདུག ཚིག་བཅད་ཁ་ཤས་ཀྱི་ཚིག་རྔར་ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ་ཞེས་ཡང་ཡང་བྱུང་འདུག་པས། གང་ཟག་བློ་དམན་ཁ་ཤས་ཀྱིས་ཚིག་བཅད་འདི་རིགས་ཀླུ་སྒྲུབ་དགོངས་རྒྱན་གྱི་རྩོམ་གདན་ལྟ་བུར་གོ་བ་བླངས་ནས། ཙོང་ཁ་པས་ཐ་སྙད་ཚད་གྲུབ་བཞག་པར་དགག་པ་བརྒྱབ་པར་ངོས་བཟུང་འདུག་མོད། “གྲོགས་པོ་མཚན་མར་ཞེན་པའི་བདེན་འཛིན་དང་།། གྲོགས་ཀྱིས་ཕན་པར་རྟོགས་པའི་ཚད་མ་གཉིས།།” “དགྲ་བོ་བདེན་པར་ཞེན་པའི་དངོས་འཛིན་དང་།། དགྲ་ཡིས་གནོད་པར་ངེས་པའི་ཚད་མ་གཉིས།།”ཀྱིས་སྲེད་པ་དང་ཞེ་སྡང་སྐྱེད་ལ་ཁྱད་པར་མ་མཐོང་བས། ཙོང་ཁ་པས་ཐ་སྙད་ཚད་གྲུབ་བཞག་པར། དགེ་ཆོས་ཁོང་”ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།”བ་ཡིན་གཤིས་ཆེ། “ཤེས་རབ་སྦྱངས་པས་མི་ཚེ་ཟད་བྱས་པའི།། གྲུབ་མཐའ་མཁན་པོའི་བློ་ཡང་འཁྲུལ་གྱུར་ན།། འཇིན་རྟེན་བླུན་པོའི་རྫུན་གྱི་སྣང་བ་ལ།། ཐ་སྙད་ཚད་མར་ཡིད་རྟོན་བྱེད་པ་འཁྲུལ།།”ལྟ་བུའི་ཚིག་བཅད་འདི་ཙམ་མ་གཏོགས། ཚིག་བཅད་གཞན་ཕལ་ཆེ་བ་ཀླུ་སྒྲུབ་དགོང་རྒྱན་གྱི་ནང་དོན་དང་གཏན་ནས་འབྲེལ་བ་མེད་པར་བདག་གིས་མཐོང་། དེས་ན་དགེ་ཆོས་ཁོང་དོན་ངོ་མར་”ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།”ཟེར་བའི་བློ་མི་བདེ་སའི་ཐ་སྙད་ཚད་མ་དེ་གང་རེད་ལབ་ན། དེ་ནི་འདི་ལྟར་ཡིན་འདུག “བློ་ལ་སྣང་བ་ཙམ་གྱི་སྒྱུ་མ་དང་།། དོན་ལ་ཡིན་པར་ངེས་པའི་གཤིས་ལུགས་གཉིས།། གཅིག་ཤོས་བདེན་ན་གཅིག་ཤོས་རྫུན་མཐོང་ནས།། ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།” “རྗེས་དཔག་ཚད་མ་མངོན་སུམ་བློ་ལས་སྐྱེས།། མངོན་སུམ་བདེན་རྫུན་རྗེས་སུ་དཔག་པས་དཔྱད།། ཕ་ཡི་དཔང་པོ་བུ་ཡིས་བྱས་པ་འདིས།། ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།”ཟེར་བ་འདི་རིགས་རེད་འདུག འདི་ཡིན་ན་དེ་ལ་མ་འགྲིག་པ། དེ་ཡིན་ན་འདི་ལ་མ་འགྲིག་པ་ལྟ་བུའི་ནཱ་ལེན་དྲའི་བདེན་པ་བཤད་སྟངས་འདི་ལ། ཐ་སྙད་ཀྱིས་ཚད་མར་གྲུབ་ཚུལ་ཇི་ལྟར་བཤད་ཀྱང་བཤད་པ་བདེན་པས་སྟོང་པས། དགེ་ཆོས་ཀྱིས་ཚིག་བཅད་འདི་རིགས་ཆེད་དུ་ནཱ་ལེན་དྲར་བྲིས་པ་ཞིག་ལ་བདག་གིས་མཐོང་གི་ཡོད་ལགས།

༡༤ དགེ་ཆོས་རང་གི་གཞི་རྩའི་ལྟ་བ་མདོར་བསྟན་པ་ནི། “བཞིན་རས་ཅུང་ཟད་འགྱུར་བས་འགྱུར་བྱེད་ཅིང་།། མེ་ལོང་ཅུང་ཟད་འགྱུར་ཡང་འགྱུར་བྱེད་པའི།། མི་བརྟན་འགྱུར་བའི་ཤེས་བྱའི་གཟུགས་བརྙན་འདི།། ནམ་ཞིག་མཁའ་ལ་གཏན་དུ་ཡལ་བར་ངེས།།” ཞེས་པའི་ཚིག་བཅད་འདིས་གསོན་ཉམས་ལྡན་པ་ཞིག་བསྟན་འདུག་སྙམ་གི། ཆོས་རྣམས་ཀྱི་རང་བཞིན་གཤིས་ལུགས་ནི་ངོས་གཉིས་ལས་གྲུབ་པ་དང་། ངོས་གཉིས་དེའང་གཅིག་ཚབ་གཅིག་གིས་བྱེད་མི་ཐུབ་པར། མེ་ལོང་དང་བཞིན་རས་གཉིས་ཀ་རེ་རེ་ནས་ཅུང་ཙམ་འགྱུར་ན། ཡུལ་གཉིས་ལ་ཤུགས་རྐྱེན་ཐེབས་པ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་བསྟན་འདུག ངོས་འདི་གནས་སྐབས་ཀྱི་བདེན་པ་རེད། ངོས་དེ་མཐར་ཐུག་གི་བདེན་པ་རེད་ཅེས་དབྱེ་བ་བཀར་བ་ལྟ་བུ་མ་ཡིན་པར། བེམ་ཤེས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྐྱེ་གནས་འཇིག་གསུམ་ཐམས་ཅད། ངོས་དེ་གཉིས་དང་ཁ་གཏན་ནས་འབྲལ་ཐབས་མེད་པར་འདོད་པ་དེ་ཁོང་གི་གཞི་རྩའི་ལྟ་བ་རེད། ལྟ་བ་དེ་ལ་”དམ་པའི་ཆོས་”ཀྱི་འཇིག་རྟེན་ལྟ་ཚུལ་ལྟར་”མི་བརྟན་འགྱུར་བའི་ཤེས་བྱའི་གཟུགས་བརྙན་འདི།། ནམ་ཞིག་མཁའ་ལ་གཏན་དུ་ཡལ་བར་ངེས།།” ཞེས་མི་རྟག་པ་སྟོན་པའི་མགུར་ལྟ་བུ་དེ་འདྲ་ཡང་ཡང་འབྲི་རྒྱུར་ཁོང་ཐུགས་ཧ་ཅང་མཉེས་པོ་ཡོད་པར་སྙམ་མོ།

༡༥ “གང་གི་ཐུགས་བརྩེས་ཉེར་བཟུང་ནས།། ལྟ་བ་ཐམས་ཅད་སྤང་པའི་ཕྱིར།། དམ་པའི་ཆོས་ནི་སྟོན་མཛད་པ།། གོའུ་ཏམ་དེ་ལ་ཕྱག་འཚལ་ལོ།།”ཀླུ་སྒྲུབ་ཀྱིས་སྟོན་པ་གོའུ་ཏམ་དང་ཁོང་གི་ཆོས་ལུགས་ལ་ལྟ་སྟངས་དངོས་གནས་དེ་འདི་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཆེན་པོས་སེམས་ཅན་ལ་”དམ་པའི་ཆོས་”སྟོན་པ་མ་གཏོགས། འགལ་བ་མང་ལ་ཐག་ཆོད་མེད་པའི་ལྟ་གྲུབ་ཐམས་ཅད་ནི་སྤང་ཅི་ཐུབ་མཛད་ཡོད། འོན་ཀྱང་ནཱ་ལེན་དྲའི་ཁོར་ཡུག་ནས་”དམ་པའི་ཆོས་”དེ་ཡང་རྩོད་སྒྲུབ་ཀྱི་བརྗོད་བྱར་བཞག་སྟེ་ལོ་ངོ་བརྒྱ་ཕྲག་མང་པོར་བརྩད་པ་རེད། ཕྱི་ལ་རྩོད་ཅིང་ནང་ལ་རྩོད་རེད། སེམས་ཙམ་པའི་སློབ་དཔོན་ཙན་ཏྲ་གོ་མི་དང་དབུ་མའི་སློབ་དཔོན་ཟླ་བ་གྲགས་པ་གཉིས་ཀྱིས་ནཱ་ལེན་དྲར་ལོ་ངོ་བདུན་གྱི་རིང་རྩོད་པ་བརྒྱབ་ཀྱང་ཐག་མ་ཆོད་པར་ད་ལྟ་བར་ལྷག་པ་རེད། མཐར་དགེ་ཆོས་ཀྱིས་“རང་སྐྱོན་རི་བོ་འགེབ་པའི་སྔ་རྒོལ་དང་།། གཞན་སྐྱོན་ཁབ་ཀྱིས་འཚོལ་བའི་ཕྱི་རྒོལ་གཉིས།། གཅིག་ལས་གཅིག་རྒྱལ་རེས་སུ་བྱེད་མཐོང་ནས།། ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།”ཞེས་སྐད་ཤོར་བ་རེད། དགེ་ཆོས་ལགས་ནི་”དམ་པའི་ཆོས་”ཁོ་ན་སྐྱབས་སུ་འཛིན་མཁན་ཞིག་རེད་ལ་ཕྲན་མགར་རྡོར་ཡང་དེ་བཞིན་ཡིན། འོན་ཀྱང་དགེ་ཆོས་ཁོང་གིས་ཆོས་རྣམས་ཀྱི་རང་བཞིན་གནས་ལུགས་ནཱ་ལེན་དྲ་ལས་གཞན་ཞིག་རྟོགས་ནས། ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པ་ཞིག་ལ་བདག་གིས་ཡིད་ཆེས་བྱེད་ཀྱིན་ཡོད་མོད། ཕྲན་མགར་རྡོར་གྱིས་ནི་”དབུ་སེམས་མཁན་པོའི་ལྟ་གྲུབ་འགལ་ལུགས་འདིས།། དཔྱོད་ལྡན་མཁས་པའི་བློ་ལ་ཡིད་མ་ཆེས།།”པར། “མ་བརྟག་མ་དཔྱད་འཇིག་རྟེན་རྣམ་གཞག་དང་།། བརྟགས་ཤིང་དཔྱད་པའི་གྲུབ་མཐའི་གཞུང་ལུགས་གཉིས།། གཅིག་གི་རྩ་བ་གཅིག་ལ་ཐུག་མཐོང་ནས།། ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།”ནས། མཁས་དབང་དགེ་འདུན་ཆོས་འཕེལ་དང་གུས་པ་མགར་རྡོར་རང་གི་བསམ་ཚུལ་གཉིས་གཅིག་མཚུངས་ལྟ་བུར་མཐོང་། དེ་ལ་རྩོམ་ཡིག་ཅིག་ཀྱང་འབྲི་འདུན་བྱུང་བ་བཞིན་བྲིས་པ་ལགས། བསམ་པ་དག་པས་ཚུལ་འདི་རྩོམ་ཡིན་པས།། ཚངས་དང་དབང་པོ་སོགས་ཀྱིས་གྲོགས་མེད་ཀྱང་།། དགེ་ཆོས་གླེང་བར་དགའ་བའི་གྲོགས་རྣམས་ཀྱིས།། ལྷག་བསམ་དག་པས་ཚུལ་འདི་བཞེས་པར་མཛོད།།

2025.5.10 ཉིན་རྩོམ་མཇུག་ལེགས་པར་གྲུབ་པས་དགའ་བ་སྐྱེས། དགའ་བའི་དགེ་བ་འདི་ནི། ལྟ་བ་འཚོལ་བའི་སྐྱེས་བུ་གང་གིས་ལྟ་བའི་དཔྱད་པ་རྫོགས་པའི་རྒྱུ་རུ་བསྔོའོ།།

བསམ་ཚུལ།

Post navigation

Previous Post: ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
Next Post: ཨེ་ལི་སི།

Comments (2) on “ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།”

  1. གཞུང་པ་ཚེ་དབང་བསོད་ནམས། says:
    2025-05-20 at 8:50 am

    ཨ་མདོ་དགེ་འདུན་ཆོས་འཕེལ་ནི་དུས་རབས་ཉི་ཤུ་ནང་གི་བོད་མི་གསར་བརྗེ་བ་དང་མཁས་དབང་ཞིག་ཀྱང་རེད། ཁོང་གི་ལོ་རྒྱུས་དེབ་ཀློག་རྒྱུའི་གོ་སྐབས་བརྒྱུད་ནས་རྒྱལ་རབས་གསལ་བའི་མེ་ལོང་དང་། འདོད་པའི་བསྟན་བཅོས་སོགས་ལ་ལྟ་སྐབས་ཁོང་ནི་བོད་མི་གསར་བརྗེ་དང་པོ་ཡིན་པ་ནི་མཐའ་མ་ཁོང་སྡེ་གཞུང་གི་སྐུ་དྲག་ཚོའི་ལག་ཏུ་ཚུད་ནས་བརྩོན་ཁང་དུ་སྐུ་ཚེ་ཤོར་བ་ནི་བོད་མི་རིགས་ལ་བསམ་ན་གྱོང་རྒུན་ཆེན་པོ་ཕོག་པར་ངོས་འཛིན་བྱེད་ཀྱི་ཡོད། ༼བོད་མི་གསར་བརྗེ་བ་མཁས་དབང་དགེ་འདུན་ཆོས་འཕེལ་རྒྱལ་རྒྱུར་ཅིག ༽

  2. གཞུང་པ་ཚེ་དབང་བསོད་ནམས། says:
    2025-07-09 at 5:38 pm

    བོད་ཀྱི་སྐུ་གྲགས་མིང་འཛིན། གྲལ་རིམ་སྒེར་དབང་འོག་ཏུ། བོད་འབངས་གངས་རིའི་གསེབ་ཏུ། བརྩོན་ཁང་ཆེན་པོར་རྒྱུར་འདུག འཛམ་གླིང་ཁ་བྲལ་རྗེས་ལུས། སྐུ་གྲགས་གྲལ་རིམ་འོག་ཏུ། རྒྱ་ཡིས་བོད་ཡུལ་བཅོམ་སོང་། ནང་ཁུལ་ཆབ་སྲིད་འཐབ་རྩོད། རྩིས་དཔོན་མིག་གཉིས་ལྐོག་འདུག། བོད་མི་གསར་བརྗེ་མཁས་དབང་། ཨ་མདོ་དགེ་འདུན་ཆོས་འཕེལ། ཕྲག་དོགས་འོག་ཏུ་བརྩོན་བཅུག མཐའ་མ་བརྩོན་ཁང་ནང་དུ། རིན་ཆེན་སྐུ་སྲོག་ཤོར་འདུག ར་སྟག་དོན་རྐྱེན་འོག་ཏུ། རྒྱ་དམར་བོད་དུ་གདན་འདྲེན། ནང་ཁ་མ་འཆམ་བྱས་འདུག ཨ་ཁ་བོད་ཀྱི་སྐུ་གྲགས་མི་སྣ། ལས་ངན་རང་གིས་བསགས་འདུག སྙིང་རྗེ་སྐྱེ་བའི་ཡུལ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme