Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲིན་ཅན་ཨ་མ་དང་འབྲེལ་བའི་གཏམ།

Posted on 2023-08-142023-08-14 By ཁ་བརྡ No Comments on དྲིན་ཅན་ཨ་མ་དང་འབྲེལ་བའི་གཏམ།

ཆབ་མདོ་ངག་ཕུན།

དེ་རིང་ངས་དྲིན་ཅན་གྱི་ཨ་མ་དང་འབྲེལ་བའི་སྐོར་ལ་གླེང་བར་འདོད་ཅིང་། དེ་ཡང་ང་སྡོད་སའི་གནས་ནི་མདོ་སྟོད་ས་ཡི་ཐིག་ལེ་ཆབ་མདོ་དགེ་ལྡན་བྱམས་པ་གླིང་ཞེས་གྲགས་པའི་ས་ནས་མི་ལི་ ༤༠ ཡོད་པའི་ངོམས་རྒྱུད་ལ་ཡིན་པ་དང་། ངོམས་ཆུ་ནི་ཧོར་ཚོའི་ཁོངས་སྒང་རུ་བྱང་མཐའི་ས་གསང་ཆུ་གཞུང་དང་། གསེར་ཚ་བྱ་ཟེའི་ཁོངས་དམུ་ཐའི་ས་དམུ་གཞུང་གཉིས་ཀྱི་ཆུ་གསང་ཆུ་དང་། དམུ་ཆུ་གཉིས་འདྲེས་ནས་འབབ་པའི་སྐྱི་ལྕགས་ཟམ་བརྒྱུད་འོང་པར་ངོམས་ཆུ་ཞེས་གྲགས་པའི་ཆུ་བོ་ཆེན་པོ་དེ་འདིའི་འབབ་རྒྱུན་ལ་ཆགས་ཡོད་ཅིང་། ཆུ་བོ་དེ་ནི་དུས་ཚོད་ལ་འཕོ་འགྱུར་ཇི་ལྟར་ཕྱིན་རུང་ངལ་མེད་དལ་གྱིས་འབབ་བཞིན་ཡོད། ཆུ་བོ་དེ་ཉིད་རྒྱུགས་ཡུལ་གྱི་སྐྱེ་འགྲོ་དུ་མའི་སྐོམ་པ་སེལ་བའི་ཕན་ཐོགས་རླབས་ཆེན་ཡོང་གི་ཡོད་པ་ནི་བརྗོད་ག་ལ་དགོས། ཆུ་བོ་དེ་ཉིད་ལ་ང་སྙིང་ནས་དགའ་སྣང་ཆེན་པོ་ཡོད།  

སྐབས་རེ་ངོམས་ཆུའི་འབབ་རྒྱུན་གྱི་ཆུ་འགྲམ་དུ་བསྡད་ནས་བལྟས་ན་རང་བཞིན་མེད་པའི་སེམས་ནང་བདེ་སྣང་རེ་བྱིན་ཡོང་གི་ཡོད། དགུན་དུས་རི་བོ་རྩེ་མོ་ལ་ཁ་བ་དཀར་པོའི་ཡོངས་སུ་གཡོག་ཅིང་གྲང་བསིལ་བསིལ་གྱི་རླུང་བུ་བརྒྱབ་ཀྱི་ཡོད། དབྱར་དུས་རི་བོ་སྟོད་སྨད་བར་གསུམ་སྔོ་ལྗང་གི་བཀོད་ལེགས་མཛེས་སྡུག་པ་ཡོངས་སུ་བསྐྲུན། ས་གཞི་སྟེང་དུ་རྐང་པ་སྤོ་མི་ནུས་པའི་དྲི་ཞིམ་ཅན་གྱི་མེ་ཏོག་སྣ་ཚོགས་འཁྲུངས་པ་དང་། མི་རྣམས་ཞི་བདེའི་བག་ཕེབས་ངང་ནས་འཚོ་བ་རོལ་གྱི་ཡོད་ལ། གནས་དེ་ནི་ས་མ་འབྲོག་ཡིན་པས་སྔ་དུས་ཡིན་ན་གྲོང་མིའི་ཚོར་བའི་ཐོག་ཏུ་སེམས་ཁྲལ་དེ་ཙམ་ཞིག་མི་དགོས་པར་གྲགས།

གནས་དེར་ང་སྐྱེས་ཤིང་འཚར་ལོངས་བྱུང་བ་ཞིག་རེད། ངའི་ཨ་མ་ནི་སྦྱོང་བའི་ཤེས་བྱ་ཡོན་ཏན་མེད་རུང་རང་བཞིན་གྱིས་གཤིས་རྒྱུད་བལ་ལས་འཇམ་དང་། ངག་རྒྱུན་ཆུ་མོ་ལས་རིང་བ་ཡོད། གྲོང་པ་ཁྱིམ་འཚེམ་དབར་མཐུན་ལམ་གཟབ་པ་དང་། དེ་བཞིན་ནང་མི་བུ་ཕྲུག་ལ་ལྟ་རྟོག་བྱ་རྒྱུར་གཙོ་བོ་འཛིན་མཁན་ཞིག་ཀྱང་ཡིན། སྐུ་གཟུགས་རིང་ལ་ཤ་མདོག་དཀར་བ་དང་། གདོང་པའི་མཁུར་ཚོས་ལ་ཚོན་མདོག་དམར་པོ་བྱུག་འདུག་སྙམ་པའི་ཞལ་རས་དམར་མདངས་རབ་ཏུ་རྒྱས། དགུན་དུས་བལ་གོས་དང་སྐབས་རེ་ཚ་གོས་གྱོན་གྱི་ཡོད། དབྱར་དུས་རས་ཀྱི་བཟོ་བའི་ཕྱུ་པ་གྱོན། མགོ་སྐྲ་ལྷས་ཤིང་སྟོང་སྐུད་དཀར་དམར་བསྲེས་པའི་འཛར་ལོ་བཏགས་ཏེ་རྒྱབ་ལོག་ཏུ་མར་འཕྱང་། མགོ་ལ་བྱུ་རུ་གདན། སྐབས་རེ་འཛར་ལོ་མགོ་ལ་འཆིང་། སྟོན་ལས་བྱེད་དུས་མགོ་རས་དམར་པོ་མགོ་ལ་སྒྲོག །རྐང་པར་བོད་ལྷམ་གྱོན་ཞིང་ལྷམ་སྒྲོག་དམ་པོ་བཅིངས། ངག་ནས་བོད་སྐད་གཙང་མ་སྨྲ་ལ། ལས་ཞོར་ལ་མ་ཎི་ཡིག་དྲུག་ཆད་མེད་བགྲངས། གོང་བརྗོད་ལྟར་དྲིན་ཅན་ཨ་མ་ནི་ངག་འཇམ་ཞིང་། ཉམས་ཆུང་བའི་ཡ་རབས་ལྡན་པའི་ཨ་མ་ཞིག་རེད། དཀའ་སྡུག་ག་ཚད་འཕྲད་རུང་བུ་ཕྲུག་རྣམས་ལ་བརྩེ་བའི་བྱམས་བརྩེས་སྐྱོང་།

ཨ་མ་ནི་ཞོགས་ལྟར་སྔ་པོ་བཞེངས་ཏེ་ཐབ་ཏུ་མེ་སྤར་ནས་ཞོགས་ཟས་གཡོས་སྦྱོར་གནང་བ་དང་། དེ་དག་ཚར་རྗེས་བུ་ཕྲུག་རྣམས་ཉལ་ས་ནས་ལངས་ཏེ་གྱོན་ཆས་གཡོག །དེ་རྗེས་འབྲི་དང་མཛོ་མོ་སོགས་བཞོ་དགོས་པ་རེད་ལ། འོ་མ་དཀྲོགས་ནས་མར་བཏོན་དགོས་པ་རེད། ཞོ་བསྙལ་ཡང་དགོས་ལ། ཆུར་བ་བསྐམས་དགོས། འཐུང་ཆུ་ལེན་པར་འགྲོ་དགོས།

དགོང་མོ་ནང་མི་རྣམས་ཀྱི་ཁ་ལག་ཟས་ཚར་རྗེས་ཐབ་ཏུ་མེ་སྤར་ཞིང་དེའི་འགྲམ་དུ་བསྡད་ནས་ནང་མི་རྣམས་སྤྱིར་བཏང་གི་སྐད་ཆ་འདྲ་བཤད་ནས་སྡོད་སྲོལ་ཡོད། ཡིན་ནའང་ཨ་མའི་སྐད་ཆ་ཉན་ཞོར་བལ་འཁེལ་བ་སོགས་བྱེད་ཀྱི་ཡོད། དལ་ལྷོད་ངང་ཉིན་གཅིག་སྡོད་པ་ངས་མཐོང་མྱོང་མེད། སྐབས་རེ་ཕྲུག་གུ་རྒྱབ་ཏུ་འཁྱེར་ནས་ཐབ་ལས་བྱེད་དགོས་ཐུག་གི་ཡོད་ལ། སྐབས་རེ་ཁ་ལག་བཟའ་ཞོར་ནང་ལས་བྱེད་ཀྱི་རེད། དེ་འདྲའི་ལས་རྩོལ་གནང་དགོས་རུང་བཟའ་ཟླ་དང་བུ་ཕྲུག་ལ་རླུང་སྟོན་པ་ངས་མཐོང་མྱོང་མེད།

རྗེས་ཕྱོགས་ང་ལ་རྨོ་མོས་འདི་འདྲ་ཞིག་བརྗོད་མྱོང་ཡོད། “རིག་གནས་གསར་བརྗེའི་རླུང་འཚུབ་ནང་དུ་ངའི་བུ་མོ་གཉིས་ཀྱི་ངོ་གདོང་ལ་དམར་དམངས་བཀྲ་བ་ཡོད་པས། མི་དམངས་ཚོགས་འདུ་ཚོགས་སར་ཡར་ཐོན་པ་ཚོས་ལོག་སྤྱོད་པའི་བུ་ཕྲུག་གི་ངོ་གདོང་ལ་ལྟོས་དང་། མི་མང་བཤུ་གཞོག་བཏང་ནས་ཟས་པའི་དབང་གིས་ངོ་གདོང་ལ་དམར་མདངས་བཀྲ་བ་ཡོད་པ་རེད་ཟེར་ནས་ཤེད་ཤེད་བཏང་བ་དང་། སྨ་འབེབས་སོགས་བྱེད་ཀྱི་རེད། དེ་དུས་ངས་བུ་མོ་གཉིས་ལ་ངོ་གདོང་འཁྲུ་ནས་ལས་ཀར་མ་འགྲོ་ལན་མང་བརྗོད་མྱོང་ཡོད་ཟེར། སྐབས་དེ་དུས་གནས་ཚུལ་དེ་འདྲ་ཡིན་པ་རེད། གྲལ་རིམ་གྱི་ཞྭ་མོ་ཡོད་མཁན་མགོ་བོ་སྒུར་ནས་འགྲོ་བ་ལས་མགོ་བོ་བཀྱག་ནས་འགྲོ་དགོས་དྲན་རུང་འགྲོ་དབང་མེད། དེ་དུས་ཀྱི་གནས་སྟངས་ཕྱིར་དྲན་བྱེད་དུས་སྙིང་ཁར་འདར་གསིག་བརྒྱབ་ཡོང་གི་འདུག་”ཟེར་བཞིན་མིག་མཐར་འཆི་མ་འཁོར་བཞིན་གདའ། རྨོ་མོས་བཤད་པའི་གཏམ་དེ་དག་ཐོས་རྗེས་ངའི་སེམས་ནང་གྲང་ཤུར་ཤུར་བཟོས་སོང་། ཡིན་ནའང་བྱ་ཐབས་གང་ཞིག་ཡོད།

ངའི་ཨ་མ་ནི་ལུང་པ་གཞན་ནས་མནའ་མ་བླངས་པ་ཞིག་རེད། ཐག་རིང་པོ་དེ་འདྲ་མ་རེད་ལ་མོ་ཕར་རྒྱབ་ཚུར་རྒྱབ་ཙམ་རེད། ཆུ་ཚོད་གཉིས་ལྷག་ཙམ་ལས་འགྲོ་མི་དགོས། ཨ་མ་ཉིན་ལྟར་ཞོགས་པ་སྔ་པོ་ལངས་ཏེ་ནང་ལས་དང་བུ་ཕྲུག་རྣམས་ལ་ཁ་ལག་སྤྲད་ཚར་རྗེས་རུ་ཁག་ཏུ་ལས་ཀར་བསྐྱོད་དགོས་ཀྱི་ཡོད། སྐབས་དེ་དུས་རུ་ཁག་ནས་ལས་མི་རེ་ལ་སྐར་མ་ཞེས་པའི་ཐོ་འགོད་བྱེད་སའི་དེབ་ཆུང་རེ་སྤྲད་ཡོད་ཅིང་། ལས་ཀར་ཧུར་བརྩོན་ཆེ་ཤོས་ལ་སྐར་མ་བཅུ་དང་། དེ་ནས་བརྒྱད། བདུན། དྲུག །ལྔ་བཅས་རིམ་པ་ཡོད་པ་རེད། ལོ་གཅིག་འཁོར་རྗེས་སྐར་མ་དེ་དག་བསྡོམས་ནས་ལས་ཀའི་སྐར་མ་ལ་ཚད་འཛིན་ནས་ཟ་འབྲུ་བགོ་བཤའ་བརྒྱབ་ཀྱི་ཡོད། ལས་ཡོད་གཅིག་གི་ལས་མེད་གཅིག་གསོ་ཐུབ་རུང་། ལས་མེད་དེ་ལས་མང་ན་དེའི་ཚོད་ཀྱི་ལོ་གཅིག་གི་ཟ་འབྲུའི་ཆེད་དུ་སྒོར་མོ་ཡར་སྤྲད་དགོས། སྒོར་མོ་སྤྲད་རྒྱུ་མེད་ཚེ་ཟ་འབྲུ་སྤྲད་ཀྱི་མེད། དེར་བརྟེན་ང་ཚོ་ནང་མིར་ལས་མི་ལས་ལས་མེད་མང་བའི་ནང་ལ་དཀའ་ངལ་ལོ་ལྟར་འཕྲད་ཀྱི་ཡོད།

ལྷག་པར་སྐབས་དེ་དུས་ང་ཚོའི་ནང་ལ་གྲལ་རིམ་ཕྱུག་པོ་ཞེས་པའི་ཞྭ་མོ་གཡོག་ནས་རྒྱུ་ནོར་བཙན་འཕྲོག་བྱས་པ། མ་ཟད་མི་དམངས་ཚོགས་འདུ་ནམ་ཚོགས་ལ་གྲལ་རིམ་ཞྭ་མོ་ཡོད་མཁན་ཚོ་ལ་སློབ་གསོ་སྤྲད་ཀྱི་ཡོད་མདོག་གི་ཡར་ཐོན་པ་ཚོས་འཐབ་འཛིང་བཏང་གི་ཡོད། དེ་བཞིན་གྲོང་ཚོའི་ཁྱིམ་ཚང་གི་ནང་མི་མང་ཉུང་རྩིས་ནས་ཞིང་ཁ་རེ་འཚོ་རྟེན་ཆེད་དུ་སྤྲད་ཡོད། ང་ཚོའི་ནང་མི་ལ་གྲལ་རིམ་ཕྱུག་པོའི་ཞྭ་མོ་གཡོག་ཡོད་པས། སྟོན་ཐོག་ཡག་པོ་མི་སྐྱེ་བའི་ཞིང་ཁ་སྤྲད་ཡོད། དེར་སྟོན་ཐོག་ཡག་པོ་སྐྱེ་བའི་རེ་བ་དེ་ཙམ་མེད་རུང་རྨོ་མོས་དུས་ཚོད་ག་དུས་བྱུང་ན་ཆུ་ཁྲིད་པ་སོགས་གཡོག་བྱ་གང་ཡོང་བྱེད་ཀྱི་ཡོད་མོད། སྟོན་ཐོག་ཡག་པོ་ཞིག་མི་སྐྱེ།

ལོ་འཁོར་མ་རྫོགས་གོང་ནས་ཟ་འབྲུ་ཡོངས་སུ་རྫོགས་ཀྱི་ཡོད།  དེར་བརྟེན་ངའི་ཨ་ཕ་གཞན་གྱི་མི་མཐོང་སར་འབྲུ་རིགས་གཡར་བར་ངོ་ཤེས་དེ་འདྲའི་ཁྱིམ་ཚང་ལ་འགྲོ་དགོས་ཐུག་གི་ཡོད། སྐབས་དེ་དུས་ཚང་མ་གཅིག་འགྱུར་ཡིན་པ་སོང་། འབྲུ་གཡར་མཁན་ཧ་ཅང་དཀོན་པོ་རེད། ཏོག་ཙམ་གཡར་མཁན་རག་ཚེ་ང་ཚོ་ནང་མི་མང་བའི་ཉིན་ཤས་ལས་མི་ལྡང་། ང་ཚོའི་ནང་གི་ཕ་མ་གཉིས་ལ་དེ་འདྲའི་དཀའ་སྡུག་མྱོང་དགོས་བྱུང་ཡོད། ང་ཚོའི་ནང་མི་གཅིག་པུ་མ་རེད་སྐབས་དེ་དུས་བོད་ཆོལ་ཁ་གསུམ་གྱི་བོད་རིགས་ཚང་མར་དཀའ་སྡུག་དེ་དག་མྱོང་དགོས་བྱུང་ཡོད་པ་རེད།

གཞན་ཐབས་ཤེས་མེད་དུས་ཞིང་ཁ་ནས་སྟོན་ཐོག་ཡག་པོ་མ་སྨིན་གོང་ནས་སྙེ་མ་བཀོག་སྟེ་ཉི་མར་སྐམ། སྐམ་ཚར་རྗེས་དབྱུག་གུས་བརྡུང་ནས་འབྲུ་སྟོན། དེའི་ཡོས་བརྔོས་ནས་རྩམ་པ་འཐག་ན་ཡག་པོ་ཡོང་གི་མེད་པས། གཏུན་ནང་བརྡུང་ནས་བྲོ་ཆག་ཐུག་པ་བསྐོལ་གྱི་ཡོད། སྐབས་དེ་དུས་ཞིམ་པོ་ཡོད། དུས་སྐབས་དེ་འདྲའི་འོག་ཏུ་མི་ཚེའི་འཚོ་བ་རོལ་དགོས་བྱུང་བ་རེད། རིམ་གྱིས་ཆབ་སྲིད་ཕྲན་བུ་གུ་ཡངས་ཕྱིན་པའི་རྣམ་པ་འོག་འགན་ཚང་སྒེར་ལ་སྤྲད་ཀྱི་ཡོད་ཟེར་ནས་ས་ཞིང་སེམས་ཅན་བགོ་བཤག་བརྒྱབ་པ་རེད།

དབྱར་དུས་སྟོན་ལས་སྐབས་སུ་ཨ་མ་ཞོགས་པ་སྔོ་པོ་ལངས་ནས་ཁ་ལག་བཟོ་དགོས། དུད་འགྲོ་ཡང་བཞོ་དགོས་པ་ནང་གི་ལས་ཀ་རྩག་རྩིག་རྫོགས་རྒྱུ་མེད་པ་ལས་རྒྱུ་ཡོད། ངས་ཨ་མའི་ངོ་གདོང་ནས་རྔུལ་ཆུ་འདོན་ནའང་ད་དུང་ཨུ་ཚུགས་ཀྱིས་ངལ་རྩོལ་བྱེད་པ་ངས་ཐེངས་མང་མཐོང་མྱོང་ཡོད་ལ། སྐབས་རེ་ཐད་ཆད་ནས་སྡོད་ས་རང་ལ་ཉལ་ཁུག་པ་ཡང་མཐོང་མྱོང་ཡོད། འཛམ་གླིང་ནང་དུ་ངལ་རྩོལ་མང་ཤོས་གནང་མཁན་དྲིན་ཅན་གྱི་ཨ་མ་ཚོ་རེད་ཅེས་བརྗོད་ན་རྫུན་དུ་མི་འགྲོ་སྙམ།

སྐབས་རེ་བལ་འཁེལ་བཞིན་ཨ་མས་བུ་ཕྲུག་ཚོར་མནའ་སྒྲུང་བཤད་ཀྱི་རེད་ལ། བུ་ཕྲུག་རྣམས་ཀྱིས་ཨ་མའི་མཐའ་སྐོར་ནས་ཉན་གྱི་ཡོད། ཨ་མས་བལ་འཁེལ་ཞོར་ང་ཚོའི་བུ་ཕྲུག་རྣམས་ཀྱི་ངོ་གདོང་ལ་ལྟ་ཙམ་ལྟ་ཙམ་གནང་བཞིན་གནའ་སྒྲུང་འདི་ལྟར་བཤད་པ་ད་ལྟ་ཡང་མ་བརྗེད་པ་གསལ་པོ་དྲན་གྱི་འདུག དེ་ཡང་ཨ་མས་སྔོན་ཚོང་དཔོན་ནོར་བཟང་ཟེར་བའི་སྐྱེས་པ་ཞིག་ཡོད་ཅིང་། ཁོ་པ་ཡུལ་ཕྱོགས་གང་སར་ཚོང་དོན་ཐོག་ཏུ་བསྐྱོད་ཀྱི་ཡོད། ནང་གི་བཟའ་ཟླ་དང་བུ་ཕྲུག་མཉམ་དུ་དེ་ཙམ་སྡོད་ཁོམ་ཡོང་གི་མེད། ལུང་པའི་མི་ཚོས་ཁོ་ལ་ཚོང་དཔོན་ནོར་བཟང་ཞེས་བརྗོད་ཀྱི་ཡོད་པས། ག་དུས་ཚོང་ལ་སོང་ནས་ཕྱི་འཁོར་དུས་གྲོང་མི་ཚང་མ་ལག་རྟགས་དེ་འདྲ་སྤྲད་ཀྱི་ཡོད་པས། དེར་བརྟེན་གྲོང་མི་ཚོས་ཚོང་དཔོན་ནོར་བཟང་པོ་ཞེས་བརྗོད་ཀྱི་ཡོད་པ་རེད། ཉིན་གཅིག་ཚོང་རོགས་གཞན་དང་མཉམ་དུ་ཚོང་དཔོན་ནོར་བཟང་པོ་བྱང་གི་ཕྱོགས་སུ་ཚོང་ལ་ཕྱིན།

ཚོང་དཔོན་ནོར་བུ་བཟང་པོ་དང་ཚོང་རོགས་ཚོ་ཚོང་ལ་ཕྱིན་ནས་ཡུན་རིང་སོང་རུང་གོ་རྒྱུ་ཐོས་རྒྱུ་གང་ཡང་མེད་པས། བཟའ་ཟླ་གཡས་ལྟ་འཛོམས་ཀྱིས་བསམ་བློ་ནང་དུ་བཟའ་ཟླ་ཚོང་ལ་ཕྱིན་ནས་ཡུན་རིང་པོ་དེ་ཙམ་ཞིག་སོང་རུང་གོ་རྒྱུ་མི་འདུག་ན་ད་རེས་ཡག་རྟགས་ཤིག་གཏན་ནས་མ་རེད་བསམ་ནས་དུས་ཚོད་ག་དུས་ཁོམ་ན་ཕྱི་ལོག་ཏུ་ཕྱིན་ནས་བྱང་གི་ཕྱོགས་སུ་ལྟ་བཞིན་ཡོད།

ཉིན་གཅིག་ཚོང་རོགས་ཚོས་ཁལ་མ་དེད་ནས་རི་གདོང་ནས་དལ་གྱིས་ཡོང་བ་མཐོང་སྟེ་གཡས་ལྟ་འཛོམས་དགའ་ཐག་ཆོད་ནས་ཡུན་རིང་བལྟས་ནས་བསྡད། ཉེ་འགྲམ་སླེབས་དུས་ཚོང་རོགས་རྣམས་ལས་བཟའ་ཟླ་ཚོང་དཔོན་ནོར་བུ་བཟང་པོ་མཐོང་རྒྱུ་མེད་པས། བཟའ་ཟླས་སེམས་ནང་དུ་དངངས་སྐྲག་དང་འབྲེལ་ཚོང་རོགས་ཚོ་ལ་“ཚོང་དཔོན་ནོར་བུ་བཟང་པོ་གང་དུ་ཕྱིན་སོང་”ཞེས་དྲིས་དུས། ཚོང་རོགས་ཚོས་མགོ་བོ་སྒུར་ཞིང་། ངོ་གདོང་སྨད་ནས་“ཚོང་དཔོན་ནོར་བུ་བཟང་པོ་”རྡོ་ཡི་སྤོ་ཐོ་”ཟེར་བ་ཙམ་ལས་གཞན་ཚིག་ཅིག་ཀྱང་མི་བཤད། བཟའ་ཟླ་གཡས་ལྟ་འཛོམས་ཀྱིས་ག་ཚད་དྲིས་རུང་ཚིག་དེ་ལས་བཤད་མཁན་མ་རག་པས།

གཡས་ལྟ་འཛོམས་ཀྱིས་ད་རེས་ཚོང་རོགས་ཚོས་བྱེད་སྟངས་ལ་བལྟས་པ་ཡིན་ན་ཡག་རྟག་གཅིག་མཐོང་མ་སོང་ཞེས་སྐོག་ལབ་བྱེད་བཞིན་སེམས་ཧ་ཅང་སྐྱོ་ནས་ནང་དུ་ལོག་པ་དང་། བཟའ་ཟླ་གཡས་ལྟ་འཛོམས་ཀྱི་སེམས་ནང་དུ་“རྡོ་ཡི་སྤོ་ཐོ་“ཟེར་བའི་དོན་དག་གང་ཞིག་ཡིན་ན་བསམ་སྟེ་གྲོང་པ་ཁྱིམ་མཚེས་བགྲེས་སོང་ཞིག་ཡོད་པས། ཁོང་གི་སར་ཕྱིན་ནས་“ཁ་སང་ངའི་བཟའ་ཟླའི་ཚོང་རོགས་ཚང་མ་སླེབས་འདུག་སྟེ་བདག་གི་བཟའ་ཟླ་མི་འདུག་པས། ཁོང་ཚོར་དྲིས་དུས་”རྡོ་ཡི་སྤོ་ཐོ་”ཟེར་བ་ཙམ་ལས་གཞན་བཤད་ཀྱི་མི་འདུག་ན། རྡོ་ཡི་སྤོ་ཐོ་ཟེར་ན་གང་ཞིག་ལབ་ཀྱི་ཡོད་ན་”ཅེས་དྲིས། བགྲེས་སོང་ཁོང་གིས་བསམ་གཞིག་རྒྱུན་རིང་ཞིག་བྱས་ནས་ངས་བསམ་ནས“་ཁྱོད་རང་བཟའ་ཟླ་འཇིག་རྟེན་འདི་ནས་ཁ་བྲལ་བའི་དོན་མིན་སྙམ། ཁོང་གྲོངས་ནས་རྡོ་དང་སྤོ་ཐོ་འོག་ཏུ་སྦས་པ་ཡིན་ཟེར་བའི་བརྡ་དོན་ཡིན་པ་འདྲ་”ཟེར། བཟའ་ཟླ་གཡས་ལྟ་འཛོམས་ཀྱིས་གཏམ་དེ་དག་གོ་རྗེས་དྲན་མེད་དུ་སར་བརྒྱལ། ལམ་སེང་བགྲེས་སོང་ཁོང་ཡར་བཞེངས་ནས་གཡས་ལྟ་འཛོམས་ལ་ད་ནི་སེམས་སྡུག་བྱས་རུང་ཕན་ཐོགས་གང་ཡང་མེད། དེ་ལས་ཕྱག་མཆོད་པ་འདྲ་བྱ་ཐུབ་ན་དགེ་མཚན་ཆེ་ཚུལ་སོགས་བརླབས་བྱ་བརྒྱབ།

དུས་དེ་ནས་བཟུང་སྟེ་བཟའ་ཟླ་གཡས་ལྟ་འཛོམས་ཀྱི་ནང་མི་བུ་ཕྲུག་ལ་ཨ་ཕ་མེད་པའི་ད་ཕྲུག་ཏུ་གྱུར་བ་རེད་ཟེར། སྒྲུང་དེ་དག་གོ་རྗེས་བུ་ཕྲུག་རྣམས་སེམས་སྐྱོ་ནས་བློ་ཡིད་མ་བདེ་བའི་ངང་ཉལ་ཁུག་གི་ཡོད། ཡང་སྐབས་རེ་ཨ་མའི་གཡག་དང་མ་ཧེའི་སྒྲུང་བཤད་གནང་གི་རེད། གཡག་ནི་མ་ཧེའི་ཚ་བོ་དང་། མ་ཧེ་ནི་གཡག་གི་ཨ་ཞང་ཡིན་པའི་བཤད་སྲོལ་ཡོད། སྔོན་མ་ཁོ་གཉིས་ལ་སྤུ་བཟང་པོ་ཡོད་པ་དང་། ཁོང་གཉིས་ཚ་བའི་རོང་དུ་སྡོད་མཁན་གཅིག་པ་ཡིན། གཡག་གི་བསམ་པར་ལོ་ན་ཆུང་དུས་དལ་ལྷོད་ངང་བསྡད་ན་ཡག་པོ་མ་རེད་བསམས་ཏེ། ཨ་ཞང་མ་ཧེའི་སར་ཕྱིན། ཨ་ཞང་ལགས། ང་བོད་དུ་ཚྭ་ལེན་པར་ཕྱིན་ན་གང་འདྲ་འདུག་ཅེས་སྐད་ཆ་དྲིས། ཚ་བོ་ཁྱེད་ལུས་སྟོབས་དང་ནུས་ཤུགས་ཆེ་བས། ཚྭ་ལེན་དུ་འགྲོ་ཐུབ་ན་ཡག་པོ་འདུག་ཟེར། ཚ་བོ་གཡག་གིས་བོད་ཀྱི་ས་བབ་མཐོ་བ་དང་། གནས་གཤིས་གྲང་པོ་ཡོད་ཚོད་འདུག་ན། ཨ་ཞང་ཁྱེད་ཀྱི་སྤུ་དེ་ང་ལ་གཡོར་དང་། ཕྱིར་འཁོར་མཚམས་ངས་ཁྱེད་ལ་སྤུ་དང་ཚྭ་འབུལ་ཆོག་ཚུལ་བརྗོད་པ་དང་། ཨ་ཞང་མ་ཧེས་ཚྭ་རག་ན་འགྲིག་སོང་བསམས་ཏེ། སྤུ་གཡར་རྒྱུའི་ཁ་ལེན་བྱས། ཚ་བོ་གཡག་གིས་སྤུ་ཉིས་རྩེག་གྱོན་ནས་བོད་དུ་ཚྭ་ལེན་པར་ཕྱིན། ཚ་བོ་གཡག་བོད་ཀྱི་ས་ཐོག་ཏུ་སླེབས་པ་དང་། བོད་ནི་རྩྭ་ཆུ་བཟང་ཞིང་། གནམ་གཤིས་དྲོད་གྲང་སྙོམ་པས། གཡག་སྐྱིད་ཐག་ཆོད་ནས་དེར་གཏན་སྡོད་གནས་གཅས་ཏེ་ཚ་བའི་རོང་དུ་ཕྱིར་ལོག་མ་བྱས་པ་རེད། དུས་དེ་ནས་བཟུང་སྟེ་མ་ཧེས་ཁ་བོད་ཀྱི་ཕྱོགས་སུ་གཏད་དེ་ཚྭ་བོ་གཡག་གི་ཚྭ་རག་ནས་ག་དུས་ཚ་བའི་རོང་དུ་ལོག་ཡོང་ན་བསམ་ནས་སྒུག་ནས་སྡོད་ཀྱི་ཡོད། ཨ་ཞང་མ་ཧེ་ལ་སྤུ་མེད་པ་དང་གཡག་ལ་སྤུ་བཟང་པོ་ཡོད་པ་དེ་ལྟར་བྱུང་བ་རེད་ཅེས་བརྗོད་ཀྱི་ཡོད་ཚུལ་སོགས་བཤད་ཀྱི་ཡོད་པས། བུ་ཕྲུག་རྣམས་སྒྲུང་ཉན་བཞིན་གཉིད་ཁུག་གི་ཡོད། བུ་ཕྲུག་ཉལ་ཁུག་ཚར་དུས་ཨ་མས་སྒྲོནམེ་སྤར་ནས་བུ་ཕྲུག་གྱོན་ཆས་རལ་པ་འཚེམ་གྱི་རེད། ཨ་མས་ཆར་རླུང་འཁྲོད་དུ་མདུན་དུ་བཞོ་ཟོ་འཁྱེར། རྒྱབ་ཏུ་ཕྲུ་གུ་འཁྱེར་ནས་འབྲི་དང་མཛོ་མོ་སོགས་བཞོ་དགོས།

དགོང་མོ་ནང་མི་འཛོམས་དུས་ཨ་ཕའི་པང་དུ་སྡོད་རྒྱུར་བུ་ཕྲུག་རྣམས་ཚང་ཁ་བརྒྱབ་ཀྱི་ཡོད། ཉིན་གཅིག་ངས་སྤུན་མཆེད་ལ་རྫུན་བཤད་ནས་རྨོ་མོས་བརྔན་པ་སྤྲད་ཀྱི་འདུག་བརྗོད་པས། སྤུན་མཆེད་ཨ་ཕའི་པང་ནས་ལང་སྟེ་ཕྱིན་སོང་བ་དང་། ང་ལམ་སེང་ཨ་ཕའི་པང་དུ་བསྡད། སྤུན་མཆེད་མིག་ཆུ་གཏོང་བཞིན་ཕྱིར་འོང་ནས་ཁོས་ང་ལ་མགོ་སྐོར་བཏང་འདུག་ཟེར་བ་དང་། ཨ་མས་ངའི་འགྲམ་དུ་ཡོང་ནས་བུ་ཆུང་མགོ་སྐོར་བཏང་བ་དེ་ཡག་པོ་ཞིག་གཏན་ནས་མ་རེད། རྫུན་ཟེར་བ་དེ་ཐེངས་གཅིག་བཤད་ཐེངས་གཉིས་བཤད། མཐར་མི་སུ་ཞིག་གི་ཁྱོད་ཀྱི་གཏམ་ལ་ཡིད་ཆེས་མེད་པར་གྱུར་གྱི་རེད། ལུག་རྫི་སྤེན་པ་ནང་བཞིན་ཆགས་ཀྱི་རེད་ཟེར།

       དེ་ནས་ཉིན་གཅིག་དགོང་མོ་ང་ཨ་མའི་འགྲམ་དུ་བསྡད་ནས། ཨ་མ་ཁྱོད་ཀྱི་ཁ་སང་ལུག་རྫི་སྤེན་པ་ནང་བཞིན་བྱ་རྒྱྱུ་མེད་ཚུལ་བཤད་སོང་། ལུག་རྫི་སྤེན་པ་ཟེར་བ་གང་བྱས་པ་རེད་ཅེས་དྲིས། ཨ་མས་ངའི་མགོ་ལ་བྱིལ་བྱིལ་གནང་བཞིན་སྔོན་མ་ལུང་པ་ཞིག་ཏུ་ལུག་རྫི་སྤེན་པ་ཟེར་བའི་བུ་ཞིག་ཡོད་པས། ཁོ་ཚོ་ཉིན་ལྟར་ལུག་རྫི་འགྲོ་དགོས་ཀྱི་ཡོད། ཉིན་གཅིག་ལུག་རྫི་སྤེན་པའི་སེམས་ནང་དུ་དེ་རིང་རྫི་རོགས་ཚོ་མགོ་སྐོར་བཏང་དགོས་འདུག་དྲན་ནས། ཁོ་རི་ཁུག་ཏུ་བསྡད་ནས་རྫི་རོགས་ཚོ་ལ་སྤྱང་ཀི་སླེབས་བྱུང་། མགྱོགས་པོར་ཤོག་ཅེས་སྐད་ཤུགས་ཆེན་པོས་བོས། རྫི་རོགས་ཚོས་སྐད་གོ་བ་དང་ལུག་རྫི་ཚང་མས་ལམ་སང་རྡོ་དང་། དབྱུག་པ། གྲི་སོགས་འཁྱེར་ནས་མགྱོགས་མྱུར་ངང་རི་འགོར་ཕྱིན། རི་འགོར་སླེབས་དུས་སྤྱང་ཀི་མིག་གི་མཐོང་རྒྱུ་མེད། ལུག་རྣམས་ནི་ཞི་བདེ་ངང་ནས་རྩྭ་བཟའ་བཞིན་སྡོད་ཡོད་པ་དང་། ལུག་རྫི་སྤེན་པས་ཁོ་ཚོའི་དངངས་སྐྲག་བྱེད་པ་མཐོང་རྗེས་སྤེན་པ་གད་མོ་བགད་པ་རྫི་རོགས་ཚོས་མཐོང་སྟབས། རྫི་རོགས་རྣམས་ཀྱིས་སྤེན་པས་མགོ་སྐོར་བཏང་བ་གཞི་ནས་ཤེས་པས། ཁ་སྐྱེངས་ནས་སོ་སོར་གྱེས། དེ་ལྟར་ཐེངས་ཁ་ཤས་བྱས་པའི་ཉིན་གཅིག། །ཉིན་གཅིག་དངོས་སུ་སྤྱང་ཀེ་སླེབས་ཏེ། ལུག་རྫི་སྤེན་པའི་ལུག་ཁྱུ་ལ་བརྒྱུགས་པས། སྐབས་དེར་སྤེན་པས་དངངས་འཚབ་ཆེན་པོའི་ཐོག་ནས་རྫི་རོགས་རྣམས་ལ་སྤྱང་ཀེ་སླེབས་སོང་མགྱོགས་མྱུར་ཤོག་ཅེས་ཅི་ཙམ་བོས་རུང་། སྤེན་པས་སྔར་བཞིན་མགོ་སྐོར་བཏང་བ་རེད་བསམས་ནས་སུ་ཞིག་ཡིད་ཆེས་མ་བྱས་ནས་ཁ་རོགས་བསྡད་པས། ཁོ་ལ་རོགས་པ་བྱེད་མཁན་སུ་ཡང་མ་སླེབས། དེར་བརྟེན་སྤེན་པའི་ལུག་ཁྱུ་རུ་སྤྱང་ཀི་བརྒྱུགས་ཏེ་ལུག་རྫི་སྤེན་པ་ལ་དཀའ་ངལ་ཚད་མེད་འཕྲད་པ་རེད། དེར་བརྟེན་ག་དུས་ཡིན་ན་རྫུན་མ་བཤད་མི་རུང་། གལ་སྲིད་རྫུན་མ་བཤད་པ་ཡིན་ན་ལུག་རྫི་སྤེན་པ་ནང་བཞིན་ཆགས་ཀྱི་རེད་ཅེས་བསླབ་གནང་གི་ཡོད་དོ། དེ་ཡང་སྒྲུང་ཐུང་འདི་གཉིས་སློབ་དེབ་ཏུ་འདུག་པས། ཨ་མས་བཤད་པའི་སྒྲུང་དེ་དག་བསྐྱར་དུ་དྲན་པ་དང་འབྲེལ་སེམས་ནང་དུ་སྐབས་དེ་དུས་ཀྱི་ཚོར་བ་གསོན་པོ་དྲན་ནས་དགའ་སྐྱོ་འདྲེས་མ་ཞིག་བྱིན་བྱུང་།   

ReplyForward
ལྷུག་རྩོམ།

Post navigation

Previous Post: <<སེམས་ཁྲལ་མ་བྱེད། སྤྲོ་ཐུང་བྱོས>>ཞེས་པ། བཀླགས་པའི་མྱོང་བ་ཐུང་ཐུང་།
Next Post: སེམས་ཀྱི་ཉི་ཟླར་བསྐྱོད་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme