Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་སྙིང་དྲོན་མོ་ཞིག་གི་ལྡིང་མཚམས་བཞག རྩོམ་པ་པོ་སྐལ་བཟང་ཚེ་བརྟན་ལགས་འདས་གྲོངས་སུ་གྱུར་བ་ལ་མྱ་ངན་ཞུ།

Posted on 2022-12-022022-12-02 By ཁ་བརྡ 4 Comments on བོད་སྙིང་དྲོན་མོ་ཞིག་གི་ལྡིང་མཚམས་བཞག རྩོམ་པ་པོ་སྐལ་བཟང་ཚེ་བརྟན་ལགས་འདས་གྲོངས་སུ་གྱུར་བ་ལ་མྱ་ངན་ཞུ།

པད་མ་འབུམ་ནས།

ཟླ་ ༡༡ གི་ཚེས་ ༢༨ ཉིན་སྐལ་བཟང་ཚེ་བརྟན་ལགས་སྐུ་ཚེའི་འཕེན་པ་རྫོགས།  བོད་སྙིང་དྲོན་མོ་ཞིག་གི་ལྡིང་མཚམས་བཞག

སྐལ་བཟང་ཚེ་བརྟན་ལགས་ནི་རྩོམ་གྱི་ལས་ལ་གཞོལ་ཡུན་རིང་ལ་བརྩམས་ཆོས་མང་བའི་རྩོམ་པ་པོ་ཞིག་ཡིན།  ཕངས་པ་ཞིག་ལ་ཁོང་གི་བརྩམས་ཆོས་མང་ཆེ་བ་རྒྱ་ཡིག་ཏུ་བརྩམས་སྟབས་བོད་པའི་ཁྲོད་ན་ཁོང་ལ་སྙན་གྲགས་དེ་འདྲ་ཆེན་པོ་རྒྱས་མེད།  ངས་ཁོང་གི་བརྩམས་ཆོས་དུ་མ་རྒྱ་ཡིག་ཏུ་བཀླགས་མྱོང་ན་ཡང་།  ད་ལྟ་ངས་མིང་ཙམ་ཡང་མི་དྲན།  བག་ཆགས་ཤིག་ལ་ཁོང་ནི་རིག་གནས་གསར་བརྗེའི་སྐབས་ཀྱི་གོད་ཆག་རྗོད་མཁན་གྱི་རྩོམ་པ་པོ་ཞིག་ཡིན།  དུས་རབས་གོང་མར།  རིག་གནས་གསར་བརྗེ་ཆེན་པོ་མཇུག་བསྒྲིལ་ནས་ལོ་ཤས་ཀྱི་རྗེས་སུ་རྒྱ་ནག་ལ་རྩོམ་རིག་གསར་བ་ཞིག་གི་ལས་འགུལ་ལངས།  དེ་ལ་རྒྱ་སྐད་ཀྱིས་伤痕文学སྟེ།  རྨ་ཤུལ་གྱི་རྩོམ་རིག་ཟེར།  དེ་ནི་རྒྱ་ནག་དམར་གཞུང་གིས་སྤེལ་བའི་ཆབ་སྲིད་ཀྱི་ལས་འགུལ་རབ་དང་རིམ་པ་སྟེ།  ལོ་རབས་ལྔ་བཅུའི་ནང་གི་གཡས་རྒོལ་དང་།  ལོ་རབས་དྲུག་ཅུ་དང་བདུན་ཅུའི་ནང་གི་རིག་གནས་གསར་བརྗེ་ཆེན་པོ་ལྟ་བུའི་ལས་འགུལ་གྱི་ནང་དུ་ཤེས་ཡོན་ཅན་དང་།  དཔོན་རིགས།  མི་དམངས་དཀྱུས་མ་རྣམས་ཀྱིས་སྡུག་བསྔལ་ཇི་ལྟར་མྱངས་ཚུལ་སྒྲུང་རྩོམ་དང་སྙན་རྩོམ།  འབོལ་རྩོམ་དུ་སྤེལ་ཡོད། 

དེ་དུས་ “བོད་ཀྱི་རྩོམ་རིག་སྒྱུ་རྩལ་”དང་”སྦྲང་ཆར་”ཟེར་བའི་བོད་ཡིག་གི་རྩོམ་རིག་གི་དུས་དེབ་ཐོན་ནས་བོད་ཀྱི་རྩོམ་ལ་གསོན་ཤུགས་གསར་པ་ཞིག་འཕེལ་འགོ་བརྩམས།  སྐབས་དེའི་བོད་ཡིག་གི་སྒྲུང་རྩོམ་གྱི་ནང་དུ་ཡང་བོད་པའི་སྡུག་བསྔལ་བརྗོད་ཡོད།  ཡིན་ན་ཡང་དེ་ཚོ་མང་ཆེ་བ་ནི་རྒྱ་ནག་དམར་གཞུང་སྲིད་ཇུས་འོག་ལ་མྱངས་པའི་སྡུག་བསྔལ་མིན་པར།  མུན་ནག་གི་སྤྱི་ཚོགས་རྙིང་པ་སྟེ།  རྒྱ་ནག་དམར་གཞུང་གིས་དབང་སྒྱུར་མ་བྱས་སྔོན་ལ་མྱངས་པའི་སྡུག་བསྔལ་བརྗོད་པ་ཡིན།  དཔེར་ན།  “བསྐལ་བཟང་མེ་ཏོག་”དང་།  “གཙུག་གཡུ།”  “བུ་མོ་སྤུན་གསུམ།”ཟེར་བ་རྣམས་སྐབས་དེའི་གྲགས་རྩོམ་གསུམ་ཡིན།  དེའི་ནང་ལ་བརྗོད་པ་ནི་བོད་པའི་སྐུ་དྲག་དང་མཐོ་རིམ་སྤྱི་ཚོགས་ཀྱིས་བོད་པ་མི་སེར་ལ་སྡུག་སྦྱོང་བཏང་བའི་སྐོར་ཡིན།  ད་དུང་ཨ་མདོའི་ཁུལ་དུ་མ་པུའུ་ཧྥང་གིས་བོད་པ་ལ་མནར་གཅོད་བྱས་ཚུལ་གྱི་སྒྲུང་ཐུང་ཡང་དུ་མ་བྱུང་ཡོད།   བོད་པའི་རྩོམ་པ་པོའི་ཁྲོད་ན་རྒྱ་ནག་དམར་གཞུང་གི་སྲིད་ཇུས་ཀྱི་འོག་ལ་སྡུག་བསྔལ་མྱངས་ཚུལ་འབྲི་མཁན་ཉུང་ཤས་ཤིག་ཡོད་པ་ལས་གཅིག་ནི་སྐལ་བཟང་ཚེ་བརྟན་ལགས་ཡིན།   ཁོང་གི་བརྩམས་ཆོས་ཉུང་ཤས་ཤིག་བོད་ཡིག་ཏུ་ཡང་བསྒྱུར་ཡོད།  ཀན་ལྷོ་ཡི་བོད་ཡིག་རྩོམ་རིག་གི་དུས་དེབ་ “ཟླ་ཟེར་”ཟེར་བའི་འདོན་ཐེངས་ཤིག་གི་སྟེང་ལ།  ཁོང་གི་”ཨོ།  ངའི་ཕ་ལོ།”ཟེར་བའི་སྒྲུང་ཐུང་ཞིག་བོད་ཡིག་ཏུ་བསྒྱུར་ནས་སྤེལ་ཡོད།  སྒྲུང་ཐུང་དེ་དང་པོ་ངས་རྒྱ་ཡིག་ཏུ་ཀློག་དུས་མིག་ཆུ་ཤོར་མྱོང་ལ།  ཕྱིས་སུ་བོད་ཡིག་མ་དེ་ཀློག་དུས་ཡང་སྐྱར་མིག་ཆུ་ཤོར་མྱོང་།  སྒྲུང་ཐུང་དེའི་ནང་དུ་རྒྱ་ནག་དམར་གཞུང་གི་གཡོན་ཐལ་ཆེ་བའི་སྲིད་ཇུས་ཀྱིས་མཐའ་ན་ཕས་བུ་དོར་བ་དང་བུས་ཕ་དོར་བའི་མྱོང་བ་གསོན་པོ་ཞིག་དང་།  རིག་གནས་གསར་བརྗེའི་རྗེས་སུ་ཕ་བུ་གཉིས་ཀས་ཕན་ཚུན་ལ་བསམ་ཤེས་བྱས་ནས་ཡང་སྐྱར་ཕ་བུའི་འབྲེལ་བ་མཐུད་ཚུལ་ཧ་ཅང་སེམས་རྩ་འགུལ་བ་ཞིག་བྲིས་ཡོད།  འདི་ནི་ཁོང་གི་མི་ཚེའི་མྱོང་བ་ངོ་མ་ལ་གཞི་བཅོལ་ནས་བྲིས་མེད་དམ་སྙམ། 

རྒྱ་མི་ཝང་ཏེ་ཟེར་བ་ཞིག་གིས་༢༠༡༤ ལོའི་ཟླ་༡༠ ཚེས་ ༣༠ ཀན་སུའུ་ཉིན་རེའི་ཚགས་པར་སྟེང་ལ་སྐལ་བཟང་ཚེ་བརྟན་ལགས་ལ་བཅར་འདྲི་བྱས་པའི་རྩོམ་ཡིག་ཅིག་སྤེལ་ཡོད། དེའི་ནང་ལ་སྐལ་བཟང་ཚེ་བརྟན་ལགས་ཀྱིས་”རྨ་ཤུལ་”རྩོམ་རིག་གི་བརྩམས་ཆོས་སྤེལ་བའི་རྒྱུ་རྐྱེན་ལ་འདི་ལྟར་བརྗོད་ཡོད། “སྐབས་དེར་གསར་བརྗེ་ཨུ་ཡོན་ལྷན་ཁང་(རིག་གནས་གསར་བརྗེའི་སྐབས་ལ་ཁུལ་དང་རྫོང་གི་སྲིད་གཞུང་ཚང་མར་དེ་ལྟར་འབོད།-རྩོམ་པ་པོའི་མཆན།)གི་སྲུང་སྐྱོབ་པུའུ་(སྤྱི་བདེ་ལས་ཁུངས་)རུ་ཉེས་སྤྱོད་ཟིན་ཐོར་འགོད་པའི་འགན་འཁུར་བ་ཁོང་གིས་གསོན་ཉམས་ཅན་གྱི་དཔེ་མཚོན་སྣ་ཚོགས་མཐོང་ཡོད་ལ།  ཕྱིས་སུ་དགེ་རྒན་ཆེན་མོ་སྐལ་བཟང་ཚེ་བརྟན་གསར་རྩོམ་གནང་བའི་རྨ་ཤུལ་རྩོམ་རིག་གི་བརྩམས་ཆོས་རྣམས་དུས་སྐབས་དེའི་མྱོང་བ་ལ་གཞི་བཅོལ་བ་རེད།”  འདི་ལས་ང་ཚོས་ཤེས་པ་ནི།  རིག་གནས་གསར་བརྗེའི་སྐབས་ལ་སྐལ་བཟང་ཚེ་བརྟན་ལགས་དེང་སང་གི་སྐད་ཀྱིས་བཤད་ན་ཉེན་རྟོག་པ་རེད།  དེའི་སྐབས་ཀྱི་”ཉེས་སྤྱོད་”ཁྲིམས་ཀྱིས་ཤན་འབྱེད་མི་བྱེད་པར་ཆབ་སྲིད་ཀྱིས་ཤན་འབྱེད་བྱེད་ལ།  སྐལ་བཟང་ཚེ་བརྟན་ལགས་”ཉེས་སྤྱོད”ཟིན་ཐོར་འགོད་མཁན་ཡིན་པའི་ཆ་ནས་སྐབས་དེའི་དཀར་ནག་གོ་ལྡོག་གི་གནས་ཚུལ་མང་པོ་མཐོང་ཞིང་ཡི་གེར་བཀོད་པ་ཁོང་གི་བརྩམས་ཆོས་ཀྱི་རྒྱུ་ཆར་གྱུར་ཡོད་ལས་ཆེ། 

སྐལ་བཟང་ཚེ་བརྟན་ལགས་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས།   ཁོང་གི་སྐུ་ཚེ་དང་བརྩམས་ཆོས་ངོ་སྤྲོད་བྱེད་པའི་རྒྱ་ཡིག་གི་རྩོམ་ཁ་ཤས་ཤིག་སྤེལ་འདུག་པ་དང་།  ང་རང་གིས་ཁོང་གི་རྩོམ་རིག་བརྩམས་ཆོས་མང་ཆེ་བ་བཀླགས་མེད་སྟབས།  རྩོམ་ཐུང་འདིར་ངས་དེའི་སྐོར་གླེང་རྩིས་མེད།  ངས་གླེང་འདོད་པ་ནི་ཕྱི་ལོགས་ཀྱི་བོད་པ་མང་པོས་མི་ཤེས་ཤིང་།  ནང་ལོགས་ཀྱི་བོད་པ་འགའ་རེས་ཤེས་ཀྱང་གླེང་སྟབས་མི་བདེ་བ།  སྐལ་བཟང་ཚེ་བརྟན་ལགས་གཙོ་བྱས་ནས་ཁོང་ཚོ་སྙིང་སྟོབས་ཅན་ཁ་ཤས་ཀྱིས་རྒྱ་ནག་དབུས་གཞུང་དང་ས་གནས་སྲིད་གཞུང་ལ་ཕུལ་བའི་སྙན་ཞུ་གཉིས་ཡིན།  སྙན་ཞུ་དེ་གཉིས་ནི་བོད་ཀྱི་ལོ་རྒྱུས་ཀྱིས་བརྗེད་དུ་ཕངས་པ་གཉིས་ཡིན་ཞེ་ན་ཡང་འུད་བརྗོད་དུ་མི་འགྲོ

 དེ་ལས་གཅིག་ནི་རྒྱ་སྐད་དུ་关于重新调整藏族自治区域, 真正保障民族自治权的几点意见སྟེ།  བོད་རིགས་རང་སྐྱོང་སྐྱར་སྒྲིག་བྱས་ནས་མིང་དོན་མཚུངས་པའི་སྒོ་ནས་མི་རིགས་རང་སྐྱོང་དབང་ཆ་འགན་སྲུང་བྱེད་པའི་བསམ་འཆར་འགའ་ཟེར།  ཡིག་ཆ་འདི་བོད་མི་དམངས་ཀྱི་རེ་ཞུའི་ཚུལ་དུ་རྒྱ་ནག་དབུས་གཞུང་གི་中央书记处(དབུས་གཞུང་ཧྲུའུ་ཅི་ཁྲུའུ་)人大常委(མི་དམངས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ) 国务院 (རྒྱལ་སྲིད་སྤྱི་ཁྱབ་ཁང་)བཅས་ལ་བཏང་ཡོད།  འདིའི་ནང་དོན་ནི་ལོ་རབས་ལྔ་བཅུའི་ནང་ལ་རྒྱ་དམག་གིས་བོད་ཁུལ་ལ་དྲག་གནོན་ཡ་ང་བ་བྱས་ཚུལ་དང་།  བོད་ཀྱི་རིག་གནས་དང་སྐད་ཡིག་ལ་དོ་ཕོག་ཚབས་ཆེན་བྱུང་ཚུལ་ཞིབ་རྒྱས་སུ་བཀོད་མཐར་རྒྱ་ནག་གཞུང་ལ་རེ་བ་རིམ་པ་གསུམ་བཏོན་ཡོད།  རེ་བ་དང་པོ་ནི་བོད་ཡུལ་ཞིང་ཆེན་ལྔའི་ཁོངས་སུ་ཡོད་པའི་བོད་ཡུལ་ཡོངས་རྫོགས་”ཁ་བ་ཅན་”ཞེས་པའི་རང་སྐྱོང་ལྗོངས་གཅིག་ཏུ་བསྒྲིལ་རྒྱུ་དང་།  གཉིས་པ་ནི།   ཨ་མདོ་བོད་རིགས་སྐྱོང་ལྗོངས་ཟེར་བ་ཞིག་གསར་འཛུགས་ཀྱིས་དེའི་ཁོངས་སུ་མཚོ་སྔོན་དང་ཀན་སུའུ།  སི་ཁྲོན་གྱི་བོད་ཁམས་རྣམས་འཇུག་རྒྱུ་དེ་ཡིན་པ་དང་།  གསུམ་པ་ནི་ཨུ་ཐུག་གི་རེ་བ་ཞིག་སྟེ།  རེ་བ་དང་པོ་དང་གཉིས་པ་མ་འགྲུབ་ན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མཚོ་སྔོན་ཞིང་ཆེན་གྱི་དོ་དམ་ཁོངས་སུ་འཇུག་རྒྱུ་དེ་རེད།   རེ་བ་དེ་གསུམ་ཁོང་ཚོའི་སྙན་ཞུའི་ནང་དུ་འདི་ལྟར་བཀོད་ཡོད་”བོད་ཀྱི་མིག་སྔར་གྱི་གནས་སྟངས་འདི་བསྒྱུར་དགོས་ན།  ཆེས་གལ་ཆེ་བ་ནི་བོད་རིགས་རང་སྐྱོང་ས་ཁུལ་སྐྱར་སྒྲིག་བྱེད་རྒྱུ་དེ་རེད།  རབ་ནི་དུམ་བུར་བགོས་པའི་བོད་རིགས་རང་སྐྱོང་ཁུལ་དང་།  རྫོང་།  རང་སྐྱོང་ཡུལ་ཚོ་རྣམས་”ཁ་བ་ཅན”རང་སྐྱོང་ལྗོངས་སུ་བསྒྲིལ་རྒྱུ་དེ་རེད། དེས་བོད་མི་རིགས་ཀྱི་དཔལ་འབྱོར་དང་རིག་གནས་མི་རིགས་ཀྱི་ཁྱད་ཆོས་ལྟར་མ་ལག་ཅིག་གྲུབ་རྒྱུ་དང་སྔོན་སྐྱོད་བྱེད་པ་ལ་ཕན་ཐོགས་ཡོད།  དེ་མ་ཡོང་ན་མཚོ་སྔོན་དང་ཀན་སུའུ།  སི་ཁྲོན་གྱི་བོད་ཁམས་རྣམས་ཨ་མདོ་བོད་རིགས་རང་སྐྱོང་ལྗོངས་སུ་བསྒྲིལ་རྒྱུ་དེ་ཡིན།  དེ་གཏན་ནས་ཡོང་ཐབས་མེད་ན།  དབུས་གཞུང་ལ་ཀན་ལྷོ་(ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་)མཚོ་སྔོན་གྱི་དོ་དམ་ཁོངས་སུ་འཇུག་རྒྱུའི་རེ་བ་ཞུ་རྒྱུ་དེ་ཁོ་ན་ཡིན།” 

སྙན་ཞུ་འདི་སྤེལ་མཁན་ནི་སྐལ་བཟང་ཚེ་བརྟན་དང་དུས་འཁོར་སྐྱབས་བཅས་ཁོ་ཚོ་མི་བདུན་ཡོད།  སྙན་ཞུའི་མཇུག་གི་ཚེས་གྲངས་ལ་ ༡༩༨༠།༡༡།༢༧ བཀོད་ཡོད།  (སྟབས་ལེགས་པ་ཞིག་ལ།  སྙན་ཞུ་འདིའི་ངོ་བཤུས་ཤིག་ནེའུ་ཡོག་ན་བཞུགས་པའི་དབྱངས་རྩོམ་པ་པོ་གཅོད་པ་ཐར་ལགས་ཀྱིས་ད་དུང་ཉར་ཡོད་ཅིང་།  ཁོང་གིས་བདག་ལ་སྙན་ཞུ་འདིའི་ནང་དོན་མདོར་བསྡུས་སུ་གསུངས་པ་བཀའ་དྲིན་ཆེ།)

སྙན་ཞུ་དེའི་རེ་བ་གཉིས་པ་ནི་བོད་ཁམས་ཡོངས་རྫོགས་རང་སྐྱོངས་ལྗོངས་གཉིས་སུ་བསྡུ་རྒྱུ་དེ་ཡིན་ལ།  དེའི་བསམ་བློ་འཁོར་བ་སྐལ་བཟང་ཚེ་བརྟན་ཁོང་ཚོ་ཐེངས་དང་པོ་མ་རེད།  ལོ་རབས་ལྔ་བཅུའི་ནང་ལ་མཚོ་སྔོན་ཞིང་ཆེན་གྱི་ཀྲུའུ་ཞི་གཞོན་པ་ཁམས་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་སྐབས་དེའི་རྒྱ་གཞུང་གི་ཙུང་ལི་གཞོན་པ་ཁྲིན་དབྱི་ལ་ཚོགས་འདུ་ཞིག་གི་ཐོག་ཏུ་ཤར་བོད་རང་སྐྱོང་ལྗོངས་ཤིག་འཛུགས་འོས་ཀྱི་དགོངས་ཚུལ་དེ་བརྗོད་པ་རེད་ཅེས་གྲགས་མྱོང་ལ།  དེ་ནི་རང་སྐྱོང་ལྗོངས་ཀྱི་མིང་འདོགས་སྟངས་མི་གཅིག་པ་མ་གཏོགས་བོད་ཁམས་ཡོངས་རྫོགས་རང་སྐྱོངས་ལྗོངས་གཉིས་ཀྱི་ཁོངས་སུ་བསྡུ་རྒྱུ་དེ་གཅིག་པ་ཡིན།  རིག་གནས་གསར་བརྗེའི་སྔོན་ལ་བོད་པའི་བླ་མ་དང་ཤེས་ཡོན་ཅན་སྐོར་ཞིག་ཤར་བོད་རང་སྐྱོང་ལྗོངས་ཞེས་པ་ཞིག་གི་ལས་དོན་ལ་འབྲེལ་བ་འདུག་པར་སྙད་བཏགས་ནས་རྒྱ་གཞུང་གི་བཙོན་དུ་ཚུད་པ་རེད་ཅེས་ནས་གྲགས་མྱོང་།  དཔེར་ན་མཁས་དབང་ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་ཀྱང་འཛིན་བཟུང་བྱེད་དོན་གཅིག་དེ་ཡིན་ཚུལ་ཐོས་མྱོང་། 

རིག་གནས་གསར་བརྗེའི་རྗེས་ཀྱི་ལོ་ཤས་ནི་སྤྱིར་བཏང་སྨྲ་བརྗོད་ཀྱི་རང་དབང་ལ་བཀག་རྒྱ་མི་དམ་པའི་དུས་སྐབས་ཤིག་ཡིན།  ཡིན་ན་ཡང་ལོ་རབས་ལྔ་བཅུའི་ནང་གི་རྒྱ་གཞུང་གིས་བོད་པ་དྲག་གནོན་བྱས་ཚུལ་དང་བོད་ཀྱི་ཆབ་སྲིད་ཀྱི་སྒྲིག་གཞི་སོགས་ཀྱི་སྐོར་ལ་སྨྲ་བརྗོད་ཀྱི་བཀག་རྒྱ་གློད་མེད།  སྐལ་བཟང་ཚེ་བརྟན་དང་ཁོའི་གྲོགས་པོ་རྣམས་ཀྱིས་བཀག་རྒྱ་ཅན་གྱི་བརྗོད་གཞི་སྟེ།  སྔོན་མ་བླ་མ་དང་བསམ་བློ་བ་དུ་མ་བཙོན་ལ་ཚུད་བྱེད་ཀྱི་ཤར་བོད་རང་སྐྱོང་ལྗོངས་ཀྱི་བསམ་བློ་དང་གཅིག་མཚུངས་ཀྱི་རེ་ཞུ་ཡང་སྐྱར་འདོན་ཐུབ་པ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན།  སྐབས་དེར་༧པཎ་ཆེན་རིན་པོ་ཆེ་དང་ཕུན་ཚོགས་དབང་རྒྱལ་བཅས་ཀྱིས་སྙན་ཞུ་དེ་ལ་བསྟོད་བསྔགས་གནང་བ་དང་།  ༧པཎ་ཆེན་རིན་པོ་ཆེ་ནས་སྐལ་བཟང་ཚེ་བརྟན་ཁོང་ཚོ་དཔའ་བོ་རེད་ཅེས་གསུངས་པ་རེད་ཅེས་ནས་གྲགས་ཀྱང་མྱོང་།

སྐལ་བཟང་ཚེ་བརྟན་དང་ཁོང་གི་གྲོགས་པོ་རྣམས་ཀྱིས་བྲིས་པའི་སྙན་ཞུ་གཉིས་པ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནང་དུ་བོད་ཡིག་རྒྱབ་ཁྱབ་ཏུ་བཀོལ་སྤྱོད་བྱེད་རྒྱུ་དེའི་སྐོར་རེད། སྙན་ཞུ་དེའི་ཁ་བྱང་ད་ལྟ་ངས་དྲན་གྱི་མི་འདུག  ནང་དོན་ནི་རང་སྐྱོང་ཁུལ་གྱི་སྲིད་གཞུང་དང་ཁྲིམས་དོན་སོགས་ཀྱི་སྐད་ཡིག་གཙོ་བོ་བོད་སྐད་བོད་ཡིག་ཡིན་དགོས་པ་དང་།  རང་སྐྱོང་ཁུལ་གྱི་ལས་བྱེད་རྣམས་ཀྱིས་བོད་སྐད་བོད་ཡིག་ཤེས་དགོས་པ།  ལས་ཁུངས་ཀྱི་སྒོ་བྱང་དང་ལམ་མིང་སོགས་བོད་ཡིག་ཏུ་འབྲི་དགོས་པ་བཅས་ཧ་ཅང་ཞིབ་རྒྱས་ཤིག་བཀོད་ཡོད།   

༡༩༨༠ འམ་༨༡། ཡང་༨༢ གང་ཞིག་གི་ལོ་ལ།   སྙན་ཞུ་དེ་ལ་ནུབ་བྱང་མི་རིགས་སློབ་གྲྭའི་བོད་ཡིག་སྡེ་ཚན་གྱི་དགེ་སློབ་རྣམས་ཀྱི་རྒྱབ་སྐྱོར་གྱི་རང་མིང་འགོད་ཆེད་དེའི་ངོ་བཤུས་ཤིག་ང་ཚོ་སློབ་མའི་ཁྲོད་དུ་འགྲིམ་བཞིན་འདུག   སྙན་ཞུ་དེས་བློ་སྒོ་ཕྱེ་ནས།  ནུབ་བྱང་མི་རིགས་སློབ་གྲྭ་ན་ཡོད་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་མ་རྣམས་ཀྱིས་རང་རང་གི་ཁུལ་སྲིད་གཞུང་ལ་གོང་གི་སྙན་ཞུ་དེའི་ནང་དོན་ལྟར་བོད་ཡིག་བཀོལ་སྤྱོད་བྱེད་དགོས་པའི་འབོད་སྐུལ་གྱི་སྙན་ཞུ་བཏང་ཡོད།    སྐལ་བཟང་ཚེ་བརྟན་དང་ཁོང་ཚོས་ཕུལ་བའི་སྙན་ཞུ་དེའི་འབྲས་བུ་ཡིན་ཟེར་མི་ཐུབ་ཀྱང་།  སྙན་ཞུ་དེའི་རྗེས་སུ་བོད་ཀྱི་སྐད་ཡིག་སྐོར་ལ་དོན་བཟང་སྐོར་ཞིག་བྱུང་ཡོད།  དཔེར་ན།  སྙན་ཞུ་འདིའི་རྗེས་སུ་ཀན་ལྷོ་ཡི་ས་ཁུལ་གང་མང་ལ་བོད་ཡིག་གི་སློབ་གྲྭ་མང་པོ་གསར་འབྱེད་བྱས།  ཀན་ལྷོ་གཅིག་པོ་མ་ཡིན་པར་དཔའ་རིས་རྫོང་ལ་ཡང་མཁས་དབང་ཨ་ལགས་དོར་ཞི་མཆོག་གིས་བོད་ཡིག་སླར་གསོ་ཡི་མཛད་པ་བསྐྱངས་ཤིང་།  ༡༩༨༤ ལོར་ཨ་ལགས་དོར་ཞི་ཁོང་ཚང་དང་།  མཁས་དབང་དཔའ་རིས་སངས་རྒྱས་ལགས།  ང་རང་བཅས་ཀྱིས་དབྱར་གནང་ཆ་ཚང་ལ་དཔའ་རིས་རྫོང་ཐོག་ཏུ་དགེ་རྒན་བདུན་ཅུ་ཙམ་ལ་བོད་ཡིག་གི་སྦྱོང་བརྡར་བྱས།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཡང་༧པཎ་ཆེན་རིན་པོ་ཆེས་རྒྱབ་སྐྱོར་གནང་བ་ལ་བརྟེན་ནས་ཁུལ་དཔོན་དོན་གྲུབ་རྒྱལ་གྱིས་བོད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་ཀྱི་ལས་འགུལ་ཚ་ཚ་འུར་འུར་དུ་ལང་དུ་བཅུག  སྐབས་དེར་ཆབ་ཆ་གྲོང་རྡལ་གྱི་ཚོང་ཁང་དུ་སོང་ན།  རྒྱ་མི་རྣམས་ཀྱིས་ཀྱང་ལག་གིས་ཚོང་རྒྱག་ཞོར་དུ་ངག་གིས་བོད་ཀྱི་ཐ་སྙད་སྐྱོར་བཞིན་དུ་འདུག་ཅེས་གྲགས་མྱོང་།  ཕལ་ཆེར་སྐབས་དེ་འདྲ་ཞིག་ལ།  པཎ་ཆེན་རིན་པོ་ཆེ་དང་ང་ཕོད་ངག་དབང་འཇིགས་མེད་ལགས་གཉིས་ནས་ཀྱང་བོད་རང་སྐྱོང་ལྗོངས་སུ་བོད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་ཀྱི་དགོངས་འཆར་ཞིབ་རྒྱས་ཤིག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་གནང་བ་རྗེས་སུ་དུས་དེབ་ཅིག་ཏུ་སྤེལ་ཡོད། 

ཕ་ཡུལ་ན་ཡོད་དུས།  ངས་སྐལ་བཟང་ཚེ་བརྟན་ལགས་ཀྱི་རྩོམ་ཡིག་བཀླགས།  ཁོང་ཚོའི་སྙན་ཞུ་དེ་ལ་རྒྱབ་སྐྱོར་གྱི་མིང་འགོད་ཀྱང་བྱས།  དེ་མ་ཟད་ཁོང་ཚོའི་སྙན་ཞུའི་ནང་དོན་ལྟར་སྐད་ཡིག་སླར་གསོ་ཡི་ལས་དོན་ལ་ཡང་ཞུགས་ན་ཡང་སྐལ་བཟང་ཚེ་བརྟན་ཁོང་ལ་མཇལ་རྒྱུ་མ་བྱུང་།  བསམ་ཡུལ་ལས་འདས་པ་ཞིག་ལ།  ཉིས་སྟོང་བདུན་བརྒྱད་དགུ་ལོ་གང་ཡིན་མི་དྲན་པའི་ལོ་ཞིག་ལ་ཁོང་རང་ནེའུ་ཡོག་ལ་ཕེབས་སོང་།  ཁོང་གཅིག་པོ་མ་ཡིན་པར་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་ཐད་ལ་ཕྱག་ལས་གནང་མཁན་དང་།  རྩོམ་ཡིག་འབྲི་མཁན་གྱི་བོད་པ་སྐོར་ཞིག་རྒྱ་ནག་གཞུང་གིས་བཀོད་སྒྲིག་བྱས་ནས་ཨ་རི་ལ་འབྱོར།  ལ་རྩེ་དཔེ་མཛོད་ཁང་གིས་ཁོང་ཚོ་གདན་འདྲེན་ཞུས་ནས་ནེའུ་ཡོག་ན་ཡོད་པའི་བོད་པ་དུ་མ་དང་མཉམ་དུ་བགྲོ་གླེང་ཞིག་ཀྱང་བཀོད་སྒྲིག་བྱས་པ་ཡིན།  རྒྱ་ནག་གཞུང་གིས་ཁོང་ཚོ་ཨ་རིར་ཡུལ་སྐོར་ལ་ཁྲིད་ཡོང་དོན་ནི་ཆབ་སྲིད་དང་དྲིལ་བསྒྲགས་གཉིས་ཀའི་དམིགས་ཡུལ་རེ་ཡོད་པ་འདྲ་ཡང་།  ལ་རྩེ་དཔེ་མཛོད་ཁང་ལ་ཁོང་ཚོས་རིག་གཞུང་གཙང་མའི་ངོས་ནས་བགྲོ་གླེང་གནང་སོང་།  ནེའུ་ཡོག་གི་བོད་པ་ཞིག་གིས་སྲིད་དོན་གྱི་དྲི་བ་དྲངས་ན་ཡང་།  ཁོང་ཚོས་ཆབ་སྲིད་ཀྱི་དྲི་བ་ལ་ལན་རྒྱག་གི་མིན་ཞེས་ཐ་ཚིག་བསྒྲགས་སོང་།

སྐལ་བཟང་ཚེ་བརྟན་ལ་རྒྱུས་མེད་ཅིག་གིས་བལྟས་ན།  ཁོང་ལ་རྒྱ་ཞེན་དང་དམར་ཞེན་གཉིས་ཀ་ཡོད།  ཁོང་གི་བརྩམས་ཆོས་མང་ཆེ་བ་རྒྱ་ཡིག་ཏུ་བྲིས་ཡོད།  ད་དུང་ཁོང་ལ་ཝང་ཡི་(王义)ཟེར་བའི་རྒྱ་མིང་ཞིག་ཀྱང་ཡོད།    དེ་ལས་ཀྱང་ཀླད་ཆུང་ཧར་བཤད་ལ་དགའ་བ་རྣམས་འདྲོགས་རྐྱེན་དུ་འགྲོ་བ་ཞིག་ལ་ཁོང་ནི་གུང་ཁྲན་ཏང་ཡོན་ཏེ།  དམར་ཤོག་ཚོགས་པའི་ཚོགས་མི་ཡིན་ལ་རྒྱ་ནག་གཞུང་གི་དཔོན་གནས་ཆུང་ཆུང་རེ་ཡང་ཁུར་མྱོང་ཡོད།  ད་དུང་ཁོང་གི་གླེང་མོལ་འགའ་རེའི་ནང་དུ་རྒྱ་གཞུང་ལ་བསྟོད་བསྔགས་ཀྱི་ཚིག་དོན་འགའ་རེ་ཡང་ཐོན་ཡོད།  ཡིན་ན་ཡང་ཁོང་གི་བྲང་ཁོག་ན་ད་བར་དུ་འཕར་ལྡིང་བྱས་པ་ནི་བོད་སྙིང་ཆེན་པོ་དང་དྲོན་པོ་ཞིག་ཡིན།  ཁོང་གི་བོད་སྙིང་དེ་ཁོང་གི་བྲང་ཁོག་ན་ལྡིང་མཚམས་བཞག་ན་ཡང་།  ཁོང་གི་བརྩམས་ཆོས་ཀྱི་ནང་ན་མངོན་ལྐོག་གཉིས་ཀྱིས་མུ་མཐུད་ནས་ལྡིང་བཞིན་ཡོད། 

ང་ཚོས་ཁོང་གི་བརྩམས་ཆོས་བཀླགས་ནས་ཁོང་གི་བོད་སྙིང་དྲོན་མོ་དེ་ཚོར་རྒྱུ་ནི་ཁོང་ལ་རྗེས་དྲན་བྱེད་སྟངས་མཆོག་ཏུ་གྱུར་བ་དེ་ཡིན།  

དྲན་ཐོ།

Post navigation

Previous Post: སྤྱི་བསམ་ཁུར་བོའི་རང་སྒྲ།
Next Post: ང་རྒྱལ་ཁབ་འདི་ན་ཡོད།

Comments (4) on “བོད་སྙིང་དྲོན་མོ་ཞིག་གི་ལྡིང་མཚམས་བཞག རྩོམ་པ་པོ་སྐལ་བཟང་ཚེ་བརྟན་ལགས་འདས་གྲོངས་སུ་གྱུར་བ་ལ་མྱ་ངན་ཞུ།”

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    2022-12-03 at 12:45 am

    ཁོང་འཇིག་རྟེན་འདི་དང་ཁ་བྲལ་ཚར་བའི་རྗེས་སུ་ཉག་ཉོགས་དང་བསྟོད་སྨད་བཤད་ན་ཕན་པ་ཡོད་པ་ཅང་མ་མཐོང་ན་ཁོང་འཇིག་རྟེན་འདི་ནས་ཁ་བྲལ་བར་མྱ་ངན་དང་གུས་བཏུད་ཡོད་།

  2. Pema Lhundup says:
    2022-12-03 at 2:25 am

    འདས་པོ་ཁོང་གི་རྒྱ་ཡིག་ནང་ཡོད་པའི་བརྩམས་ཆོས་གལ་ཆེ་རིགས་འགའ་ཤས་ཤིག་བོད་སྒྱུར་གནང་མཁན་འདྲ་བྱུང་ན་རིག་གནས་འཕེལ་རྒྱས་སོགས་ལ་ཕན་ངེས་ཡིན་པས་རྒྱ་ཡིག་མཁྱེན་རྒྱ་ཡངས་པ་ཚོས་ཐུགས་འགན་བཞེས་ཐུབ་པའི་རེ་བ་ཞུ་བཞིན་ཡོད།

  3. Gangjong says:
    2022-12-04 at 9:32 am

    རྩོམ་པ་པོ་སྐལ་བཟང་ཚེ་བརྟན་ལགས་སྐུ་གཤེགས་སོང་། འོན་ཀྱང་། ང་ལ་ཡིད་ཆེས་བརྟན་པོ་ཡོད། སྐལ་བཟང་ཚེ་བརྟན་མང་པོ་ཞིག་གི་”བོད་སྙིང་དྲོན་མོ་”ད་དུང་ལྡིང་གིན་ཡོད་ངེས་ཡིན་ལ། འབྱུང་འགྱུར་ཡང་སྐལ་བཟང་ཚེ་བརྟན་མང་པོ་ཞིག་གི་”བོད་སྙིང་དྲོན་མོ་”བར་མཚམས་མི་ཆད་པར་ལྡིང་ངེས་ཡིན། བཀའ་དྲིན་ཆེའོ།། པདྨ་འབུམ།

  4. བྲག་དཀར་འབུམ། says:
    2022-12-09 at 2:42 pm

    ཁོང་གི་རྒྱ་ཡིག་ནང་གི་བརྩམས་ཆོས་དེ་ཚོ་བོད་ཡིག་ལ་བསྒྱུར་དགོས་མ་རེད།  ལོ་བཅུ་ཉི་ཤུའི་རྗེས་ལ་རྐྱལ་སྟོང་ཚོས་བོད་ཡིག་ཀློག་འདོན་ཙམ་ལས་ནང་དོན་གོ་རྒྱུ་མ་རེད་ཡ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme