Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་བླ་བདུན་ཅུ་པ་ཞེས་བྱ་བའི་གླུ།

Posted on 2023-04-102023-04-10 By ཁ་བརྡ 1 Comment on རྒྱ་བླ་བདུན་ཅུ་པ་ཞེས་བྱ་བའི་གླུ།

རྫ་ཚེ་རིང་བཀྲ་ཤིས།

༡༽

སྐྱེ་བ་འདི་ལ་དམ་པའི་ཆོས་དང་འཕྲད། །
བཤེས་གཉེན་བཟང་པོ་དུ་མས་རྗེས་སུ་བཟུང་། །
ཐོས་བསམ་སྒོམ་པའི་གནས་ལ་དགའ་བ་སྐྱེས། །
ཚུལ་འདི་བསམ་བཞིན་བླ་མའི་བཀའ་དྲིན་དྲན། །

༢༽

མི་ཚེའི་ལམ་བུ་དལ་ཁོད་སྙོམས་དཀའ་ཡང་། །
དགེ་བའི་བློ་གྲོས་བཟང་པོ་སྔར་བཞིན་བརྟན། །
འདུན་མ་ཅུང་ཟད་འགྲུབ་པའི་རྒྱ་བླ་ངས། །
འཕྲལ་སྣང་ཞེ་བློ་བདེ་བའི་གླུ་ཞིག་ལེན། །

༣༽

མི་ལོ་གསུམ་གྱི་རིམས་ནད་དུས་ཚོད་དེར། །
རི་བོ་སྔོན་པོར་བག་ཡངས་ཚུལ་དུ་བསྡད། །
མི་ལྟོག་མི་འཁྱགས་ཙམ་གྱི་འཚོ་བ་དེས། །
ནང་གི་སེམས་སུ་སྤྲོ་བའི་མེ་དྲོད་བསླེབས། །

༤༽

དྲང་སྲོང་ཞལ་ལུང་བྱང་སེམས་ཞལ་ལུང་སོགས། །
བླ་མའི་གསུང་དག་འཁྲུལ་མེད་ཡི་གེར་བཀོད། །
བླ་མའི་བཀའ་བཞིན་སྤྱོད་པ་ལམ་གྱི་མདོ། །
འབད་པ་ཆེན་པོས་བོད་ཀྱི་སྐད་དུ་བསྒྱུར། །

༥༽

རོང་ཟོམ་བརྙན་འཕྲིན་གླེང་སྟེགས་གསར་དུ་བསྐྲུན། །
མཁས་པ་མང་པོར་ཟབ་རྒྱས་གླེང་མོལ་ཞུས། །
རོང་ཟོམ་ཆེན་པོའི་མཚན་གནས་རྗེས་འབྲེལ་གྱི། །
བྱ་བ་གང་འགྲུབ་ཤེས་རབ་ཅན་ལ་བསྔོས། །

༦༽

ལན་ལ་རེ་བ་མེད་པའི་འཆད་ཁྲིད་བྱས། །
འཐིང་ལྷོད་མེད་པའི་རྒྱུན་སྐྱོང་མཐའ་རུ་བཏོན། །
འཇམ་རྩུབ་གཏམ་གྱི་མདེའུ་ཁ་མཚོ་ལ་བསྐྱུར། །
འདི་ནི་བདག་གི་འཁོར་འདས་རུ་ཤན་ལགས། །

༧༽

དེ་མིན་དབྱིན་ཇིའི་སློབ་མ་འགའ་ཞིག་ལ། །
འཕགས་པ་དྲི་མེད་གྲགས་པས་བསྟན་པའི་མདོ། །
དམ་ཆོས་སྟེགས་མདོ་ལེའུ་བདུན་མ་སོགས། །
རང་གི་ནུས་པའི་ཚོད་ཀྱིས་ལེགས་པར་བཤད། །

༨༽

སྤྱི་ལོ་ཉིས་སྟོང་ཉི་ཤུ་ཐམ་པ་ནས། །
གོ་རིམ་ལྡན་པའི་འཆད་ཁྲིད་གཞན་ཞིག་བྱས། །
དེ་ནི་ཀུན་བཟང་བླ་མའི་ཞལ་ལུང་སྟེ། །
འཆད་ཁྲིད་ཧྲིལ་པོར་མི་ལོ་གསུམ་ཙམ་འགོར། །

༩༽

ཐོག་མའི་སློབ་ཕྲུག་བདུན་ཅུར་ཉེ་བ་ནས། །
ཐ་མའི་ཐ་མར་སུམ་ཅུ་མ་ཟིན་ཙམ། །
དེ་ནི་དམིགས་བསལ་སྣང་ཚུལ་མ་ཡིན་ཏེ། །
ཐོས་བསམ་ལྕོང་མོའི་མཇུག་མ་གནའ་ནས་ཕྲ། །

༡༠༽

གཟའ་འཁོར་བརྩིས་ན་བརྒྱ་དང་སུམ་ཅུའི་རིང་། །
སློབ་ཐུན་བརྩིས་ན་བརྒྱ་དང་སུམ་ཅུ་གསུམ། །
དུས་ཚིགས་མཚམས་ཀྱི་བགྲོ་གླེང་བཅུ་གཉིས་བཅས། །
མཉམ་ཞུགས་གྲངས་ཀ་ཞིབ་ཏུ་གཏན་ལ་ཕབ། །

༡༡༽

རུས་སྦལ་ནུར་འགྲོས་ཚུལ་གྱིས་བཤད་པ་ཡིན། །
ལྷུ་ལག་རེ་བཞིན་ལྷུག་པོར་བཀྲོལ་བ་ཡིན། །
དྲི་བ་ཚང་མར་ཐད་ལན་བརྒྱབ་པ་ཡིན། །
འགྱུར་ནོར་ཡིག་ནོར་ཞོར་དུ་བཅོས་པ་ཡིན། །

༡༢༽

ལུང་དང་རིགས་པ་སྦྲེལ་ནས་བཤད་པ་ཡིན། །
འཚོ་བ་དངོས་ཀྱི་བབ་དང་བསྟུན་པ་ཡིན། །
སྐབས་སུ་བླ་མའི་ཞལ་རྒྱུན་བསྣན་པ་ཡིན། །
འཇམ་རྩུབ་གྲིམ་ལྷོད་རན་པོས་བསྐྱངས་པ་ཡིན། །

༡༣༽

ད་དུང་འདས་པའི་ལོ་འཁོར་གཅིག་ལྷག་རིང་། །
ཡེ་ཤེས་འཁོར་ལོའི་དབུ་མའི་འཛིན་གྲྭ་ཚུགས། །
སློབ་མ་སུམ་ཅུར་མ་ལོངས་ཙམ་ཞིག་ལ། །
བཞི་བརྒྱ་པ་དང་དབུ་མ་འཇུག་པ་བཤད། །

༡༤༽

སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཆོས། །
མི་ཤེས་པས་ནི་འགྲོ་བ་འཁྱམས་འགྱུར་ཞེས། །
འཕགས་པ་ཡུལ་འཁོར་སྐྱོང་གི་ཞུས་པ་ལས། །
རྒྱལ་བས་བསྟན་པའི་དོན་བཞིན་ཡང་ཡང་བཟླས། །

༡༥༽

རྫོགས་ཆེན་ཕྱག་ཆེན་ཅིག་ཅར་འཇུག་པའི་བར། །
རྡོར་གཅོད་ཤེར་སྙིང་དྲི་མེད་གྲགས་མདོའི་བར། །
གནས་ལུགས་སྟོང་པའི་བཞུགས་ཚུལ་མ་ཤེས་ན། །
ཁ་ཏོན་ཙམ་གྱིས་ཕན་ཐོགས་དཀའ་ལུགས་ཞུས། །

༡༦༽

ཡིད་བྱེད་སྤངས་ནས་ཙེན་ནེར་འཇོག་པ་དང་། །
བརྡ་ཐབས་བསྟན་པས་རང་ངོ་མཐོང་བ་སོགས། །
མེད་པ་མིན་ཡང་ཀླུ་སྒྲུབ་གཞུང་ལུགས་བཞིན། །
དཔྱད་པའི་ངེས་ཤེས་གལ་ཆེན་ཡིན་ཚུལ་བཤད། །

༡༧༽

རྒྱན་དྲུག་ལབ་ན་སུ་ཡིན་ཤེས་ཙམ་ཞིག །
སྟོང་ཉིད་ཟེར་ན་གར་ཡོད་གོ་ཙམ་ཞིག །
རྟེན་འབྱུང་གླེང་ན་སེམས་ཐག་ཉེ་ཙམ་ཞིག །
འཆད་ཁྲིད་འདི་ལས་བྱུང་བའི་དགེ་བ་ཡིན། །

༡༨༽

འགའ་ཞིག་པེ་ཅིན་འགའ་ཞིག་ཐའེ་པེ་དང་། །
ལོན་ཊོན་ནེའུ་ཡོག་ཨོ་གླིང་ལྷ་ས་སོགས། །
གང་ས་གང་ནས་ཡིན་པའི་སློབ་མ་དག །
རྒྱབ་ལྗོངས་མི་གཅིག་སུམ་བརྒྱ་དྲུག་ཅུ་ཡོད། །

༡༩༽

འགའ་ཞིག་བདུན་ཅུ་བརྒལ་བའི་རྒན་གོག་ཡིན། །
འགའ་ཞིག་བྱིས་པ་རུམ་པའི་ཨ་མ་ཡིན། །
འགའ་ཞིག་སློབ་གྲྭ་འགྲིམ་པའི་སློབ་མ་ཡིན། །
འགའ་ཞིག་མངལ་དང་ལྡན་པའི་སྦྲུམ་མ་ཡིན། །

༢༠༽

རྒྱལ་པོའི་ཁྲིམས་དང་ནང་གི་གཟའ་ཚང་སོགས། །
དད་པའི་སྟོབས་ལ་རྒོལ་བའི་གཡུལ་ས་ན། །
སྐྲག་ཞོར་སྡར་ཞོར་གབ་ཞོར་ཡིབ་ཞོར་དུ། །
ཉེས་པ་ཅན་བཞིན་ལྐོག་ཉན་དགོས་མཁན་ཡོད། །

༢༡༽

སྒང་ལ་རྒན་པ་འོག་ལ་གཞོན་པ་ཡོད། །
ལས་དང་འཚོ་བའི་གནོན་ཤུགས་འདྲ་མིན་ཡོད། །
འགའ་ཡི་ཞོགས་པ་འགའ་ཡི་དགོང་མོ་སྟེ། །
ཉི་ཟླའི་འཆར་ནུབ་རྦད་དེ་ལྡོག་ཕྱོགས་ཡིན། །

༢༢༽

འགའ་ཞིག་ཉིན་གང་ལས་ཀ་བྱེད་སར་ཕྱིན། །
དགོང་མོ་ཕྲུ་གུར་དགོང་ཟས་བཟོས་པའི་རྗེས། །
ནང་མི་བུ་ཕྲུག་གཉིད་དུ་ཡུལ་བ་དང་། །
ཁ་ཁུ་སིམ་པོས་སློབ་ཞུགས་བྱེད་པ་མཐོང་། །

༢༣༽

དུས་རབས་ཉེར་གཅིག་འཛོམས zoom་ ཀྱི་ཆོས་ར་ན། །
ཤར་ནུབ་གཅིག་ཏུ་སྦྲེལ་བའི་མཐུན་རྐྱེན་ཡོད། །
མི་མཐུན་མཉམ་དུ་འདུས་པའི་འཛོམས་ར་ན། །
གདོང་ལེན་དགོས་པའི་དཀའ་ངལ་འཕར་མ་ཡོད། །

༢༤༽

ཟླ་བ་འདི་ལ་སློབ་ཁྲིད་ཟིན་པ་ཚོར། །
ཚད་ལྡན་ཆོས་ཀྱི་བརྒྱུད་པ་མི་ཉམས་ཕྱིར། །
སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་དང་། །
དབུ་མ་བཞི་འཇུག་གཉིས་ཀྱི་ལུང་རྒྱུན་ཕུལ། །

༢༥༽

ད་དུང་རྨང་གཞིའི་ཆ་རྐྱེན་ཚང་བ་འགར། །
ཉེ་ལམ་འཕོ་བའི་ཁྲིད་ཀྱང་བཏབ་པ་སྟེ། །
དེས་ནི་ཀུན་བཟང་བླ་མའི་ཞལ་ལུང་གི །
ཁྲིད་རྐང་ཉི་ཤུ་རྩ་བཞི་རྫོགས་པ་ཡིན། །

༢༦༽

ཐག་རིང་ས་ཆ་ཧོང་ཀོང་པེ་ཅིན་གྱི། །
སློབ་མ་རེ་གཉིས་ཆེད་དུ་བསླེབས་པ་ལས། །
ས་ཆ་འདི་ན་མེད་པའི་སློབ་མ་གཞན། །
ཕལ་ཆེར་དྲ་ལམ་བརྒྱུད་ནས་མཉམ་ཞུགས་བྱས། །

༢༧༽

ལོ་གསུམ་རིང་གི་སྔོན་འགྲོའི་འཛིན་གྲྭ་ལ། །
མཐར་ཕྱིན་ཚད་གཞི་ལོངས་པ་ཉེར་ལྔ་དང་། །
དངོས་སུ་མཐར་ཕྱིན་ཚད་གཞི་མ་ལོངས་ཀྱང་། །
འབད་བརྩོན་མཉམ་ཞུགས་གཟེངས་རྟགས་ཐོབ་པ་ལྔ། །

༢༨༽

བཞི་བརྒྱ་པ་དང་དབུ་མ་འཇུག་པ་ལ། །
མཐར་ཕྱིན་ཚད་གཞིར་ལོངས་པ་ཉེར་དགུ་དང་། །
འབད་བརྩོན་མཉམ་ཞུགས་གཟེངས་རྟགས་ཐོབ་པ་དྲུག །
བརྒྱ་ཆ་ལྔ་བཅུས་དམན་པ་འདིར་མ་བསྡུས། །

༢༩༽
འགའ་ཞིག་ནང་གི་དཀའ་ཡོད་པ་དང་། །
སྐྲན་ནད་ཅན་དང་ཕྲུ་གུ་འཁོར་བ་སོགས། །
རྒྱུ་མཚན་ཚད་ལྡན་གང་འདྲ་ཞིག་གིས་ཀྱང་། །
དམིགས་བསལ་བཏང་ནས་དཔང་ཡིག་སྤྲད་པ་མེད། །

༣༠༽
ལར་ནས་དཔང་ཡིག་ཟེར་ཡང་ཤོག་ལེབ་ཅིག །
ཟོས་ན་མི་འཇུ་གོན་ན་མི་དྲོས་ལ། །
གཞུང་དང་ཁྲིམས་ཀྱི་ངོས་འཛིན་མི་ཐོབ་པས། །
ངོས་རྒྱུགས་གཏོང་ན་བེད་སྤྱོད་མེད་མོད་ཀྱང་། །

༣༡༽
ཡུན་རིང་དུས་ཚོད་བཏང་བའི་རིན་དོད་དང་། །
ནན་ཏན་བརྩོན་པ་བསྐྱེད་པའི་དཔང་རྟགས་ཏེ། །
དགེ་སློབ་མཉམ་དུ་འཛོམས་པ་དྲན་པའི་རྟེན། །
མི་ཚེའི་དུས་རིམ་ཞིག་གི་ཟིན་ཐོ་ཡིན། །
༣༢༽
རྒན་གཞོན་མེད་པའི་སློབ་གྲོགས་མང་པོ་ཞིག །
མིག་ཀོང་མཆི་མས་གང་བའི་སེམས་ཚོར་སྟོན། །
ནང་པའི་ཆོས་ཞེས་བྱ་བ་གང་ཞིག་ཡིན། །
ད་ལྟ་རྨང་གཞིའི་གོ་བ་ཆགས་སོང་ཟེར། །

༣༣༽
སྐྱེ་བ་འདི་ལ་གཞུང་ལུགས་ཚད་ལྡན་ཞིག །
འབད་པས་མཐའ་རུ་འཁྱོངས་པའི་ཉམས་མྱོང་འདི། །
ནང་པ་གསར་པ་ཞིག་གི་ངོས་ཐད་ནས། །
ཧ་ཅང་གལ་འགངས་ཆེ་བའི་ཉམས་ལེན་ཡིན། །

༣༤༽
བོད་ཡུལ་དགོན་པ་ཞིག་གི་བླ་གྲྭ་ལ། །
འདི་ནི་སྤྱིར་བཏང་ཙམ་གྱི་བརྒྱུད་རིམ་སྟེ། །
ཆོས་དང་གསར་དུ་འཕྲད་པའི་རྒྱ་རིགས་ཚོར། །
འདི་ནི་རྙེད་པར་དཀའ་བའི་གོ་སྐབས་ཡིན། །

༣༥༽
བཀའ་པོད་ཟས་སུ་ཟ་བའི་མཚན་ཉིད་པར། །
འདི་ནི་ཞོར་ཟས་ཙམ་གྱི་ཚོར་སྣང་སྟེ། །
མཆོག་གསུམ་སྣང་བ་མེད་པའི་ལུང་པ་ན། །
འདི་ནི་ཐོས་པའི་ཤེས་རབ་ངོ་མ་ཡིན། །

༣༦༽
མི་ཚེ་རི་ལ་སྐྱེལ་བའི་རབ་བྱུང་བར། །
འདི་ནི་ཇ་ཡུན་ཙམ་གྱི་སྣང་བ་སྟེ། །
ནང་མི་བུ་ཚས་བསྐོར་བའི་ཁྱིམ་པ་ཚོར། །
འདི་ནི་བློས་བཏོང་ཆེན་པོའི་འབྲས་བུ་ཡིན། །

༣༧༽
སྐྱོན་གསུམ་དྲི་མ་དྲུག་དང་མི་འཛིན་ལྔ། །
འདུ་ཤེས་བཞི་དང་ཕ་རོལ་ཕྱིན་པ་དྲུག །
སོར་བྱང་སྔགས་ཀྱི་ཀུན་སློང་ཀུན་སྤྱོད་བར། །
ཤེས་པ་ཐོས་བསམ་ལམ་གྱི་རྟེན་འབྲེལ་ཡིན། །

༣༨
འཁོར་བའི་སྡུག་བསྔལ་ཤེས་ན་ངེས་འབྱུང་སྲིད། །
ལས་འབྲས་ཡིད་ཆེས་རྙེད་ན་དགེ་བློ་སྲིད། །
དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་ནི། །
བློ་ཁ་ཆོས་ལ་སྐུལ་བའི་ལྕགས་ཚན་ཡིན། །

༣༩
དེང་སང་དུས་ན་མི་དགེའི་བཤེས་གཉེན་མང་། །
ཆོས་མིན་ཆོས་སུ་སྨྲ་བ་ལྷག་ཏུ་བདོ། །
དང་པོ་བླ་མ་བརྟགས་ནས་བསྟེན་པའི་ཚུལ། །
ཡུལ་དུས་འདི་ན་ལྷག་ཏུ་གལ་ཆེན་ཡིན། །

༤༠
ཆོས་ཀྱི་རྩ་བ་ཚུགས་ས་སྐྱབས་འགྲོ་ཡིན། །
གཞན་ཕན་ལོ་འབྲས་སྨིན་ས་བྱང་སེམས་ཡིན། །
རྡོར་སེམས་བསྒོམ་བཟླས་མཎྚལ་ཀུ་ས་ལི། །
ཚོགས་བསགས་སྒྲིབ་པ་སྦྱོང་བའི་ཉེ་ལམ་ཡིན། །

༤༡༽
གསང་སྔགས་ཆོས་ཀྱི་རྩ་བ་མོས་གུས་ཡིན། །
བྱིན་རླབས་ཆུ་བོའི་འབྱུང་གནས་བླ་མ་ཡིན། །
སྐས་ཀྱི་གདང་བུ་ལྟ་བུའི་ལམ་རིམ་འདི། །
བོད་བརྒྱུད་མདོ་སྔགས་བསྟན་པའི་ཟབ་ཁྱད་ཡིན། །

༤༢༽
མོས་གུས་ཅན་ལ་བླ་མའི་རྣལ་འབྱོར་དང་། །
སྡིག་པོ་ཆེ་ལ་བཙན་ཐབས་འཕོ་བ་སོགས། །
གང་ལ་གང་དགོས་དེ་ལ་དེ་ཡོད་པ། །
གསང་སྔགས་ཐབས་ཀྱིས་འཕགས་པའི་ཆེ་བ་ཡིན། །

༤༣༽
ཀུན་མཁྱེན་ཡབ་སྲས་ཟུང་གི་དགོངས་པའི་བཅུད། །
འཇིགས་མེད་རྒྱལ་བའི་མྱུ་གུའི་ཞལ་གྱི་ལུང་། །
མཁས་པ་དཔལ་དགེ་རྒྱལ་པོའི་ཚིག་གིས་བཀྲལ། །
བརྒྱུད་པའི་བྱིན་རླབས་མེད་པའི་དོགས་མ་མཆིས། །

༤༤༽
སྙིང་ནས་དམ་ཆོས་དོན་དུ་གཉེར་བ་ལ། །
ཚིག་དོན་རེ་རེ་གསེར་དང་འདྲ་བ་སྟེ། །
རང་རྒྱུད་མེ་ཡིས་ཉིན་བཞིན་བསྲེགས་ན་ཡང་། །
ལེགས་བཤད་དྲི་མས་གཞན་རྒྱུད་གསོས་པས་འཚེངས། །

༤༥༽
ཁ་བ་ཅན་གྱི་རིག་གཞུང་ཆོས་དང་འབྲེལ། །
ཆེད་དུ་གནང་ཆོས་སྦྱང་མྱོང་མེད་ན་ཡང་། །
མིག་མཐོང་རྣ་ཐོས་འདྲེས་པའི་བག་ཆགས་ཀྱིས། །
སྐད་ཆ་བཤད་པར་དེ་ཙམ་དཀའ་ངལ་མེད། །

༤༦༽
རྒྱ་རིགས་འདི་དག་དེ་དང་མི་འདྲ་སྟེ། །
མ་ཎི་འདོན་སྟངས་ཕྲེང་བ་བགྲང་སྟངས་ཚུན། །
ཐལ་མོ་སྦྱོར་སྟངས་དཀྱིལ་བཀྲུང་བཅའ་སྟངས་ཡན། །
ཕལ་མོ་ཆེ་ལ་མགོ་ནས་སློབ་སྦྱོང་དགོས། །

༤༧༽
གོ་བ་ལེན་སྟངས་དྲི་བ་འདྲི་སྟངས་དང་། །
མཚར་སྣང་སྐྱེ་སྟངས་ཚོར་བ་སྟོན་སྟངས་སོགས། །
ངང་རྒྱུད་རིང་པོ་མེད་པའི་དགེ་རྒན་ལ། །
མནར་གཅོད་གཏོང་བ་ལྟ་བུའི་དཀའ་ངལ་ཡོད། །

༤༨༽
འགའ་ཞིག་ཤེས་ཡོན་ཚད་གཞི་མཐོན་པོ་ཡོད། །
འགའ་ཞིག་ཆོས་ཀྱི་སྦྱང་བ་མང་པོ་ཡོད། །
མདོར་ན་རྒྱབ་ལྗོངས་མི་འདྲ་སྣ་ཚོགས་པས། །
གཅིག་ཏུ་འཕྲོད་པའི་ཐབས་ལམ་དེ་བས་དཀའ། །

༤༩༽
དེས་ན་ངས་ཀྱང་མི་ཡུལ་ས་མཐའ་ནས། །
ནུས་པའི་ཚོད་ཀྱིས་དཔེ་ཁྲིད་ཅུང་ཟད་བྱས། །
བྱ་བའི་ཚོད་ཀྱིས་གྲུབ་འབྲས་ཆུང་ཙམ་མཐོང་། །
འབྲས་བུའི་ཚོད་ཀྱིས་དགའ་བ་བག་ཙམ་སྐྱེས། །

༥༠༽
ཁོ་བོའི་བླ་མ་(གསེར་རྟ་མཁན་ཆེན་)ཆོས་དབྱིངས་ཁྱབ་བརྡལ་ནི། །
ཞག་མ་སུམ་བརྒྱ་དྲུག་ཅུར་གུང་གསེང་མེད། །
ཉི་མ་རེ་བཞིན་ཆོས་ཁྲིད་འཆད་པ་ཡིན། །
ཆོས་ཁྲིད་གསུང་བཞིན་ཞི་བར་གཤེགས་པ་ཡིན། །

༥༡༽
ཁོ་བོའི་བླ་མ་(ཨ་རིག་མཁན་ཆེན་)པདྨ་ཚེ་དབང་ནི། །
རང་དོན་དགེ་སྦྱོར་གཞན་དོན་མཛད་པ་ཀུན། །
ཆོས་ཁྲིད་འཆད་པ་ཁོ་ནར་བཞེད་པ་སྟེ། །
ཚུལ་འདིར་ངས་ཀྱང་ཡིད་ཆེས་བྱེད་པ་ཡིན། །

༥༢༽
ཁོ་བོ་རང་གི་རྒྱུད་ན་ཆོས་མེད་ཀྱང་། །
ཆོས་ལ་ཐོས་བསམ་བྱེད་པའི་གལ་ཆེའི་ཚུལ། །
བླ་མ་དམ་པའི་དྲིན་གྱིས་ཅུང་ཟད་ངེས། །
ངེས་པའི་དོན་བཞིན་གང་ནུས་ལག་ཏུ་བླངས། །

༥༣༽
དེས་ན་གཞན་དག་དཔེ་ཁྲིད་ཉན་པ་དང་། །
བཤད་པའི་ནང་དོན་ཅུང་ཟད་གོ་བ་དང་། །
ཆོས་དང་མཐུན་པའི་གོ་བ་སྐྱེས་པ་སོགས། །
མཐོང་བའི་མོད་ལ་བདག་བློ་དགའ་བ་སྐྱེས། །

༥༤༽
བོད་དུ་ཡོད་པའི་མཁན་སྤྲུལ་དགེ་བཤེས་ཚོས། །
རྒྱུས་ཡོད་མི་ལ་རྒྱུས་ཡོད་ཆོས་གཏམ་བྱེད། །
མཐོན་པོའི་ཁྲི་ལ་སྐྱིད་པའི་ཉམས་ཆེ་ཡང་། །
རྒྱ་བླ་རྣམས་ནི་དེ་འདྲས་མི་ཡོང་ངོ་། །

༥༥༽
སྙིང་རྗེ་ཆེན་པོ་ཡོད་ན་ཨ་ཅང་ཅང་། །
མི་ཆོས་འགན་འཁྲིའི་བློ་ཙམ་ཡོད་ན་ཡང་། །
རྒྱ་དང་དབྱིན་ཇིའི་སློབ་མ་བསྡུད་པ་དག །
སྒོར་མོ་ཁོ་ནའི་ཆེད་དུ་ཡིན་མི་འོས། །

༥༦༽
རྒྱུན་ཤེས་ཕྲན་ཙམ་ཡོད་པའི་ཚོང་པས་ཀྱང་། །
གཉིས་ཕན་ལམ་ནས་ཁེ་ཕན་འཚོལ་མཐོང་ན། །
སྒོར་མོ་འབའ་ཞིག་དམིགས་པ་འགའ་སྲིད་ན། །
རྒྱ་བླ་དེ་ནི་འཇིག་རྟེན་ལས་ཀྱང་དམན། །

༥༧༽
སློབ་མ་སྒེར་བདག་བྱེད་པ་ཁག་མེད་མོད། །
སློབ་མ་ཆོས་ཀྱིས་འཛིན་པ་དེ་བས་གལ། །
སེམས་ཀྱི་གཏིང་ལ་ཆོས་ཀྱི་རྣོ་ཟུག་ན། །
སློབ་མ་དེ་ནི་བླ་མའི་ཉེ་སར་གནས། །

༥༨༽
འདུལ་བས་བསྟན་པ་འཛིན་པ་གལ་ཆེ་མོད། །
ཐོས་པས་བློ་མུན་སེལ་བ་དེ་བས་གལ། །
འདུ་ཤེས་སྣ་ཚོགས་འདྲེས་པའི་ཁོར་ཡུག་ཏུ། །
ཐབས་ལ་མཁས་ན་ཡུལ་སྣང་གྲོགས་སུ་འགུག །

༥༩༽
དེང་སང་མང་པོ་རྟོལ་མེད་ཚུལ་དུ་སྣང་། །
འོན་ཀྱང་ཕལ་ཆེར་རྟོག་པ་སྔར་ལས་རྒོད། །
ཤེས་རབ་ཆེ་ཞིང་སློབ་གསོའི་གནས་ཚད་མཐོ། །
རྒྱུ་མཚན་མེད་པའི་སྣང་ཆུང་བྱ་མི་རུང་། །

༦༠༽
ཆོས་པ་ཚད་ལྡན་དབྱིན་ཇི་ལའང་ཡོད། །
དད་པ་ལྡོག་མེད་རྒྱ་རིགས་ཀྱིས་ཀྱང་ཤེས། །
བོད་རིགས་མིན་པའི་ཆོས་པ་བདེན་པ་འགའ། །
འཇིག་རྟེན་འདི་ན་གཞན་ཡང་ཡོད་པར་སྣང་། །

༦༡༽
རྒྱ་ལ་ཡོད་པ་སྒོར་མོ་ཙམ་ཞིག་མིན། །
མགོ་སེར་ཚང་མ་རང་འདོད་ཚ་བོ་མིན། །
བླ་སློབ་ཆོས་གསུམ་རྒྱུ་ཚོགས་གྲངས་ཚང་ན། །
ཚད་ལྡན་ཆོས་པ་མི་རིགས་དབྱེར་མེད་ཡིན། །

༦༢༽
བླ་ཆེན་གྲགས་ཆེན་རྗེས་ལ་རྒྱུག་པ་ཡི། །
གཡེལ་ཆེན་མིང་ཆེན་སློབ་མ་འཁྱོངས་པ་ལས། །
ཉམ་ཆུང་ཐོས་པ་ཅན་གྱི་རྗེས་འབྲངས་ནས། །
བསྟན་པའི་གོ་རིམ་མཐོང་བ་ལེགས་པ་ཡིན། །

༦༣༽
གྲགས་དང་འབྱོར་བར་སུ་ཡང་འདུན་མོད་ཀྱི། །
ནགས་མཐའ་ཡོངས་རྫོགས་མེ་ཡིས་བསྐོར་གྱུར་ན། །
ནགས་ཀྱི་དཀྱིལ་ན་སུ་ཡང་མི་བདེ་སྟེ། །
གནས་ལུགས་འདི་ཙམ་ཤེས་པ་ཅིས་ཀྱང་དགོས། །

༦༤༽
རྒྱ་བླ་དགེ་རྒན་སྦྱིན་བདག་སློབ་མ་དང་། །
འབུལ་བའི་སྒོར་མོ་ཟླ་ཕོག་བསླབ་པའི་ཡོན། །
རང་ནུས་ཆོས་ཀྱི་སློབ་གསོ་སློབ་ཁྲིད་དེ། །
འདུ་ཤེས་བཞི་དང་ལྡན་ན་གཉིས་ཀ་བདེ། །

༦༥༽
ནང་པའི་བསྟན་པར་ཞུགས་མཁན་མང་བ་དགོས། །
དེ་དག་བསྐྱེད་སྲིང་བྱེད་པའི་འདུན་པ་དགོས། །
མ་འོངས་བསྟན་པ་སུས་འཛིན་མི་ཤེས་པས། །
སེམས་ཀྱི་གཏིང་ནས་དབྱེ་འབྱེད་མེད་པ་དགོས། །

༦༦༽
ཐབས་ལ་མཁས་ན་ལྕགས་ཀྱང་གསེར་དུ་འགྲོ །
བསྡེབས་ལ་མཁས་ན་དུག་ཀྱང་སྨན་དུ་འགྱུར། །
སྒྱུ་རྩལ་མཁན་ལ་ཅིར་ཡང་སྲིད་པ་ལྟར། །
མ་འོངས་ལམ་ཆེན་མཐོང་བའི་བློ་རྒྱ་དགོས། །

༦༧༽
མ་ངེས་ནད་ཡམས་མང་པོ་སྤྲིན་ལྟར་འཁྲིགས། །
དམག་འཁྲུགས་མུ་གེའི་འཇིགས་པས་ཕྱོགས་ནས་རྒོལ། །
འགྲོ་བ་མི་ཡི་བྱས་ཉེས་ཕལ་མོ་ཆེ། །
ད་ནི་རང་གཤེད་རང་ལ་འབབ་པར་འདུག །

༦༨༽
ཡོད་ཚད་འགྱུར་ཞིང་འགྱུར་བའི་འཇིག་རྟེན་འདིར། །
སང་ཉིན་ཅིར་འགྱུར་དེ་རིང་མི་ཤེས་མོད། །
རེ་ཞིག་དུས་ཀྱི་བགྲོད་པ་མ་ཞིག་བར། །
དོན་དང་ལྡན་པའི་ལས་ཀྱིས་འཚོ་བར་ཤོག །

༦༩༽
མ་འོངས་འཇིག་རྟེན་སྲིད་པའི་ལམ་ཆེན་དེ། །
ཤིན་ཏུ་མ་ངེས་ཚུལ་དུ་འགྱུར་ན་ཡང་། །
སྟོན་དང་བསྟན་པར་གཅེས་པའི་བློ་གྲོས་འདིས། །
ཁོ་བོ་ནམ་ཡང་གཏོང་བར་མ་གྱུར་ཅིག །

༧༠༽
ཚིགས་བཅད་བདུན་བཅུའི་རྩིག་ཁ་འདི་ནས་གང་། །
ཉིན་ཐོ་སེམས་ཚོར་ལེགས་བཤད་སྙན་ངག་སོགས། །
གང་དུ་གཏོགས་པ་ངས་ཀྱང་མ་ཤེས་མོད། །
བདེན་དོན་འགའ་ཞིག་ཡོད་ན་ཁྱེད་ལ་ཡིན། །

ཕྱི་ལོ་༢༠༢༣ ཟླ་ ༤ ཚེས་ ༨ ཉིན་གྱི་ཕྱི་དྲོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་རི་སྔོན་པོར་བྲིས་པ་རྫོགས་སོ།།

སྙན་ངག

Post navigation

Previous Post: སྐད་ཡིག་ནི་སྤྱི་པའི་རྒྱུ་ནོར་རེད། 
Next Post: སྤྱི་འཐུས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་པ་དེའི་མཇུག་འབྲས་ད་དུང་གྲོས་ཚོགས་ཀྱི་ལས་རིམ་ལ་བར་ཆད་ཡོང་བཞིན་པར་དཔྱད་པའི་གཏམ།

Comments (1) on “རྒྱ་བླ་བདུན་ཅུ་པ་ཞེས་བྱ་བའི་གླུ།”

  1. ཀླུ་སྨྱོན་ཧེ་རུ་ཀ says:
    2023-04-13 at 12:11 am

    སེང་ལྕམ་ལ་ཚིག་བཅད་གཅིག་འབབ་ཀི་ཡ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme