Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབྱངས་དགའ—ངེས་དོན་གྱི་འདབ་གཤོག་ཉིས་ལྡན།

Posted on 2022-12-19 By ཁ་བརྡ 1 Comment on དབྱངས་དགའ—ངེས་དོན་གྱི་འདབ་གཤོག་ཉིས་ལྡན།

རྫ་ཚེ་རིང་བཀྲིས།

ཁ་སང་ནི་དགའ་ལྡན་ལྔ་མཆོད་དེ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་འདས་མཆོད་རེད། གུས་པས་ཀྱང་རོང་ཟོམ་བརྙན་འཕྲིན་གཙོ་སྐྱོང་བའི་མིང་ཐོག་ནས་སྔ་ཕྱིར་སེར་བྱེས་ལྷ་རམས་པ་ཐུབ་བསྟན་ནོར་བུ་དང་། མཁས་དབང་ཆབ་མདོ་བློ་བཟང་ཤེས་རབ་གཉིས་གདན་ཞུས་ཀྱིས་རྗེ་བདག་ཉིད་ཆེན་པོའི་མཛད་པ་རྣམ་ཐར་དང་ལྔ་མཆོད་ཀྱི་སྐོར་ལ་གླེང་མོལ་རེ་ཞུས། དེ་ནི་རང་ངོས་ནས་མཁས་གྲུབ་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་དུ་བཞུགས་པའི་གངས་ལྗོངས་ཀྱི་སྐྱེས་ཆེན་དམ་པ་ཁོང་གི་མཛད་རྣམ་ལ་རྗེས་དྲན་ཞུ་སྟངས་ཤིག་ཡིན།

དེ་ནས་འཛམ་གླིང་གསེར་གྱི་བུམ་པའི་མཐའ་མཇུག་གི་འགྲན་བསྡུར་ཆེན་མོ་ནི་ཁ་སང་གི་ཉིན་འདིར་འཛམ་གླིང་འདིའི་མི་རྣམས་ཀྱིས་ཤིན་ཏུ་དོ་སྣང་བྱ་ཡུལ་ཉག་གཅིག་ཏུ་གྱུར་ཡོད། རྩེད་མོ་འདི་བརྒྱུད་ནས་འགྲོ་བ་མིའི་རིགས་ལ་ཁྱིམ་ཚང་གཅིག་གི་འདུ་ཤེས་བསྐྲུན་པ་དང་། ཞི་བདེ་དང་མཉམ་གནས་སོགས་བཟང་ཕྱོགས་ཀྱི་ཤུགས་རྐྱེན་མང་པོ་འདྲེན་གྱི་ཡོད། དེའི་དབང་གིས་རྩེད་མོ་འདི་ནི་འཛམ་བུ་གླིང་གི་ད་ལྟའི་གནས་བབས་སྤྱིའི་ངོས་ན་བཤད་ན། མི་རྣམས་ཀྱི་སེམས་པ་གུ་ཡངས་དང་སྤྲོ་སྣང་གི་ཕྱོགས་སུ་འདྲེན་པའི་ངལ་སྟེགས་ཤིག་ཡིན་པས་རྩེད་མོ་དེའི་རིན་ཐང་ཤིན་ཏུ་ནས་ཀྱང་རྟོགས་མོད། རང་ཉིད་ལ་རྩེད་འགྲན་ལ་ལྟ་བའི་གོམས་གཤིས་ཡེ་མེད་པས་རྒྱལ་ཕམ་དང་འབྲེལ་བའི་ཚོར་བ་གང་ཡང་མ་བྱུང་ངོ་། །

འོན་ཀྱང་། ཞོགས་པ་དྲ་སྒོ་ཕྱེ་སྐབས་གློ་བུར་དུ་སེམས་པ་ཧ་ཅང་སྐྱོ་བའི་གནས་ཚུལ་སྡུག་པོ་ཞིག་མིག་ལམ་དུ་ཤར། དེ་ནི་བོད་ཀྱི་གསོ་བ་རིག་པའི་མཁས་དབང་དང་། ཨ་རིའི་ཧ་ཝར་གཙུག་ལག་སློབ་ཆེན་གྱི་འབུམ་རམས་པ་མཁས་དབང་དབྱངས་དགའ་ལགས་སྐུ་གཤེགས་ཟིན་པ་དེ་རེད། ཁོང་ནི་སྤྱི་ལོ་ ༡༩༦༦ ལོར་འཁྲུངས་པར་བཤད་པ་ལྟར་ན། ད་ལྟ་དགུང་ལོ་ལྔ་བཅུ་ང་དྲུག་ཙམ་ལས་མིན་པས་ལོ་ཤིན་ཏུ་གཞོན། རྒྱའི་བཤད་སྲོལ་ཤིག་ལ། སྐྱེས་པ་ཕོ་ཞིག་ལ་མཚོན་ན། ལོ་བཞི་བཅུའི་བར་དུ་སློབ་སྦྱོང་གི་དུས་རིམ་དང་། བཞི་བཅུ་ནས་ལྔ་བཅུའི་བར་བཙོ་སྦྱངས་ཀྱི་དུས་རིམ། ལྔ་བཅུའི་རྗེས་སུ་གཞི་ནས་འབྱོན་ཐང་དང་ནུས་པ་ཕྱིར་འདོན་པའི་གསེར་གྱི་དུས་ཚིགས་ཡིན་པར་བཤད་པ་ལྟར་ན། ཁོང་ཕེབས་པ་དེ་ཧ་ཅང་སྔ་དྲགས་པ་རེད།
ཁྱད་པར་དུ། སྲོལ་རྒྱུན་གྱི་གསོ་རིག་ནས་དེང་རབས་ཀྱི་ཤེས་ཡོན་བར་ཆ་ཚང་ཤེས་པའི་ངེས་པ་དོན་གྱི་འདབ་གཤོག་ཉིས་ལྡན་ཞིག་ཏུ་གྱུར་ཡོད་པ་དང་། ཁོང་གི་གསུང་བཤད་དང་དགག་སྒྲུབ་སོགས་འཛིན་མཚམས་རེ་རེ་ནས་ཡོངས་སུ་ཁས་ལེན་ཐུབ་མིན་ལ་མ་ལྟོས་པར། གཞན་དང་མི་འདྲ་བའི་རྒྱལ་སྤྱིའི་གཟིགས་རྒྱང་དང་། མ་འོངས་པར་ཕྱོགས་པ། དངོས་ཡོད་མཐོང་བ་སོགས་ཀྱི་ཟབ་ཚད་དང་སྤུས་ཀ་ཡོད་ངེས་རེད།

དྲང་མོ་བཤད་ན་སྔར་ང་ཁོང་ལ་ཆ་རྒྱུས་དང་དོ་སྣང་ཆེན་པོ་མེད། བཟང་ངན་གྱི་ལྟ་ཚུལ་དེ་བས་ཀྱང་མེད། ཡིན་ན་ཡང་། ལོ་གཅིག་ཏག་ཏག་གི་ཡར་སྔོན་ཞིག་ལ། ༼    བོད་ཀྱི་གསོ་རིག་གི་རྒྱལ་སྤྱིའི་གནས་བབ། རྒན་དབྱངས་དགའ། ༽   ཞེས་པའི་སྤྱི་སྟེགས་ཀྱི་བརྙན་ལམ་གཏམ་བཤད་ཚན་པ་བཞི་པ་ཞིག་མཉན་རྒྱུའི་གོ་སྐབས་བྱུང་། སྐབས་དེར་ཁོང་གི་གསུང་བཤད་ཀྱིས་ངའི་ཡིད་དབང་ཡོངས་སུ་འཕྲོག་པ་ཞིག་བྱུང་།
དེ་ཡང་སྤྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས ༡༠ ཉིན་ངས་རང་གི་དྲ་རྒྱབ་ཏུ།
“མཁས་དབང་དབྱངས་དགའ་ཞུ་བ་ཁོང་གི་བཀའ་མོལ་འདི་དང་པོ་ཇ་ཚ་དེམ་གང་ཟུར་དུ་བཞག དེ་ནས་ཐང་ཟན་བླ་མའི་གློག་བརྙན་ནང་བཞིན་གཅིག་གི་རྗེས་ལ་གཅིག་བྱས་ནས་དུམ་བུ་དང་པོ་ནས་བཞི་པའི་བར་ཚང་མ་ཚར་གཅིག་ཞིབ་ཏུ་གསན་པར་འོས། བསམ་ཚུལ་མི་མཐུན་པ་ཡང་ན་བསམ་ཚུལ་ཧ་ཅང་མཐུན་པའི་ཚོར་བ་ཚང་མ་རེ་ཞིག་ཟུར་དུ་བཞག་ནས་ཚང་བར་གསན་ན་ཕྱོགས་མང་པོ་ཞིག་གི་གནས་སྟངས་མཐོང་བ་ལ་ཕན་ཐོགས་ཡོད་ངེས་ཤིག་ཏུ་ཚོར། དེ་རིང་ངའི་དུས་ཚོད་མང་པོ་ཞིག་སྐད་ཆ་འདིར་གཏོང་ཤོར་སོང་།” ཞེས་བྲིས་པ་ཡིན། ངོ་དེབ་སོགས་བརྒྱུད་ནས་མང་པོ་ཞིག་ལ་ཁོང་གི་གསུངས་འདི་ཞིབ་མཉན་དགོས་པའེ་རེ་སྐུལ་ཡང་ཞུས་པ་ཡིན། ཁོང་འདས་ནས་ཉིན་གཉིས་པའི་ཉིན་མོ་འདིར་ངས་ཁོང་གི་གསུང་བཤད་དེ་ཉན་ནས་ལོ་གཅིག་དང་ཞག་མ་བརྒྱད་ཏག་ཏག་ཟིན་འདུག །

དེ་ཡང་འདི་ཕྱོགས་ནས་བོད་ཀྱི་གསོ་རིག་གི་བདག་དབང་རྒྱ་གར་གྱིས་ཁྲིམས་ཐོག་ནས་ཟིན་པའི་གནས་བབ་ལ་རང་ཉིད་ལ་སེམས་ཚོར་ཧ་ཅང་ཆེན་པོ་ཡོད་པ་དེར་ཁོང་གི་གསུང་དེ་ལྷག་ཏུ་ང་ཚོར་གལ་འགང་ཆེན་པོ་ཡིན་པ་རྟོགས་བྱུང་།
དེས་ན་ཁོང་ནི་ཤེས་ཡོན་པ་ཞིག་ཡིན་པ་དང་མཉམ་དུ་སྙིང་ལ་རུས་པ་ཡོད་པ་ཞིག་ཡིན་པ་དང་། སེམས་ཤུགས་དང་ལར་ཞེན་གྱིས་རྒྱ་དཀར་ནག་དང་སོག་པོ་དང་བཅས་པའི་ཁྲོད་ཀྱི་བོད་ཀྱི་གསོ་རིག་གི་དུས་དང་མཐུན་པའི་བདག་དབང་གི་གནས་བབ་ལ་གཞན་ལས་ལྷག་པའི་གཟིགས་ཚུལ་དང་ལག་ལེན་ཡོད་པ་ཞིག་ཏུ་རྟོགས།
ཁོང་ལྟ་བུ་ཞིག་གི་མི་ཚེར་བསགས་པའི་ཐོས་པ་དང་། ཉམས་མྱོང་། གོ་སྐབས་བཅས་ཡང་བསྐྱར་མི་གཞན་ཞིག་ཁོང་གི་ཚད་དུ་བཞེངས་བསྐྲུན་བྱ་དགོས་ན་ཕྱི་ནང་གི་རྒྱུ་རྐྱེན་ཧ་ཅང་མང་པོ་ཞིག་ཚང་དགོས་པ་ཡིན།
མདོར་ན། རང་རེ་བོད་པའི་སྤྱི་ཚོགས་འདིར་ཁོང་ལྟ་བུའི་དེང་རབས་ཤེས་ཡོན་རྩེར་སོན་གྱིས་ཤེས་རིག་བདག་དབང་འཐབ་རྩོད་ཀྱི་གཡུལ་ས་མདུན་མར་བཞེངས་ཐུབ་མཁན་ཧ་ཅང་ཉུང་ཉུང་ལས་མེད་པས་དེས་ཀྱང་ཤིན་ཏུ་ཕངས་སོ། །
ད་ནི་ཕངས་སེམས་ཆེ་རབས་བཤད་ན་ཕན་ཐོགས་པའི་དུས་ཚོད་ནི་ཡོལ་ཟིན་མོད། ཁོང་གཤེགས་ཟིན་པའི་རྗེས་སུའང་འདི་ལྟར་གླེང་བརྗོད་བྱེད་པ་དང་། ཁོང་གི་སྐོར་ལ་གླེང་པ་ཙམ་འདིའང་མཁས་པ་དང་མཁས་པའི་ཡོན་ཏན་ལ་ཕངས་ཤིང་གཅེས་པའི་བློ་ཡོད་པ་དག་གིས་ཅིས་ཀྱང་བགྱི་བར་འོས་པ་ཞིག་ཏུ་ངོས་འཛིན་བཞིན་ཡོད། ལར་མཁས་པ་ཞིག་ཞལ་བཞུགས་དུས་ཁོང་དག་གིས་བསམ་བློ་མི་འདྲ་བའི་རལ་ཁ་བཤགས་ནས་དགག་སྒྲུབ་ཀྱི་འཁོར་ལོ་སྐོར་བའི་སྐབས་དེར་དོན་ལ་གནས་མིན་གྱི་དགག་པ་དང་སྐྱོན་བརྗོད་ཤུགས་ཆེན་པོ་ཡོང་བ་ནི་དོན་ལ་ཁོང་དག་གི་བསམ་བློ་དང་ཤེས་རབ་བཙོ་སྦྱང་བྱེད་པའི་རྒྱུད་རིམ་ཞིག་སྟེ། ལྕགས་རྡུང་སྐབས་མེ་སྟག་གི་ཚྭ་ཚྭ་འཕྲོ་བ་ལྟ་བུ་ཞིག་རེད། དེས་ན་དེ་ལ་ངེས་པར་དུ་ང་ཚོས་ཁོང་ལ་གདེང་འཇོག་མ་བྱས་པ་དང་། རིན་ཐང་མ་སྤྲད་པ་དང་། ཞལ་བཞུགས་དུས་མཐོང་ཆེན་མ་བྱས་པ་ལྟ་བུའི་སྒྲུབ་བྱེད་དུ་འདྲེན་པ་ཐལ་ཆེ་མི་རུང་། ང་ཚོས་སྐྱེས་བུ་དམ་པ་ཞིག་ལ་རྩ་ཆེན་དང་མཐོང་ཆ་འཇོག་ཞུ་སྟངས་དེ་ཅི་གསུང་བཀའ་བསྒྲུབས་ཁོ་ནའི་ཐོག་ནས་འགྲོ་དགོས་པ་དང་། དེ་ལ་སྐྱོན་བརྗོད་དང་དགག་སྒྲུབ་མེད་པའི་ཞི་བདེ་བརྟན་རླིང་མཐར་ཐུག་ཅིག་གི་ཐོག་ནས་དཀོན་མཆོག་གོང་ཕུད་བྱེད་དགོས་སྙམ་པ་དེ་ཤར་ཕྱོགས་པའི་བསམ་བློའི་ཆ་ཤས་ཤིག་དང་། དེང་དུས་ཀྱི་བསམ་བློའི་ངོས་ནས་བཤད་ན་ཧ་ཅང་ཉེན་ཁ་ཅན་གྱི་བསམ་བློ་ཞིག་རེད། དེ་འདྲའི་བསམ་བློ་ལས་བྱུང་བའི་ཐོན་རྫས་ནི་ཨེ་ཤ་ཡའི་སྒེར་གཅོད་ཤས་ཆེ་བའི་རྒྱལ་ཁབ་འགའ་ཞིག་གི་གཙོ་བདག་ལྟ་བུ་ཡིན། ཞར་ལ་འོངས་པ་ལྟ་བུའི་སྐད་ཆ་འདིའང་ང་ཚོས་མཁས་པ་དང་སྐྱེས་ཆེན་ཚོ་ལ་ངོས་འཛིན་བྱེད་སྟངས་ཐད་ཀྱི་ཤེས་བྱ་ཞིག་ཡིན།
ཁོང་ལ་ཞིབ་འཇུག་དགོས་ན། ཁྱོན་ཡོངས་ཀྱི་ཁོང་གི་མི་ཚེའི་བརྒྱུད་རིམ་དང་། སློབ་སྦྱོང་གི་གྲུབ་འབྲས། ཞིབ་འཇུག་དང་འཆད་རྩོད་རྩོམ་གསུམ་གྱི་ཤུལ་བཞག་བཅས་ལས་མཇལ་དགོས།

ཡང་བོང་རྫི་དང་བོང་རྫི་དག་གིས་སོ་སོའི་བསམ་ཚུལ་དང་མཐུན་པ་ཙམ་རྒྱུ་མཚན་དུ་བྱས་ནས། རྩོད་གཞི་ཅན་གྱི་ཞིབ་འཇུག་གི་འཛིན་མཚམས་འགའ་རེ་ཟུར་འདོན་གྱིས་ཁོང་གི་ཆེ་བར་སྒྲོགས་པ་དང་། ཐ་ན་ཁོང་སྐུ་མ་འདས་གོང་སྒེར་ལམ་ནས་བཤད་པའི་སྐད་ཆ་དེ་འདྲའང་ཡོངས་ཁྱབ་ཏུ་བཀྲམ་ནས་སོ་སོའི་ལྟ་ཚུལ་ཁུངས་སྐྱེལ་སོགས་ཀྱི་ཆེད་བེད་སྤྱོད་གྱིས་སྒེར་གསང་ཁྲོམ་བསྒྲགས་ཀྱི་རིགས་སོགས་ནི། བཟང་སྤྱོད་ཀྱི་ངོས་ནས་བཤད་ན་ཐ་ཤལ་གྱི་བྱེད་སྟངས་ཡིན་པས་ང་ཚོས་ཁོང་ལ་རྗེས་དྲན་དང་གུས་འདུད་གླེང་སློང་བཅས་བྱེད་པར་ཡང་ཡ་རབས་བཟང་སྤྱོད་དང་ལྡན་པ་ཞིག་དགོས་པ་ཤིན་ཏུ་གལ་ཆེ།

ཁྱད་པར་དུ། འདས་པོ་ཁོང་གྲོངས་ནས་ཆུ་ཚོད་ཉི་ཤུ་རྩ་བཞིའི་ནང་དུ་ཡང་། མཁས་དབང་དབྱངས་དགས་བོང་རྫི་གླེང་པ་ཞེས་པ་ལྟ་བུ་མང་པོ་ཡར་མར་བཀྲམས་ནས་བོང་རྫིའི་ཆེ་བ་འདོན་བྱེད་ལྟ་བུར་སྤྱོད་པ་ནི་ཤིན་ཏུ་མ་འོས་པ་ཞིག་ཡིན་མོད། ནམ་རྒྱུན་དྲ་ལམ་ནས་ཅུང་ཟད་མ་འགྲིག་པ་བྱུང་ནའང་ཚབས་ཆེ་མདོག་སྟོན་མཁན་གྱི་བོང་རྫིར་དེ་རིང་འདིའི་ཐད་བསམ་ཚུལ་གང་ཡང་མེད་པ་ནི་ཡ་མཚན་ཞིག་རེད། དེ་ནི་ཁོ་རང་གིས་སྒེར་གྱི་ཁ་བརྡ་ཚང་མ་བཀྲམ་ནས་འུར་བརྒྱབ་པའི་བསམ་བློ་དེའི་བདེན་དཔང་ལྟ་བུར་གྱུར་འདུག །ངས་འདིར་དོན་དག་འདི་ཅུང་ཟད་གླེང་བ་ནི་རྣམ་པ་ཚོར། མཁས་དབང་འདས་པོ་ཁོང་ལ་ཆེ་མཐོང་དང་རྗེས་དྲན་ཞུ་སྐབས་ངེས་པར་བཟང་སྤྱོད་ལྡན་པ་དང་། དོན་ལ་མཐུན་པ་ཞིག་དགོས་པའི་རྒྱུན་ཤེས་ཤིག་དྲན་སྐུལ་ཞུ་འདོད་པ་ཙམ་ཡིན།

ལར་བོང་རྫི་ལའང་ཤེས་ཡོན་གཏན་ནས་མེད་པ་མི་སྲིད་ལ། ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གྲྭ་ཞིག་ནས་བྲིས་པའི་དཔྱད་རྩོམ་ཞིག་ཡིན་ན་ཁོ་རང་གི་ངོ་སྐལ་གྱི་དཔྱད་གཞིའི་རིན་ཐང་མེད་མི་སྲིད་ལ། མཁས་དབང་དབྱངས་དགའ་ལགས་ཀྱང་ནུབ་ཕྱོགས་ཀྱི་གཙུག་ལག་སློབ་ཆེན་ནས་ཐོན་པའི་ཁོར་ཡུག་འདྲ་མཚུངས་ཀྱི་རྒྱབ་ལྗོངས་ཡོད་པའི་ཆ་ནས་ཕ་ཡུལ་རང་གི་ཤེས་ཡོན་པ་དག་གིས་བོང་རྫིར་ཁ་རུབ་བྱེད་པ་མཐོང་སྐབས། བོང་རྫིས་དབྱིན་ཡིག་ཏུ་བྲིས་པའི་དཔྱད་རྩོམ་སོགས་ཀྱི་སྐོར་གླེང་ནས་རྒྱབ་སྐྱོར་རེ་བྱས་པ་ནི་ཕྱོགས་མང་པོ་ཞིག་ནས་སྤྱིར་བཏང་ཞིག་ལས་ཧ་ཅང་དམིགས་བསལ་བ་ཞིག་མ་རེད། གང་ལྟར་ཁོང་གི་སྐད་ཆ་དེ་དག་སྒེར་གྱི་མངོན་འདོད་སྒྲུབ་པའི་ལག་ཆར་སྤྱོད་མི་རུང་ལ་མ་མཐའ་ཡང་ཁོང་འདས་ཟིན་པའི་དེ་མ་ཐག་དེ་ལྟར་བེད་སྤྱོད་བྱེད་པ་ནི་ཧ་ཅང་མི་འཚམས་པ་ཞིག་ཡིན།

མཐར་ཀློག་པ་པོ་ཚང་མར་ཞུ་རྒྱུར། མཁས་དབང་ཁོང་གྲོངས་རྐྱེན་དངོས་གང་ཡིན་མི་ཤེས་མོད། གང་ལྟར་ད་ལྟའང་བོད་ཀྱི་སྐྱ་སེར་དབྱེར་མེད་ཀྱི་ཤེས་ཡོན་པ་དང་མཁས་པ་དག་གིས་ཀྱང་ངེས་པར་དུ་ཆུ་མ་ཡོང་གོང་གི་ཆུ་རགས་ཀྱི་དཔེ་ལྟར་དུ། རང་གི་མི་ཚེ་དང་། སློབ་སྦྱོང་། རང་ལ་ལྟོས་པའི་ནང་མི་དང་སློབ་མ། རང་ལ་གདེང་འཇོག་དང་རེ་བ་བཅོལ་མཁན་གྱི་སྤྱི་ཚོགས་དང་བཅས་པར་འགན་ཁུར་བའི་ཐོག་ནས་བདེ་ཐང་གི་ཐོག་ལ་དོ་སྣང་གནང་བ་གལ་ཆེ་ཞིང་། རྒྱུན་གྱི་སྐུ་གཟུགས་འཕྲོད་བསྟེན་དང་། དུས་ནས་དུས་སུ་སྐུ་གཟུགས་བདེ་ཐང་བརྟགས་དཔྱད་སོགས་ལ་སྣང་ཆུང་དུ་མ་སོང་བ་ཞིག་གནང་ན། དེ་ཁོ་ནས་སོ་སོའི་མི་ཚེར་དཀའ་བ་སྤྱད་ནས་སྦྱངས་པའི་ཡོན་ཏན་གྱི་ནོར་བུ་དེ་རང་གཞན་གཉིས་ཆར་ལ་ཕན་པ་ཞིག་བྱུང་བ་ཡིན་པས། ཁོང་བཞུད་པ་དེའང་ང་ཚོས་བདེ་ཐང་དང་འབྲེལ་བའི་ཉེན་ཟོན་གྱི་སྔོན་བརྡ་ཞིག་ཏུ་གཟིགས་ཐུབ་པ་གལ་ཆེ།
སྐད་ཆ་འདི་འདྲ་ཞིག་ངས་སྔར་ཡང་བཤད་མྱོང་ལ། དེ་རིང་ཡང་བསྐྱར་ཚོར་བ་ཡོད་པའི་ཐོག་ནས་ཞུ་བཞིན་ཡོད།
མཇུག་ཏུ། འདས་པོ་ཁོང་སླར་ཡང་ཁ་བ་གངས་ཅན་གྱི་ལྗོངས་སུ་སྐྱེས་ནས་ཁོང་གི་སྐུ་ཚེའི་མངོན་འདོད་དང་ཐུགས་རེ་མངོན་གྱུར་ཡོང་བ་ཞིག་ཏུ་འགྱུར་བར་སྨོན་ནོ།། རྫོགས་སོ།།

རྫ་ཚེ་རིང་བཀྲ་ཤིས་ཀྱིས་རི་སྔོན་པོ་ནས་འཕྲལ་བྲིས།

དྲན་ཐོ།

Post navigation

Previous Post: བོད་ཀྱི་གསོ་རིག་གི་བདུད་རྩི་བུམ་པ་ཞིག་འགྱེལ་སོང་། གསོ་རིག་མཁས་པ་དབྱངས་དགའ་ལགས་ཚེ་འདས་སུ་གྱུར་བར་མྱ་ངན་ཞུ།
Next Post: ཁྱེད་ལ་ཁ་ཞེ་གཉིས་ཀྱི་མྱ་ངན་ཞུ་བཞིན་ཡོད། གཞིས་བཞུགས་པ་གསོ་རིག་འབུམ་རམས་པ་དབྱངས་དགའ་ལ་མྱ་ངན་ཞུ།

Comments (1) on “དབྱངས་དགའ—ངེས་དོན་གྱི་འདབ་གཤོག་ཉིས་ལྡན།”

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    2022-12-22 at 1:06 am

    ཨ་ཁ་ཁོང་གྲོངས་རྐྱེན་ཁ་གསལ་མེད་ན་ཡང་འདུས་བྱས་ཐམས་ཅད་མི་རྟགས་པ་ཡིན་པ་ནས་དམ་པ་ཁོང་ལ་གུས་བརྩི་དང་སྨོན་ལམ་ཞུ་གི་ཡོད་། ཁོང་གི་གསུང་བཤད་མང་པོ་ཉན་གྱི་ཡོད་ལ་ལྷག་པར་དུ་ང་ཚོ་བོད་འབྲོག་པའི་གཡག་ལ་གཟའ་འབུ་མགོ་ལ་ཕོག་སྐབས་གྲི་དང་རྩག་བུ་སོགས་རྣོ་ངར་ཅན་གྱི་མཚོན་གྱི་ཀླད་པའི་རུས་པ་བསྐོག་ནས་གཟའ་འབུ་དེ་དག་ཚུར་བླངས་ནས་མེ་ལ་སྲེག་པ་དང་ཡང་ན་ས་འོག་སྦས་པ་དང་ཀླད་པའི་རུས་པ་བསྐོག་ཤུལ་ལ་མར་ཁུ་ཚ་བོ་སླུག་ནས་དར་རས་ཀྱི་བདམས་ནས་བཞག་ནས་དུད་འགྲོ་དེ་སེང་དྲག་འགྲོ་བའི་སྐོར་སོགས་་ལ་ཁོང་གི་གཏམ་བཤད་མང་པོ་ཡུ་ཊུ་ཡུབ་ནང་མཇལ་སྐབས་ཁོང་ཉམས་མྱོང་གི་ཕྱུག་པའི་མཁས་དབང་ཞིག་ལ་ངོས་འཛིན་ཞུ་གི་ཡོད་། ད་ལམ་ཁོང་སྐུ་ཚེ་མ་བརྟན་པར་བློ་ཕམ་དང་བཅས་སླར་ཡང་བོད་མིར་སྐྱེས་ནས་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་ལ་གཟེངས་སུ་ཐོན་པའི་རླབས་ཆེན་གྱི་ཕྱག་རྗེས་འཇོག་ཐུབ་པའི་སྨོན་ལ་བཟང་པོའི་རྒྱན་སྟེ་དམ་པ་ཁོང་ལ་གུས་བརྩི་ཞུ་གི་ཡོད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme