Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནས་སྐོར།

Posted on 2023-12-05 By ཁ་བརྡ་ 1 Comment on གནས་སྐོར།

ཆབ་མདོ་ངག་དབང་ཕུན་ཚོགས།

སྔོན་གླེང་ཐུང་།

གནས་མཆོག་ཁྱད་དུ་འཕགས་པ་གར་ཞ་འཕགས་པའི་ཡུལ་དུ་གནས་སྐོར་ཕྱིན་པ་དང་འབྲེལ་བའི་སྐོར་ལ་བཤད་ཡོད་ཅིང་། གལ་སྲིད་རྣམ་པ་ཚོ་གནས་སྐོར་ཕེབས་དུས་གནས་དེ་དག་གི་ལོ་རྒྱུས་ཕྲན་བུ་ཤེས་ཚེ་གནས་སྐོར་གནང་དུས་སེམས་ནང་དུ་ཕན་ཐོགས་ཆེ་བ་ཡོང་ངེས་སྙམ་སྟེ། ང་རང་གི་གནས་ཡིག་ཁག་ལ་གཞི་རྩར་བཟུང་སྟེ་འདི་ཉིད་ཕྱོགས་བསྒྲིགས་བྱས་ཡོད་པ་དང། གལ་སྲིད་རྣམ་པ་ཚོས་འདི་ཉིད་ཐེངས་གཅིག་ཀློག་ན་ཕན་ལས་གནོད་པ་གང་ཡང་མེད།

ལྷག་པར་སློབ་དཔོན་ཟམ་གདོང་རིན་པོ་ཆེས། “གནས་ཆེན་ཁག་ཏུ་འགྲོ་རྒྱུ་དང་། འགྲོ་སྟངས་ཀྱང་ཤེས་རིག་ལྟ་སྐོར་ཡིན་པ་ལ་སློབ་གཉེར་བ་མང་ཆེ་བ་ནང་པ་ཡིན་ཙང་གནས་མཇལ་དང་སྦྲགས་ནས་འགྲོ་རྒྱུ་བྱུང་ན་གཅིག་གོ་གཉིས་ཆོད་ཆགས་རྒྱུ་རེད་ཅེས་བཀའ་མོལ་བྱུང་བ་རེད། ལར་ནས་བོད་པས་གནས་མཇལ་དུ་མང་པོ་བསྐྱོད་ཀྱང་དེའི་དོན་གྱི་ཐོག་ལ་བསམ་བློ་གཏོང་མཁན་དཀོན་པོ་རེད་ལ། བར་ལམ་གནས་མཇལ་ཞེས་པ་དེ་གང་ཡིན་སྐོར་ལ་ཕལ་ཆེར་བགྲོ་གླེང་བྱེད་མཁན་ཙམ་ཡང་མེད་པར། ཚང་མས་ཡིན་ཤག་གིས་འགྲོ་བསྡད་པ་མ་གཏོགས།” ཞེས་དང་། ཡང་ཁོང་གིས་གསུང་དོན་ལས། “གནས་མཇལ་དུ་འགྲོ་བའི་དགོས་པ་དང་དེའི་ཕན་ཡོན། ཇི་ལྟར་འགྲོ་དགོས་པ། གང་དུ་འགྲོ་དགོས་པ་སོགས་ཀྱི་སྐོར་ལ་ཕྲན་བུ་བགྲོ་གླེང་བྱུང་ན་མ་འོངས་པར་སློབ་ཕྲུག་ཚོས་དེ་ཚོ་ལ་ཉམས་ཞིབ་བྱེད་པའི་གོ་སྐབས་ཡོང་སྲིད་ལ། དེ་ནས་འཆར་ཅན་གྱིས་འགྲོ་བ་མིན་པར། དགོས་པ་དང་རྒྱུ་མཚན་འདི་འདྲ་ཐོག་ནས་འགྲོ་བ་དང་། འགྲོ་དུས་འདི་ལྟར་བྱེད་དགོས་སྙམ་པ་བྱུང་ན་ཕན་ཐོགས་ཡོང་རྒྱུ་རེད།” ཅེས་བཀའ་སློབ་ལམ་སྟོན་ཟབ་མོ་གནང་དོན་ལྟར། གནས་ཆེན་སྐོར་དུས་ཡུལ་དངོས་ཀྱི་ལོ་རྒྱུས་དེ་དག་རང་གི་སེམས་ནང་གང་ཞིག་མཐོང་བ་དང་། གཞན་ཡང་གནས་ཡིག་ཁག་ནས་གསུངས་པ་རྣམས་ཕྱོགས་བསྒྲིགས་གནང་བ་ཡིན་ན་ཕན་ལས་གནོད་པ་གང་ཡང་ཡོད་ས་མ་རེད་སྙམ་ནས་བསྒྲིགས་པ་ཞིག་ཀྱང་ཡིན། ལྷག་དོན་གཞི་རྩ་བཟུང་ས་ནི་རྣམ་སྤེལ་ཚང་བློ་བཟང་སྦྱིན་པ་ལགས་ནས་གར་ཞའི་འཕགས་པའི་གནས་བཤད་སྙིང་བསྡུས་དང་། དེ་བཞིན་མཁན་པོ་དཀོན་མཆོག་སྨོན་ལམ་ལགས་ནས་ཕྱོགས་བསྒྲིགས་གནང་བ། དེ་བཞིན་ཆོས་ལུགས་གཉིས་ཀྱི་གནས་ཆེན་ཞེས་པའི་རྩོམ་ཡིག་བཅས་ལ་གཞི་རྩའི་བཟུང་ནས་ཕྱོགས་བསྒྲིགས་བྱ་ཁུལ་བྱས་ཡོད་པ་ཞིག་ཀྱང་ཡིན། འོན་ཀྱང་འདི་དག་ནང་དུ་སྐྱོན་དང་ནོར་འཁྲུལ་ཡོད་སྲིད་པའི་གཟུར་གནས་མཁས་དབང་རྣམ་པ་དང་། ཀློག་པ་པོ་ཚོའི་མདུན་དུ་བཟོད་གསོལ་ཞུ་རྒྱུ་ལས་མ་འདས།

གར་ཞ་འཕགས་པ་གནས་སྐོར་ཕྱིན་པ་ལས་འཕྲོས་པའི་གཏམ།

༄༅།། རྒྱ་གར་འཕགས་པའི་ཡུལ་དུ་སླེབས་ནས་ལོ་ངོ་སོ་བཞི་ལྷག་ཙམ་འགྲོ་བཞིན་འདུག་རུང་། དེ་ནང་ནས་སྡོད་ཡུན་རིང་ཤོས་ཧི་མ་ཅལ་མངའ་སྡེ་དྷ་རམ་ས་ལ་ཡིན་ནའང་། ད་བར་གར་ཞ་འཕགས་པར་གནས་མཇལ་དུ་འགྲོ་དགོས་བསམ་བཞིན་ད་བར་ལྷག་སོང་ཞིང་། བོད་མི་ཚོས་སངས་རྒྱས་ལྷ་ཡུལ་ནས་མི་ཡུལ་དུ་བབས་པའི་དུས་ཚེས་དེ་ལོ་ལྟར་ཧོར་ཟླ་དགུ་པའི་ཚེས་ཉི་ཤུ་རྩ་གཉིས་ཉིན་འཁེལ་བར་གཏན་འཁེལ་གྱིས་སྲུང་བརྩི་ཞུ་བ་ཡིན། ལྷག་པར་དུ་དེ་ཉིན་ཡིན་གཅིག་མིན་གཅིག་བསང་གསོལ་དང་མཆོད་མཇལ་དུ་བསྐྱོད་པ་སོགས་རྒྱུན་གཏན་དང་མི་འདྲ་བར་རྣམ་དཀར་དགེ་བའི་ཚོགས་རླབས་པོ་ཆེ་གསོག་པའི་དོན་དུ་འབད་བརྩོན་ཆེན་པོ་བྱེད་སྲོལ་ཡོད་པར་སོང་། དུས་ཆེན་ཁྱད་པར་ཅན་ཞིག་ཡིན་དུས་གནས་སྐོར་ཕྱིན་ཚེ་དགེ་མཚན་ཆེ་བ་མཐོང་ནས་འགྲུལ་བཞུད་ཀྱི་ལམ་དུ་ཆས་པ་ཡིན།

དེ་ཡང་། མན་དེའི་ཆུའི་བརྒྱུད་ནས་མོ་ཊོར་ལས་ཀུ་ལུའམ་ཉུང་ཏི་དང་། དེ་ནས་མ་ནཱ་ལཱི་བརྒྱུད་དེ་རོ་ཐང་ལ་བརྒལ་ནས་འགྲོ་དགོས་པ་དང་།

གནས་དེར་རྒྱ་གར་བ་ཚོས་ཏྲི་ལོག་ན་ཐ་ལྷ་ཁང་ཞེས་འབོད་པ་དང་། བོད་པ་ཚོས་གར་ཞ་འཕགས་པའམ་ར་འཕགས་ཞེས་འབོད་ཅིང་ཧིན་རྡུ་ཆོས་ལུགས་དང་ནང་པའི་ཆོས་ལུགས་གཉིས་ཀྱི་ཐུན་མོང་གི་གནས་ཆེན་ཞིག་ཏུ་ངོས་འཛིན་གནང་ནས་གནས་སྐོར་ཕེབས་མཁན་དབྱར་དགུན་སྟོན་དཔྱིད་རྒྱུན་མི་ཆད་པར་ཕེབས་མཁན་ཡོད་པ་རེད། དེ་ཡང་ཊྲི་ལོག་ན་ཐ་ལྷ་ཁང་ངམ། ཡང་ན་གར་ཞ་འཕགས་པ་ནི་ཆེ་རབ་ཆུ་བོའི་ལྷོ་ཕྱོགས་ཀྱི་གཡོན་ངོས་སུ་སྤྱི་ལེ་དྲུག་གི་གྲོང་གསེབ་ཏུ་ཆགས་ཡོད་ཅིང་། མཐོ་ཚད་ལ་རྒྱ་མཚོ་ངོས་ནས་སྤྱི་ཁྲུ་ ༩༠༥༥ ཡོད་པ་བཤད་ལ། ཨུ་དྷེ་པུར་གྲོ་ཚོ་ནས་རྒྱ་ཐག་སྤྱི་ལེ་ ༩ ཡོད་པ་ཡང་གྲགས། དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༣ དེས་གཟའ་པ་སངས་ཉིན་གྱི་དགོང་མོ་གནས་མཆོག་གར་ཞ་འཕགས་པ་མཁའ་འགྲོ་འི་གླིང་དུ་གནས་མཇལ་དུ་འགྲོ་རྒྱུར་ཐག་བཅད། ལས་མཚམས་གྲོལ་རྗེས་ལམ་སེང་དྷ་ཤོད་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་སུ་ཕྱིན་ནས་མ་ནཱ་ལཱི་ན་བར་སྤྱི་སྤྱོད་འཁོར་གླའི་འཛིན་བྱང་ཉོས། ཧི་མ་ཅལ་མངའ་གཞུང་གིས་དབུ་མེད་ལ་དམིགས་བསལ་གནང་ནས་འཁོར་གླའི་རིན་པ་ཕྱེད་ཀ་ལས་སྤྲོད་དགོས་ཀྱི་མི་འདུག །དྷ་རམ་ས་ནས་མ་ནཱ་ལཱི་བར་ཀི་ལོ་མེ་ཊར་ཉིས་བརྒྱ་སོ་གསུམ་ཙམ་རེད་འདུག་ཅིང་། རེས་གཟངའ་པ་སངས་ཉིན་གྱི་དགོང་མོ་ཕྱིན་པ་ན་ཞོགས་པ་ཆུ་ཚོད་ལྔ་པ་མ་ཟིན་ཙམ་མ་ནཱ་ལཱི་ལ་བདེ་བར་འབྱོར་གྱི་འདུག་ཅིང། སྐབས་དེ་དུས་རླངས་འཁོར་ནང་དུ་གར་ཞ་འཕགས་པ་མཁའ་འགྲོ་གླིང་དུ་གནས་མཇལ་དུ་ཕེབས་མཁན་བལ་བོད་ས་མཚམས་ནས་ཕེབས་པ་འགའ་ཤས་འདུག་ཅིང་། ཁོང་ཚོ་མཉམ་དུ་འགྲོ་རྒྱུ་བྱས་ཏེ་རླངས་འཁོར་ཆེ་བ་ཞིག་གླས་ནས་ཕྱིན། ཞོགས་པ་གནམ་གཤིས་གྲང་ཞིང་། ལམ་ཁ་གཡས་གཡོན་ལ་བལ་མོ་དཀར་ཁྱབ་ཁྱབ་ཆགས་པ་དང་། སྔོན་མ་ཡིན་ན་རོ་ཐང་ལ་མོ་བརྒྱབ་ནས་འགྲོ་དགོས་དུས་དཀའ་ངལ་ཡོད་པ་འདྲ་ཡང་དེང་སྐབས་ལ་མོ་བརྒལ་མི་དགོས་པ་ས་འོག་ནས་འཛུལ་ནས་འགྲོ་སའི་གཞུང་ལམ་སྤུས་དག་པོ་བཟོས་འདུག་ཅིང། དཀའ་ངལ་གང་ཡང་མི་འདུག །

དེ་ཉིན་གནམ་གཤིས་མདངས་ཤིང་ལམ་ཁ་གཡས་གཡོན་ལ་ཐང་ཤིང་ཐ་ཐོར་མཐོང་རྒྱུ་འདུག་ལ། རི་བོ་མཐོ་ཞིང་། རི་རྩེ་གངས་ཀྱིས་གཡོག་པ་དང་། རི་གཤམ་ལ་གྲོང་མི་ཡང་འགའ་ཤས་གནས་ཡོད་པ་མཐོང་རྒྱུ་འདུག །དེ་ཡང་དྲིལ་བུ་རིའི་གནས་བཤད་ལས། “དབུས་རི་བླ་མ་ཁྲི་ལ་བཞུགས་པ་འདྲ། །སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བའི་རྟགས། །རྒྱབ་རི་བཀའ་རྒྱུད་ཕོ་ཁྲོམས་འདྲ་བ་དེ། །བཀའ་རྒྱུད་བླ་མའི་གདན་ས་ཡིན་པའི་རྟགས། གཡས་རི་ཁྲོ་མོ་འགྱིང་པ་འདྲ་བ་དེ། །ཤེས་རབ་དཔའ་མོའི་བཞུགས་ས་ཡིན་པའི་རྟགས། །མདུན་རི་རྒྱག་རྒྱ་བསྣོལ་བ་འདྲ་བ་དེ། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་རྟགས། །གངས་རི་དཀར་པོ་ཏི་སི་འདྲ་བ་དེ། །ཏི་སི་གནས་དང་ཁྱད་པར་མེད་པའི་རྟགས། །རི་གསུམ་འདུས་པ་ལ་ཕྱི་འདྲ་བ་དེ། །ལ་ཕྱིའི་གནས་དང་ཁྱད་པར་མེད་པའི་རྟགས། །ཆུ་གསུམ་འདུས་པའི་ཆུ་དབར་འདྲ་བ་དེ། །ཆུ་དབར་གནས་དང་ཁྱད་པར་མེད་པའི་རྟགས། །ཐམས་ཅད་ཚང་བ་ཙཱ་རི་འདྲ་བ་དེ། །ཙཱ་རིའི་གནས་དང་ཁྱད་པར་མེད་པའི་རྟགས། །བྲག་རི་རྩེ་མཐོ་གནམ་ལ་སྙེགས་འདྲ་དེ། །མཐོ་རིས་ཐར་ལམ་རྩོལ་མེད་འགྲོ་བའི་རྟགས། །བྲག་འཕྲང་དམ་པོ་སྒོ་མོ་བཅད་འདྲ་དེ། །འཁོར་བ་ངན་སོང་སྒོ་མོ་བཅད་པའི་རྟགས། །ཟ་རི་སྨྱུག་པོ་དམག་དཔུང་ཆས་འདྲ་དེ། །ཉོན་མོངས་དུག་ལྔའི་གཡུལ་ངོ་ལྡོག་པའི་རྟགས། རྩི་ཤིང་ནགས་ཚལ་མཚོན་ཆ་ཐོགས་འདྲ་དེ། །རིག་དང་མ་རིག་རྩ་བ་གཅོད་པའི་རྟགས། །ཆུ་འབབ་དྲག་པོ་ང་རོ་སྒྲོགས་པ་དེ། །མཐོ་དམན་ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས། །གཡའ་སྤང་དར་གྱི་ཡོལ་བ་འཐེན་འདྲ་དེ། །ལས་འཕྲོ་ཅན་གྱི་བཞུགས་གནས་ཡིན་པའི་རྟགས། །སྤྲིན་དང་ན་བུན་གོས་སུ་གྱོན་འདྲ་དེ། །མ་རིག་ཉོོན་མོངས་ཚད་པ་སྐྱོབས་པའི་རྟགས། །གནམ་ལ་འཁོར་ལོ་རྩིབས་བརྒྱད་འབྲེལ་འདྲ་དེ། །མཐའ་བརྒྱད་ལྟ་བ་རང་སར་གྲོལ་བའི་རྟགས། །ས་གཞི་པདྨ་འདབ་བརྒྱད་འདྲ་བ་དེ། །ཕྱོགས་རིས་བརྒྱད་ཀྱི་མཚན་མ་ཞིག་པའི་རྟགས། །ལོགས་ལ་བཀྲ་ཤིས་རྟགས་བརྒྱད་ཚང་བ་དེ། །དགོན་འདོད་ཀུན་འབྱུང་ཆར་པ་འབབས་པའི་རྟགས། །ཕོ་སྐྱེས་ཁྲོ་བོའི་ཆ་བྱད་འདྲ་བ་དེ། །ཕོ་སྐྱེས་ཐམས་ཅད་དཔའ་བོ་ཡིན་པའི་རྟགས། །མོ་སྐྱེས་ཁྲོ་མོའི་ཆ་ལུགས་འདྲ་བ་དེ། །མོ་སྐྱེས་ཐམས་ཅད་དཔའ་མོ་ཡིན་པའི་རྟགས། །སྐད་རིགས་མི་གཅིག་ལོ་ཙཱ་ཚོགས་འདྲ་དེ། །དཔའ་བོ་དཔའ་མོའི་སྒྲ་སྐད་ཡིན་པའི་རྟགས། །ཡུལ་ལུགས་མི་གཅིག་རྒྱ་བོད་འདྲ་བ་དེ། །རྒྱ་བོད་གཉིས་ཀྱི་ས་མཚམས་ཡིན་པའི་རྟགས། །ཆ་ལུགས་བྱིས་པའི་རྩེད་མོ་འདྲ་བ་དེ། །སྣང་བ་དཀར་དམར་ལྷ་ཆོས་སྟོན་པའི་རྟགས། །”ཞེས་གསལ་བ་ལྟར་མཁའ་རླུང་གཙང་ཞིང་། ཡུལ་གྱི་བཀོད་པ་དང་། བྲག་རི་དང་། སྤང་གཤོང་། རི་སྐེད་ནགས་ཚལ། རི་བོ་རྩེ་མོའི་གངས་རིས་གཡོག་པ་བཅས་མཐོང་དུས་སེམས་ནང་དུ་རང་བཞིན་མེད་པའི་བདེ་སྣང་རེ་བྱིན་འོང་གི་འདུག །

དེ་ནས་ཞོགས་པ་ནམ་ལངས་དུས་ཁང་ཐོག་ནས་དུ་བ་སྔོ་འཕྱུར་རེ་མཐོང་དུས་སྔོན་དུས་ཕ་ཡུལ་ནས་ཞོགས་དུས་མེ་ཁ་ཕྱེ་བ་དང་ཨ་ན་མ་ན་རེད། དེ་ནས་རིམ་གྱིས་ཕྱིན་པ་དང་། མཐར་ལུང་པ་ཞིག་ཏུ་སླེབས་སོང་ཞིང་། དེ་ནས་ཟམ་པ་ཞིག་བརྒལ་ནས་ཆུ་བོ་ཕར་རོལ་ཕྱོགས་སུ་འགྲོ་དགོས་ཀྱི་འདུག་པ་དང་། འགྲོ་ལམ་དེ་ཙམ་མི་ཡག །གར་ཞ་འཕགས་པའི་དགོན་ནི་རི་སྐེད་སྟེང་དུ་ཆགས་པ་དང་། ལྷ་ཁང་གི་སྒོ་འགྲམ་ལྷམ་ཕུད་ནས་གནས་མཇལ་དུ་འགྲོ་དགོས། ལྷ་ཁང་གི་འགྲམ་གྱི་གཡོན་ཟུར་དེར་ཁང་པ་རྙིང་པ་ཞིག་མཐོང་བས་བོད་ཀྱི་ཁང་པ་ལས་སྟངས་ཅིག་ལྟར་སྣང་། ལྷ་ཁང་དེར་དང་ཐོག་ཡར་འཛུལ་སའི་སྒོ་ར་དེར་ཧིན་རྡུན་ཆོས་བྱ་ས་དང་། དེ་ནས་ལྷ་ཁང་གི་ནང་ལོག་གི་མཐར་ཚང་མར་མ་ཎི་འཁོར་ལོ་བཞེངས་ཏེ་སྐོར་བ་བརྒྱབ་ས་ཡང་འདུག། དེར་རྡོ་སྐུ་ཞིག་འདུག་པས་དེ་འཁྱེར་ནས་ལྷ་ཁང་དེར་སྐོར་བ་ཡིན་ན་སྡིག་སྒྲིབ་ཐམས་ཅད་དག་པ་དང་། ཡིད་གཉིས་ཐེ་ཚོམ་མེད་པར་སྨོན་ལམ་གང་ཞིག་བཏབ་སྟེ་བུ་འདོད་པ་ན་བུ་ཐོབ་པ་དང་། ནོར་འདོད་པ་ནོར་ཐོབ་པ་སོགས་ཀྱི་བྱིན་ཅན་ཡིན་རབས་གླེང་། དེ་ཡང་དགེ་ཆོས་གནས་ཡིག་ལས། ཡང་མན་དེའི་ཆུའི་བརྒྱུད་ནས་མོ་ཊོར་ལས་ཀུ་ལུ་ལ་སླེབས། ཡུལ་དེ་ལ་བོད་སྐད་དུ་ཉུང་ཏི་ཟེར། དེ་གནས་ཆེན་ཉེར་བཞིའི་ནང་གི་ཀུ་ལུ་ཏ་ཡིན་པར་གཞུང་མང་པོར་གསུངས་ཤིང་། བུ་སྟོན་གྱི་བདེ་མཆོག་སྤྱི་རྣམ་དུ་གར་ཞའི་རྒྱབ་ཉུང་ཏིའི་ཕུག་ཅེས་ཤིན་ཏུ་གསལ་བར་བཤད། པུས་མོ་ལྟ་བུའི་ལིངྒ་ནི་ཤར་རིའི་རྩེ་ན་ཡོད་པའི་ལྷ་རྟེན་གློག་གི་དབང་ཕྱུག་བྱ་བ་དེ་ཡིན་ཟེར། འོན་ཀྱང་བུ་སྟོན་གྱིས་བྲག་ཕུག་ཞིག་ན་ཡོད་པར་གསུངས། ཀུ་ལུའི་བྱང་དུ་རོ་ཐང་ལ་བརྒལ་ན་གར་ཞ་མཁའ་འགྲོའི་གླིང་ཞེས་པའི་འབྲི་གུང་སྐྱོབ་པས་བསྔགས་པ་དེར་སླེབས། དེར་དྲིལ་བུ་རི་དང་། ལུང་སྨད་དུ་འཕགས་པ་འཇིག་རྟེན་གསུམ་མགོན་བྱ་བའི་སྤྱན་རས་གཟིགས་ཀྱི་སྣང་བརྙན་ངོ་མཚར་ཅན་དེ་བཞུགས། འཕགས་པའི་བཞུགས་ས་ནས་མར་ལ་ཚ་ལམ་ཙམ་གྱི་སར་བྷག་པ་ཏི་བྱ་བ་ལྷ་མོ་བགྲོད་དཀའི་གནས་ཤིན་ཏུ་གཉན་པ་དེ། གནས་ཆེན་ཉེར་བཞིའི་མ་རུ་ཏ་ཡིན་ཞེས་བླ་མ་འགའ་རེས་གསུངས། ཞེས་གསལ་དོན་ལྟར་གནས་མཆོག་ཁྱད་པར་ཅན་ཡིན་པ་རེད། ལྷག་པར་བཀའ་བསྟན་སོགས་ཀུ་ལུ་ཏ་ཞེས་འི་མིང་མང་དུ་གསལ་འདུག་པས། དཔེ་མཚོན་ཙམ་བཀོད་ན། འཇང་བསྟན་འགྱུར། རྒྱུད་འབུམ་ལས། “ཡི་དགས་གྲོང་དང་ཁྱིམ་ལྷ་མོ། །སཽ་རཥྚ་དང་གསེར་གླིང་ནི། །འདུན་སའོ་ཉེ་བའི་འདུན་ས་ནི། །གྲོང་ཁྱེར་སིན་དྷུ་མ་རུ་དང་། །ཀུ་ལུ་ཏ་ཡང་ཉེ་འདུན་ས། །འདུ་བ་ཆུ་ཀླུང་འགྲམ་དང་ནི། །སྐྱེད་ཚལ་རྒྱ་མཚོར་རབ་བཤད་དང་། །ལམ་གྱི་བཞི་མདོའོ་ཉེ་འདུ་བ། །རི་ཡི་སྤྱི་བོ་གྲོང་དབུས་དང་། །ཚོགས་ཅན་གཞོན་ནུའི་རི་དང་ནི། །རིགས་ཀྱི་ཞིང་ཡང་ཉེ་འདུ་བའོ།” ཞེས་གསལ།

གནས་དེར་འགྲོ་སའི་ལམ་ཁ་རླངས་འཁོར་གཅིག་ཐར་ཙམ་རེད། གནས་དེར་སྐོར་གཉེར་གྲ་གཞོན་ཞིག་བཞུགས་འདུག་པས་ཁོང་གིས་གནས་བཤད་གནང་བ་ལས། སྔོན་མ་ལུང་པ་དེར་ལས་དག་ཅན་གྱི་ར་རྫི་ཞིག་ཡོད་པ་དང་། ཁོང་གིས་གདན་འདྲེན་ཞུས་ཡོང་བ་སོགས་ལོ་རྒྱུས་ངོ་མཚན་ཅན་གསུང་རྒྱུན་འདུག་ཅིང་། དགེ་ཆོས་ཀྱི་གནས་ཡིག་ལས། “ལུང་སྨད་དུ་འཕགས་པ་འཇིག་རྟེན་གསུམ་མགོན་བྱ་བའི་སྤྱན་རས་གཟིགས་ཀྱི་སྣང་བརྙན་ངོ་མཚན་ཅན་དེ་བཞུགས་”ཞེས་གསལ་བ་དང་། དེ་བཞིན་རས་འཕགས་ཀྱི་གནས་ཡིག་ལྟར་ལོ་རྒྱུས་བཀོད་ན། དེ་ཡང་། “ན་མོ་གུ་རུ། རས་འཕགས་འཕགས་པའི་གནས་བཤད་ཅུང་ཟད་བཤད་པ་ནི། སྔོན་སངས་རྒྱས་ཐམས་ཅད་བཀའ་བགྲོས་མཛད་སྐབས་སུ། ཞི་རྒྱས་དབང་དྲག་གི་གདུལ་བྱ་སོ་སོར་ཁྱད་པར་མཛད་དེ། དེ་ཡང་། རས་འཕགས་མ་སྔོན་ཕུ་གཅིག་ལ་མཚོ་ཡོད་པའི་བསྐྱིལ་ན་ལོ་མང་པོའི་བར་དུ་བཞུགས་ཤིང༌། དུས་རེ་ཞིག་རྫི་བོ་ལས་དག་པ་གཅིག་ར་ལུག་འཚོ་རུ་སོང་བའི་ཚེ། གྲོང་མི་ཚོས་ར་ལ་འོ་མ་བཞོས་པ་འོ་མ་མ་བྱུང་བས། གྲོང་མི་རྣམས་ན་རེ། ར་རྫི་ཁྱོད་ཀྱིས་ར་ཡི་འོ་མ་བཞོས་འདུག་པ་ཅི་ལ་བཞོས་པ་ཡིན་ཟེར། དེའི་ཚེ་ར་རྫིའི་བསམ་པ་ལ། ར་ཡི་འོ་མ་ངས་མ་བཞོས་ཅི་ཡིན་བསམ། ཉིན་གཅིག་ར་རྣམས་ཕར་བཏང་ནས། ལྐོག་འཇབ་བྱས་ནས་བལྟས་པས། ར་རྣམས་མཚོ་འགྲམ་དུ་སླེབས་པའི་ཚེ། འོ་མའི་མཚོའི་ནང་ནས་མི་དཀར་པོ་བདུན་ཐོན་ཏེ་ར་ཐམས་ཅད་ཀྱི་འོ་མ་འཐུང་བ་མཐོང་ནས། རྒྱུགས་སོང་བ་དང༌། མི་དཀར་པོ་ཕྱག་དྲུག་བྱས་པ་གཅིག་མཚོ་འགྲམ་ན་བཞུགས་འདུག །གཞན་ཐམས་ཅད་མཚོ་ནང་ཐིམ་སོང། ར་རྫི་ན་རེ། ངའི་ར་ཡི་འོ་མ་ཅི་ལ་འཐུང་བ་ཡིན་ཞུས་པ་དང་། འཕགས་པའི་ཞལ་ནས། ར་ཡི་འོ་མ་འཐུང་བ་མི་རྟོག །ང་འཁུར་ཏེ་མཆིས། མི་ཡི་འུར་སྒྲ་ཆེ་ཆུང་སྣ་ཚོགས་ཇི་ལྟར་བྱུང་ཡང༌། ཕྱི་མིག་མ་བལྟ་བར་གང་མགྱོགས་འགྲོ་ཅིག་གསུངས། དེ་བཞིན་བྱས་ནས་ཡོང་ཡོང་བས་ཁྱི་སྒྲ་འུར་སྒྲ་བསམ་གྱིས་མི་ཁྱབ་པའི་སྒྲ་བྱུང་བ་དང་། འཇིགས་ཏེ་ཕར་ལོག་ནས་བལྟས་པས་འཕགས་པའི་སྐུ་མཆེད་ཀུན་རྗེས་ལ་ན་ར་ར་བསྐྱོད་པ་མཐོང་ཚེ། རྟེན་འབྲེལ་མ་ འགྲིག་ནས་ཕར་ལོག་ནས་བསྐྱོད། དེའི་ཚེ་ཆུའི་ཕ་རོལ་གྱི་ལམ་ལ་དུག་སྦྲུལ་གྱི་ལམ་བཅད་དེ་མི་ཡོང་ཚད་ཟོས་ནས་འགྲོ་ས་མེད་པ་ལ། འཕགས་པ་བཞུགས་པའི་འོ་མའི་མཚོ་རྡོལ་བས་དུག་སྦྲུལ་ཕ་བོང་ལ་ཐིམ་སོང་བ་ད་ལྟ་ལམ་གོང་ལ་ཀུན་གྱིས་མཐོང་བའི་ས་ན་ཡོད་དོ། །ད་ལྟ་ཡང་ཆུ་དེ་འོ་མ་ལྟར་འབབས་པ་ཡོད་དོ། །དེའི་ཚེ་ར་རྫི་ལས་དག་དེས་འཕགས་པ་སྤྱན་རས་གཟིགས་འགྲོ་བའི་མགོན་པོ་རྒྱབ་ཏུ་གདན་ཞུས་ཡོང་བས། མི་མ་ཡིན་རྣམས་ཀྱིས་སྐད་ཅིག་དེ་ཉིད་ལ་ཕོ་བྲང་གི་ཐོག་དང་རྩིག་པ་དང་། ཀ་བ་དང་ཀ་གཞུ་དང༌། སྒོ་གཡས་གཡོན། ཡ་ཐེམ་མ་ཐེམ། བཞུགས་ཁྲི་དང་བཅས་པ་ཉི་མ་གཅིག་ལ་གྲུབ་པ་ཡིན་ནོ། །རབ་གནས་ཀྱང་མཛད་མ་དགོས་པ་རང་བཞིན་ལྷུན་གྱིས་གྲུབ་པའོ། །དེ་ལྟ་བུའི་གནས་ཁྱད་པར་ཅན་རང་བྱོན་འདི་ཉིད་ནི། སངས་རྒྱས་ཐམས་ཅད་འདུས་པའི་ཞིང་ས་ཡིན་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སྐྱབས་མགོན་དམ་པ། ཁྱད་པར་དུ་མོན་གྱི་ཁ་གནོན་དུ་བཞུགས་པ་དང༌། ཡང་སྒོས་སུ་རྒྱ་བོད་མོན་གསུམ་གྱི་ལས་ཅན་རྣམས་སྒྲིབ་པ་ཡང་ཕྱིར་སངས་རྒྱས་ལྷ་སའི་ཇོ་བོ་དང་ཞལ་སྤྲོད་དུ་བཞུགས་ཤིང༌། ཡེ་ཤེས་ཀྱི་རླུང་དེ་གཉིས་བར་ལ་རྒྱུན་ཆད་མེད་པར་རྒྱུ། རེ་ཞིག་ཉུང་ཏིའི་དམག་གིས་གདན་དྲངས་ནས། གར་ཞ་ལ་སླེབས་ཚེ་སུས་ཀྱང་སྒུལ་མི་ཐུབ་པ་ཅིག་ཏུ་སོང་སྟེ་དམག་ཀུན་གྱིས་གྲི་བརྒྱབ་པ་ད་ལྟ་ཡང་བརླ་ཤ་ལ་རྨ་སྔོ་ཁྱུག་གེ་ཡོད་པའོ། །དེ་ལྟ་བུའི་སངས་རྒྱས་ཀྱི་སྐུ་ཤ་རྡོ་ཀ་མ་རུ་པ་ལས་གྲུབ་པ་ཡིན། སྨོན་ལམ་ཅི་བཏབ་འཕྲལ་དུ་འགྲུབ་པར་ཐེ་ཚོམ་མེད་དོ། །གཞན་ལ་དར་ལྕོག་བརྒྱ་རྩ་བཙུགས་པ་དང་། གནས་འདིར་དར་ལྕོག་གཅིག་བཙུགས་པ་འདྲ། གཞན་ལ་ཚོགས་འཁོར་བརྒྱ་བསྐོར་བ་དང་། གནས་འདིར་ཚོགས་འཁོར་གཅིག་བསྐོར་བ་འདྲ། གཞན་ལ་ལོ་གཅིག་སྒྲུབ་པ་བས། གནས་འདིར་ཞག་གསུམ་སྒྲུབ་པ་མྱུར། འདི་ནི་རི་བོ་པོ་ཏ་ལ་དང་མཉམ་མོ།” ཞེས་གནས་ཁྱད་པར་ཅན་ཞིག་ཡིན་པ་གསུངས་པ་དང་། དེ་བཞིན་སྐུ་གསུང་ཐུགས་གསུམ་གྱི་གནས་རི་རྩ་ཆེན་ཡིན་པ་ཡང་གསུངས་སོ། དེ་ཡང་། “ཕུ་ན་སྐུ་ཡི་གནས་ཆེན་དྲིལ་བུ་རི་བདེ་མཆོག་དང་། བར་ན་གསུང་གི་གནས་འཕགས་པ་རིན་པོ་ཆེ། མདོ་རུ་ཐུགས་ཀྱི་གནས་མར་འགུལ་ཐང་རྡོ་རྗེ་ཕག་མོ་ཕྱག་དྲུག་པ་བཞུགས་སོ་”བཅས་གནས་མཆོག་དེར་མཆོད་མཇལ་ཡང་ཡང་ཕེབས་ནས་གསོལ་བ་སྨོན་ལམ་བཏབས་ན་འདོད་དོན་ལྷུན་གྱིས་འགྲུབ་པ་གསུང་སོ། ། རྣམ་སྤེལ་ཚང་བློ་བཟང་སྦྱིན་པས་ཕྱོགས་བསྒྲིགས་གནང་བ་ལས། ལ་ལས་འཕགས་པའི་ལོ་རྒྱུས་ར་རྫི་དང་འབྲེལ་བ་བྱུང་བའི་ཆ་ནས་ར་འཕགས་ཇོ་བོ་ཡང་ཟེར་ཞེས་གསལ། དེ་བཞིན་རས་འཕགས་ཀྱི་གནས་བཤད་མཇལ་བ་དང་།

ལྷག་པར་ཆོས་ལུགས་གཉིས་ཀྱི་གནས་ཆེན་ཞེས་པའི་རྩོམ་ཡིག་ལས། “གར་ཞའི་ཡུལ་དུ་འབྲུག་པ་བཀའ་བརྒྱུད་པའི་ཆོས་རྒྱུད་ཤུགས་ཆེ་བ་དར་ཡོད་པ་དང་བོད་ཀྱི་རྣལ་འབྱོར་བ་དང་བྱ་བྲལ་བ། གྲུབ་ཐོབ་སོགས་སྐྱེས་བུ་དམ་པ་གྲངས་ཀྱིས་མི་ལངས་པ་ཞིག་གིས་གར་ཞ་མཁའ་འགྲོའི་གླིང་དུ་སྒྲུབ་པ་ཉམས་ལེན་ལ་གཞོལ་ནས་ཉམས་རྟོགས་འཕེལ། གྲུབ་ཐོབ་དེ་དག་གིས་རྫུ་འཕྲུལ་སྟོན་ཐུབ་པ་དང་བར་སྣང་དུ་འཕགས་ཐུབ་པ། ནད་པ་རྣམས་བཅོས་ཐུབ་པ་དང་གངས་ཆར་འབེབས་ཐུབ་པ། ཁོང་ཚོས་གཞན་གྱི་སྡུག་བསྔལ་རྣམས་རང་སྟེང་དུ་ལེན་ཐུབ་པ་དང་ཤི་བའི་དུས་སུ་ཐུགས་དམ་ལ་བཞུགས་ཏེ་ཡུན་རིང་ཕུང་པོ་མི་རུལ་བ་སོགས་ངོ་མཚར་ཆེ་བའི་རྟགས་ཁྱད་པར་ཅན་རྣམས་ཐོན་མྱོང་ཡོད་པའི་ལོ་རྒྱུས་མང་དག་ཅིག་གོ་ཐོས་བྱུང་སོང་། ནང་གི་ཉམས་རྟོགས་ནི་གཞན་ལ་འགྲེལ་དཀའ་བ་དང་ཕ་རོལ་པོས་ཡིད་ཆེས་བྱེད་དཀའ་བ་ཞིག་ཡིན་རུང་དོན་དམ་དུ་འབྱུང་གི་ཡོད་པ་ཞིག་རེད། ཤཀྱཱ་ཤྲི་ནི་རྣལ་འབྱོར་བ་ཆེན་པོ་ཞིག་ཡིན་ཞིང་། ཁོང་གིས་གར་ཞ་མཁའ་འགྲོའི་གླིང་དུ་སྒྲུབ་པ་ཉམས་ལེན་དང་ས་གནས་དེའི་མི་དམངས་ལ་བླ་སློབ་ཀྱི་འབྲེལ་བ་བཙུགས་ནས་མཛད་པ་ཟམ་མ་ཆད་པར་བསྐྱངས་པའི་ལོ་རྒྱུས་གོ་རྒྱུ་འདུག་”ཅེས་གསལ་བ་དང་། གང་ལྟར་ནང་པ་དང་། ཧིན་རྡུན་དད་པ་གཉིས་ཀའི་རྩ་ཆེན་འཛིན་སའི་གནས་མཆོག་ཁྱད་དུ་འཕགས་པ་ཞིག་ཡིན་པ་རེད་དོ།། །།

བསམ་ཚུལ།

Post navigation

Previous Post: ༄༄ བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་དཔྱད་པའི་གཏམ།
Next Post: དྲ་ལམ་ཐོལ་རྩོམ།

Comments (1) on “གནས་སྐོར།”

  1. གཞུང་པ་ཚེ་དབང་བསོད་ནམས། says:
    2023-12-07 at 5:19 am

    ༡༩༥༩ ལོ་བོད་ས་ཤོར་ནས་བོད་མི་ཚོ་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་ནས་འཚོ་བའི་དཀའ་སེལ་ཆེད་རྒྱ་གར་གྱི་ས་གྲང་ས་ཧི་མ་ཅལ་དང་། ཀ་རྡོར་སྒང་གསུམ་ཁུལ་སོགས་ལ་ལམ་བཟོ་རྒྱུགས་ནས་འཚོ་བ་གཉེར་བའི་སྐབས་ཀུ་ལུ་དང། ་མ་ན་ལི། གར་ཞའི་ནང་། སྤི་ཏི་སོགས་ལ་ལམ་བཟོ་རྒྱུགས་ནས་ལམ་ཁ་བཟོ་མཁན་བོད་མི་ཚོ་ཡིན་པ་དང་། དེ་དུས་ལམ་སྤྱིའི་འོག་ལ་ཀེམ་ཁག་སུམ་བཅུ་ཙམ་ཡོད་པ་ཚང་མ་རྒྱན་རྒྱག་བྱས་ནས་ས་བགོས་ཀྱིས་ལམ་བཟོས་པ་ད་ལྟའི་སྐབས་སུ་མན་ཌི་ནས། སྤོན་ཌོ་དང་། ནོ་ཀི། ཨའུ་ཊི། པཎ་ཏར་མེལ། འབུམ་ཏེར། ་ཀུ་ལུ། རས་ཟན། ཀ་ཊན། ཌོ་སྦི་ན་ལ། པ་ཏི་ཀུལ། མ་ན་ལི། སྦང་ཁར། ཀོ་ཊི་དམར་པོ། པ་འཇང་། ར་ལས། རོ་གྲོང་ལ། ལ་རྒྱབ་ལ་ཆར་ལི་ཐངས། དེ་ནས་ལག་གཡས་ལ་ཕྱིན་ན་སྤི་ཏི་དང་། ་ལག་གཡོན་ལ་ཕྱིན་ན་ཇགར་ཞ་བཅས་དེ་ཚོ་ཚང་མ་ ༡༩༥༩ ལོ་འཇུག་ནས་ ༡༩༧༩ བར་མི་ལོ་ཉི་ཤུ་ལྷག་ཙམ་བོད་མི་སྐྱབས་བས་ལམ་ཁ་བཟོས་པ་རེད། དེ་དུས་གར་ཞ་འཕགས་པ་མཇལ་རྒྱུའི་སྒོ་སྐབས་མི་མང་པོ་ལ་ཐོབ་འདུག་པ་ནས་གནས་དེ་ཁྱད་པར་ཅན་གྱི་ནང་བསྟན་ཆོས་ཀྱི་གནས་ས་ཞིག་རེད་འདུག་པ་བཅས་ཁྱེད་ཀྱིས་གནས་བཤད་ཡག་པོ་གནང་འདུག་པ་མི་མང་པོ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་བཅས་ཐུགས་རྗེ་ཆེ། བཀའ་དྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme