Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

པད་མ་ཚེ་བརྟན་གྱི་གློག་བརྙན། “རྩྭ་ཐང་།” བསྐྱར་ཞིབ་ཅིག

Posted on 2010-07-272010-07-27 By ཁ་བརྡ་ 14 Comments on པད་མ་ཚེ་བརྟན་གྱི་གློག་བརྙན། “རྩྭ་ཐང་།” བསྐྱར་ཞིབ་ཅིག

grasslandབསྟན་འཛིན་བདེ་སྐྱིད།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་བསྒྱུར།

གཟའ་སྤེན་པའི་ཉིན་པད་མ་ཚེ་བརྟན་གྱི་གློག་བརྙན་”རྩྭ་ཐང”་ཟེར་བ་དེར་བལྟས་པ་ཡིན། གློག་བརྙན་དེ་ནི་པད་མ་ཚེ་བརྟན་སློབ་མ་ཡིན་དུས་བཟོས་པ་ཞིག་ཡིན་ཞིང་། ནེའུ་ཡོག་གི་ལ་རྩེ་དེང་རབས་བོད་ཀྱི་དཔེ་མཛོད་ཁང་གི་བརྙན་མཛོད་དུ་གློག་བརྙན་དེའི་ངོ་བཤུས་ཤིག་འདུག
པད་མ་ཚེ་བརྟན་ནམ་རྒྱ་ཡིག་ཏུ་སྤྱོད་མི་བདེ་བའི་མིང་(Wanma Caidan)ནི། རྣམ་དཔྱོད་ཅན་གྱི་བོད་རིགས་གློག་བརྙན་བཟོ་སྐྲུན་པ་ཞིག་ཡིན་ཞིང་ཁོང་གིས་པེ་ཅིང་གློག་བརྙན་ཆེད་སྦྱོང་སློབ་གྲྭ་ཆེན་མོར་སློབ་གཉེར་གནང་འདུག་པ་དང་། ཉེ་བའི་ལོ་ཤས་ནང་ཁོང་གིས་ཆེད་སྒྲིག་གློག་བརྙན་གཉིས་བཟོས་འདུག ངེད་ཀྱིས་གློག་བརྙན་དེ་གཉིས་ཀར་བལྟས་པ་ཡིན། དེ་ནི་”ལྷིང་འཇགས་ཀྱི་མ་ཎི་རྡེའུ་འབུམ་”དང་”འཚོལ”་ཟེར་བ་གཉིས་རེད། གློག་བརྙན་དེ་གཉིས་ཀ་ངོ་མཚར་ཞིང་ཁྱད་དུ་འཕགས་པ་མ་ཟད་”འཚོལ”་གྱིས་ངའི་དགའ་བ་ཡོངས་སུ་འཕྲོག་སོང་། དེར་བརྟེན། ངེད་ལ་ཁོང་གི་སློབ་མའི་སྐབས་ཀྱི་གློག་བརྙན་དེར་བལྟ་འདོད་སྐྱེས་པ་མ་ཟད་། ཇི་ལྟར་ཁོང་གི་གློག་བརྙན་སློབ་སྟོན་གྱི་རྟོག་འཆར་ལ་འཕེལ་འགྱུར་དང་། “འཚོལ་”གྱི་ངོས་སུ་རྩལ་དུ་བཏོན་པའི་ཁོང་གི་རྣམ་དཔྱོད་དེ་ཐོག་མའི་གསར་གཏོད་ཀྱི་ནང་དུ་མངོན་གསལ་དོད་པོར་གནས་ཡོད་མིན་ལ་བལྟ་འདོད་ཅིག་སྐྱེས།

“རྩྭ་ཐང་”ནི་སྐར་མ་ཉི་ཤུའི་དུས་ཡུན་ཅན་གྱི་གློག་བརྙན་ཐུང་ཐུང་ཞིག་རེད། གློག་བརྙན་དེ་སྟབས་བདེའི་སྣང་བརྙན་ཞིག་དང་མཉམ་དུ་འགོ་བཙུགས། དེ་ནི་གནམ་སྔོན་པོའི་འོག་གི་ཁོད་ཡངས་པའི་རྩྭ་ཐང་ཞིག་ཏུ་རྒན་རྒོན་བཟའ་ཚོ་གཉིས་འགྲུལ་བཞུད་བྱེད་ཀྱིན་པའི་ཚུལ་རེད།
བཟའ་ཚོ་དེ་གཉིས་ནི་གཞན་གྱིས་རང་ལ་བྱས་པའི་ནོར་འཁྲུལ་ལ་བཟོད་སྒོམ་ཕྲ་ཞིང་ཨུ་ཚུགས་ཅན་གྱི་ཨ་ཁུ་ཚེ་འབྲུག་དང་ཁོང་གི་ཆུང་མ་ཨ་མ་མཚོ་མོ་གཉིས་ཡིན་ཞིང་། ཨ་མ་མཚོ་མོ་ནི་རྒས་ཤིང་འཁོགས་པར་མ་ཟད་ཁུ་སིམ་མེར་ཟུར་དུ་སྡོད་མཁན་གྱི་རྒན་མོ་དེ་ཁྱོ་ཀ་བཙན་པོ་དེའི་དབང་ཤུགས་ཀྱིས་དྲུད་ནས་འགྲོ་བཞིན་ཡོད།

ཁོང་གཉིས་འབྲོག་སྡེ་གཞན་པ་དེའི་ཕྱོགས་སུ་མགོ་གཏད་ནས་ཨ་མ་མཚོ་མོའི་གཡག་བརྐུ་མཁན་ཕོ་གསར་གསུམ་དེར་གདོང་ཐུག་བྱེད་པར་འགྲོ་བཞིན་འདུག ཁོང་གཉིས་ཀྱི་འགྲོ་ཚུལ་ལས་ང་ཚོས་ཤེས་ཐུབ་པ་ཞིག་ནི། གཡག་དེ་ཚེ་ཐར་དུ་བཏང་བའི་གཡག་ཞིག་རེད། དེའི་གོ་དོན་ནི་ཨ་མ་མཚོ་མོས་གཡག་དེ་བཤས་ར་ནས་གློད་པ་དང་རྐུན་མས་མ་འཁྱེར་བར་དུ་གཡག་དེ་རང་དབང་ཅན་གྱི་སེམས་ཅན་ཞིག་རེད། དེར་བརྟེན། རྐུན་མས་བསགས་པའི་ནག་ཉེས་ནི་བཟང་སྤྱོད་ལ་རྒྱབ་གཏད་ཙམ་མ་ཡིན་པར་དེ་ལས་ལྷག་པའི་ནང་ཆོས་ལ་རྒྱབ་འགལ་ཆགས་ཀྱི་ཡོད།

ཨ་ཁུ་ཚེ་འབྲུག་དང་ཨ་མ་མཚོ་མོ་གཉིས་ཁོང་ཚོའི་ངོ་ཤེས་རྙིང་པ་དར་ལོ་ཚང་གི་སྦྲ་འདབས་སུ་སླེབས་དུས། ལག་ཏུ་རྭ་ཙེ་ཐོགས་ཤིང་ས་མཐོའི་སྐྲ་རིང་བཞག་པའི་དར་ལོའི་བུ་འཇིགས་དགའ་མི་དེ་གསུམ་སྐད་གཏོང་བར་མངགས། དེ་ནས་མནའ་བསྐྱལ་བའི་མཛད་སྒོ་རྒྱས་པ་ཞིག་འཚོགས་ཤིང་། གློག་བརྙན་དེ་གོ་རིམ་ཅུང་ཙམ་ལྡོག་པའི་སྒོ་ནས་མཇུག་བསྒྲིལ་བ་དེས། ཡ་མཚན་པའམ་ཡང་ན་ཚོད་དཔག་ཐུབ་པ་གང་ཡང་མིན་པར་བློ་འགུག་དང་ཡིད་ཚིམ་པ་ཞིག་བྱུང་། དེ་ནི་གློག་བརྙན་སློབ་སྟོན་པའི་རྣམ་དཔྱོད་མངོན་སྟངས་ཤིག་ཡིན་པ་འདྲ།

གློག་བརྙན་དེར་བལྟས་པའི་རྗེས་སུ། ངེད་ཀྱི་བསམ་པར། གློག་བརྙན་དེ་ནི་ཨ་ཁུ་ཚེ་འབྲུག་དང་ཨ་མ་མཚོ་མོའི་སྐོར་མིན་པ་མ་ཟད་གློག་བརྙན་དེའི་ཁྲོད་དུ་ཡོད་པའི་མི་གཞན་པ་ཚོའི་སྐོར་ཡང་མ་རེད་འདོད།
དེ་ནི་མི་ཚེའི་འགྲོ་སྟངས་ཤིག་གི་སྐོར་ཏེ་། གང་དུ་ཕོ་ཁྱོ་གས་བོར་བའི་མནའ་ཚིག་ལ་ཡིད་ཆེས་ཆོག་པ་དང་གང་དུ་མི་རྣམས་ཀྱིས་ད་དུང་ཡང་རིན་གོང་མཐོ་བའི་གཡག་རྣམས་ཚེ་ཐར་ལ་གཏོང་བ་དང་། གང་དུ་རླུང་འཕྲིན་ནི་ཕྱི་རོལ་གྱི་འཇིག་རྟེན་དང་ཁྱེད་གཉིས་ཉེ་བར་བཅར་བྱེད་ཀྱི་ལམ་ཁ་ཉེ་ཤོས་དེ་རེད་།། ད་དུང་དེ་ནི་ས་ཆའི་སྐོར་ཏེ། ཡུལ་ལ་གནས་པ་ཙམ་མ་ཡིན་པར་དེས་མི་ཚེའི་འགྲོ་སྟངས་འདིར་སྟོབས་ཤུགས་སྦྱིན་ཅིང་རྒྱ་ཆེ་བའི་ཐང་གཤོངས་དང་རི་ཚོགས་རྣམས་ནི་དེར་གནས་པའི་མི་རྣམས་དང་ཁ་བྲལ་ཐབས་མེད་པ་དེ་རེད།

དེ་ནི་བལྟ་རིན་ཡོད་པ་ཞིག་རེད། དེ་ནི་ཧ་ཅང་བལྟ་རིན་ཡོད་པ་ཞིག་རེད། ཐག་རིང་ནས་ལ་རྩེ་དཔེ་མཛོད་དུ་སོང་བ་དེར་ཡང་དགེ་མཚན་བྱུང་། འདི་ལས་མང་ཙམ་བཤད་དགོས་སམ།

དབྱིན་ཡིག་གི་མ་ཡིག་གཟིགས་ཚེ་འདིར་ཡོད།

འགྱུར་རྩོམ།

Post navigation

Previous Post: ང་དང་འོས་སྒམ་གྱི་གསང་མོལ།
Next Post: བློ་བཟང་སེང་གེ་ལ་ཕུལ་བའི་དྲི་བ་གལ་ཆེན་བཅུ།

Comments (14) on “པད་མ་ཚེ་བརྟན་གྱི་གློག་བརྙན། “རྩྭ་ཐང་།” བསྐྱར་ཞིབ་ཅིག”

  1. ཀླུ་སྨྱོན། says:
    2010-07-28 at 12:54 am

    བོད་ཕྱི་ཕྱོགས་སུ་ཐོག་མར་གློག་བརྙན་འདི་མཐོང་མཁན་ང་ཡིན་སྲིད་པའི་ཚོད་དུ་གདའ། ཡིན་ན་ཡང་འདིའི་སྐོར་ལ་ངས་ཅི་ཡང་འབྲི་མ་ཐུབ་ཐལ། གློག་བརྙན་དེའི་འདྲ་བཤུས་ཞིག་ལོ་མང་སྔོན་ནས་ང་ལ་ཡོད།

  2. ཀརྡོ་རབ་འབྱམས་པ་ says:
    2010-07-28 at 8:18 am

    ད་ལྟའི་ཆར་བོད་ཀྱི་གློག་བརྙན་དྲག་ཞེན་ག་ཚད་ཐུབ་བཟོ་ཐུབ་ན་ཕན་ཐོགས་ཡོང་རྒྱུ་ཡོད་བེས་འདུག

  3. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-07-28 at 8:30 am

    ཀླུ་སྨྱོན་་ལགས།
    ཁྱེད་ལ་ཡོད་པའི་འདྲ་བཤུས་དེ་དྲ་ཐོག་ལ་འཇོག་མི་ཐུབ་བམ། དྲ་ཐོག་ནས་གློག་བརྙན་འདི་རག་གི་མི་འདུག
    གློག་བརྙན་འདིའི་སྐོར་གྱི་ལོ་རྒྱུས་ཐུང་ཐུང་ཞིག་འདི་ན་འདུག
    http://www.freespiritfilmfestival.com/history/2008/summaries.html

  4. ཀླུ་སྨྱོན། says:
    2010-07-28 at 10:25 am

    ཡ་ཡ། ལོ་མང་འགོར་ཟིན་པས་ད་ནི་གང་ཞིག་ན་ཡོད་མེད་ཀྱང་མི་དྲན་གི དང་པོར་འཚོལ་དགོས། དེ་ནས་བཤུ་དགོས། དེ་ནས་དྲ་ངོས་ནས་ལྟ་ཐུབ་མིན་ཚོད་ལྟ་བྱེད་དགོས། ཁ་སྔོན་པད་ཚེ་ཉིག་ཡོར་ལ་བསླེབས་དུས་ཁ་བརྡ་རེ་བྱས་པ་ཡིན། སྤྱིར་ན་ཁོང་ནི་མི་ཁ་ཞེ་དྲགས་གྲགས་དགོས་པའི་ང་ལྟ་བུ་ཞིག་མ་རེད། མི་རྡོ་འདྲ་བ་ཞིག་རེད། དེ་དུས་ཚེ་རིང་སྐྱིད་ཀྱིས་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་དང་འཚོལ་གཉིས་ཀྱི་འདྲ་བཤུས་རེ་ཡོད་པས་བསྐུར་རྒྱུ་ཟེར་ཡང་ད་ལྟ་བར་དུ་གྲགས་འགུལ་མི་འདུག ད་ནི་ངའི་སེམས་ནང་གི་མཛངས་མ་འདིའི་གོ་ས་ཡང་ཉིན་རེ་ནས་ཉིན་རེར་ཇེ་ཆུང་ཡིན་ནི་འདྲ་ཞིག་རེད། སྐྲག་ནི་ཞིག་རེད། སེམས་ནང་གི་མཛངས་མ་གཅིག་པོའི་གོ་ས་ལྷུང་ན་ད་ནི་སེམས་ཁོང་ཧྲིལ་བོ་སྤྲང་པོའི་སྡོད་ཁང་བཞིན་ཆགས་ཀྱི་རེད་ལ།

  5. སྤྲ་ནག་དོན་འགྲུབ་ཚེ་རིང་། says:
    2010-07-28 at 4:38 pm

    “ལྷིང་འཇགས་ཀྱི་མ་ཎི་རྡེའུ་འབུམ་” ལོ གསུམ་ལ་བསྒྲུག་ནས་ཁར་སང་གཞི་ནས་མཐོང་སོང་། འོན་ཀྱང་ངས་རེ་བ་ཆེ་དྲག་པས་ཡིན་ནམ། གང་ཡིན་མི་ཤེས་འདོད་པ་ཚིམས་མ་སོང་། ད་དུང་ཡིན་ཡང་ཁ་ཕར་མཁོར་ནས་མི་རིགས་གཞན་པར། འདི་ང་ཚོ་བོད་པས་འཁྲབ་ཁྲིད་། འཁྲབ་གཞུང་། འཁྲབ་སྟོན་སོགས་བོད་མི་ཁོ་ནས་བྱས་བས་གློག་བརྙན་ཚད་ལྡན་ཡིན་པས་མ་ཚད་། རྒྱ་ནང་ཏུ་རྟག་མ་རགས་ཚུལ་སོགས་བཤད་གིན་ཡོད་།
    དོན་དངོས་སུ་ལྷིང་འཇགས་ཀྱི་མ་ཎི་རྡེའུ་འབུམ་ནི་”ཕོར་བ།”སྐྱར་བཟློས་བྱས་བ་དང་ཁྱད་པར་གང་ཡང་མེད་། ཕོར་བས་ནང་གྲྭ་ཆུང་དེ་དག་གི་ལྟ་འདོད་པ་ནི་ འཛམས་གླིང་སྐང་རྩལ་སྤོ་ལོ་ཡིན་ལ། འདི་ནང་དུ་སང་སིན་གྱི་རྟོགས་བརྗོད་ཡིན།

  6. ཀརྡོ་རབ་འབྱམས་པ་ says:
    2010-07-28 at 5:59 pm

    སང་སིན་ཟེར་ན་གང་རེད།

  7. སྤྲ་ནག་དོན་འགྲུབ་ཚེ་རིང་ནས། says:
    2010-07-28 at 6:29 pm

    དགོང་དག་། ཡང་རྒན་པོ་གཟའ་རྒྱབ་འདུག། “ཐང་ཟིན་བླ་མའི་རྣམས་ཐར་”། ཕྱི་རོལ་གློག་བརྙན་དེ་”སྤྲུའུ་བོ་”ཡང་ཟེར

  8. ཀརྡོ་རབ་འབྱམས་པ་ says:
    2010-07-29 at 4:47 am

    ཐུགས་རྗེ་ཆེ།

  9. གཡུ་འབྲུག says:
    2010-07-29 at 1:22 pm

    པད་མ་ཚེ་བརྟན་གྱི་གློག་བརྙན་གྱི་གློག་བརྙན་དེ་དག་ནི་བཤད་མཁན་དང་བལྟ་མཁན་གཉིས་ལས་བཤད་མཁན་མང་པའི་སྣང་བ་ཞིག་སྤྲད་སོང་། དེ་ཡང་ཁ་ཤས་ཀྱིས་པད་མ་ཚེ་བརྟན་དང་ཁོང་གི་གློག་བརྙན་ལ་བོད་དང་བོད་ཀྱི་རྒྱན་ཆ་འདོགས་ཅི་ཐུབ་དང་བྱ་དགའ་ཅི་ཙམ་མང་པོ་ཐོབ་ཚུལ་སོགས་མཚམས་མཚམས་ལ་ཆབ་སྲིད་ཀྱི་དྲིལ་བསྒྲགས་ལྟ་བུ། མཚམས་མཚམས་ལ་ཚོང་གི་ཁྱབ་བསྒྲགས་ལྟ་བུ། མཚམས་མཚམས་ལ་མི་རིགས་ལ་རྒྱའི་ངར་སྒྲ་ལྟ་བུ། གང་ལྟར་ད་ནི་གློག་བརྙན་དེ་དག་ལ་བལྟ་མི་ཤེས་པ། བཤད་མི་ཤེས་པ། ཉན་མི་ཤེས་པ་ཞིག་འདུག

    ལྷིང་འཇགས་ཀྱི་མ་ཎི་རྡེའུ་འབུམ་ཟེར་བ་དེ་མཐོང་རྗེས། གོང་དུ་སྦྲ་ནག་ཚེ་རིང་དོན་འགྲུབ་ཀྱིས་བཤད་པའི་ཕོར་པའི་སྒྲུང་གི་ལད་ཟློས་ཀྱི་ཆ་ཤས་ལས་གཞན། པད་མ་ཚེ་བརྟན་ལ་དངོས་ཡོད་གནས་སྟངས་ལ་རྟོག་དཔྱོད་ཀྱི་ཤེས་རབ་ཆུང་བ་ལའང་བསམ་བྱུང་། པད་མ་ཚེ་བརྟན་གྱིས་ཟེར་ན། ཁོང་ནི་བོད་མི་གློག་བརྙན་བཟོ་མཁན་ཞིག་ཡིན་པའི་ཆ་ནས་བོད་ཀྱི་གནས་སྟངས་ཇི་མ་ཇི་བཞིན་དུ་མཚོན་སྟངས་ལ་གཞན་དང་མི་འདྲ་བའི་ནུས་པ་ཡོད་ཚུལ་བཤད་ཀྱི་ཡོད། གློག་དང་བརྙན་འཕྲིན་སྒམ་ཆུང་གཉིས་ནི་ཁོའི་གློག་བརྙན་འདིའི་བརྗོད་བྱའི་སྲོག་ཤིང་ཡིན་མོད། ཡིན་ནའང་བོད་ཀྱི་རུ་སྡེ་ཅི་ཙམ་ལ་གློག་ཡོད་པ་རེད་ཨང་། བོད་ཀྱི་སྡེ་བ་ཞིག་ཏུ་ཁྱིམ་ཚང་ཅི་ཙམ་ལ་བརྙན་འཕྲིན་སྒམ་ཆུང་ཡོད་པ་རེད་ཨང་། བོད་ཀྱི་སྤྱི་ཚོགས་ཀྱི་དེང་རབས་ཀྱི་རྣམ་པ་མཚོན་པར་བྱེད་མཁན་གྱི་རྩོམ་པ་པོ་དང་གློག་བརྙན་བཟོ་མཁན་ཚོ་ཡང་ཕྱི་མི་ཚོ་དང་འདྲ་བར་ཁོང་ཚོའི་སེམས་ཀྱི་རི་མོ་དང་བོད་ཀྱི་དངོས་ཡོད་གཉིས་ཀྱི་བར་ཐག་རིང་པོ་ཡོད་པའི་ཚོར་སྣང་བྱུང་།

    དགོན་པའི་ནང་གི་དངོས་ཡོད་གནས་ཚུལ་ནི། ཁོས་གློག་བརྙན་དེར་བསྟན་པའི་མཛེས་སྡུག་དང་ལྷིང་འཇགས་ཀྱི་རྣམ་པ་དེ་འདྲ་ཞིག་མ་རེད་ལ། དགོན་པའི་ནང་གི་དཀའ་ངལ་ནི་ཐང་ཟིན་བླ་མའི་རྣམ་ཐར་གྱི་བརྙན་འཕྲིན་ལ་བལྟ་ཆོག་མི་ཆོག་གི་དགེ་སློང་གི་ཚུལ་ཁྲིམས་ཚུལ་བཞིན་དུ་བསྲུང་རྒྱུ་དེ་ཁོ་ན་ཙམ་མིན་པར། ལོ་བཅོ་བརྒྱད་ལ་མ་ལོན་ན་གྲྭ་བ་བྱས་ཆོག་མི་ཆོག་གི་རྒྱལ་ཁབ་ཀྱི་ཁྲིམས་དེ་བརྩི་མི་ཐུབ་ཀྱི་དཀའ་ངལ་ཡང་ཡོད། ༡༩༩༨ ལོར་དགོན་ལུང་དགོན་པར་རྒྱ་ནག་གཞུང་གིས་ཐེངས་ཐོག་མར་ལོ་དྲུག་ཅུ་ཡིན་ནམ་གྲྭ་བ་ལོ་ལོན་ཚོ་དགོན་པ་ནས་རྒན་ཡོལ་བྱེད་དགོས་པའི་ཁྲིམས་གཞི་གཏན་འབེབས་བྱས་ཏེ། གྲྭ་གྲངས་ལ་ཚོད་འཛིན་བྱེད་པའི་ཁྲིམས་བཟོས་ཡོད་པས། གློག་བརྙན་ནང་གི་གྲྭ་ཕྲུག་དང་བླ་རྒན་དེ་དག་གི་མི་སྣ་དེ་འདྲ་དགོན་པ་རུ་ཡོད་ཆོག་མི་ཆོག་ཀྲུང་གོའི་ཁྲིམས་དང་འགལ་ཡོད་མོད། ཡིན་ནའང་པད་མ་ཚེ་བརྟན་གྱིས་གཡག་ཞར་གྱིས་རྩྭ་ཟ་བ་བཞིན་བོད་ཀྱི་རིག་གཞུང་གི་དཀའ་ངལ་མ་གཏོགས། རྒྱལ་ཁབ་ཀྱི་ཁྲིམས་ཀྱི་དཀའ་ངལ་མཐོང་གི་མེད། བོད་མི་རྩོམ་པ་པོ་རྒན་པ་ཞིག་དང་གློག་བརྙན་བཟོ་སྐྲུན་གྱི་ཉམས་མྱོང་ཡང་ཡོད་མཁན་ཞིག་གིས་ཁོང་ལ་ཕྱི་རྒྱལ་གགློག་བརྙན་བཟོ་སྐྲུན་པ་ཞིག་གིས་གློག་བརྙན་འདིའི་སྐོར་ལ་བསམ་ཚུལ་འདི་ལྟར་བཤད་སོང་ཟེར། གློག་བརྙན་དུ་གྲྭ་ཕྲུག་དེས་སྤྲེའུ་མགོ་ཡི་གདོང་འབག་ཐེངས་གཅིག་ངོ་ལ་གོན་ན་དེ་སྤྱིར་བཏང་ཞིག་ཡིན་སྲིད། ཐེངས་གཉིས་གོན་ན་དེ་སྟེས་དབང་ཞིག་ཡིན་སྲིད། ཐེངས་གསུམ་གོན་ན་དེ་ལ་བསྟན་བྱའི་ནང་དོན་ཞིག་ཅིས་ཀྱང་ཡོད་དགོས་ཞེས་བཤད་ཡོད་པ་ལྟར། གློག་བརྙན་དེ་རུ་པད་མ་ཚེ་བརྟན་གྱི་བསྟན་བྱ་ཅི་ཞིག་ཡིན་པའི་སྐོར་ལ་རྗེས་མ་དུས་ཚོད་ཡོད་དུས་ཞིག་ལ་གླེང་འདོད་སྐྱེས་ན་དེ་དུས་བཤད་ཆོག

    དེ་ནས་འཚོལ་ཞེས་པ་ནི་སྒྱུ་རྩལ་པ་ཚོར་དེའི་ནང་ན་ལེན་རྒྱུ་ཞིག་ཡོད་ན་མ་གཏོགས་དེ་ནི་གློག་བརྙན་ཉོབ་ཏོ་ཀོབ་ཏོ་ཞིག་རེད་བསམ་སོང་།

    ང་ཚོ་ཚང་མས་ཤེས་གསལ་ལྟར། སྨན་བླའི་ཁ་དེ་ཅི་ཙམ་བདེ་བ་བཤད་མི་དགོས་པ་ཞིག་རེད། ཡིན་ནའང་འཚོལ་ཞེས་པའི་གློག་བརྙན་འདིར་སྨན་བླ་ལ་སྒམ་པོའི་རང་ཚུགས་འཛིན་མཁན་ཞིག་འཁྲབ་ཏུ་བཅུག་པ་དེས་སྨན་བླའི་ཁ་ལྕེ་ལ་ཚད་བཀག་ཐེབས་ནས། སྨན་བླའི་སྐད་ཆ་མང་པོ་གོ་རྒྱུ་མེད་པར། ཁོང་ནི་ང་ཚོ་ལྟད་མོ་བ་ནང་བཞིན་ཉན་མཁན་ཞིག་མ་གཏོགས་བཤད་མཁན་གཙོ་བོ་དེ་མིན། བཤད་མཁན་ནི་མོ་སྐད་ལྷང་ལྷང་གི་བརྩོན་འགྲུས་ཡིན་ཞིང་། བརྩོན་འགྲུས་ལ་ཁྱོད་ཀྱི་སྐད་ཆ་དེ་དག་ཚིག་ཉུང་ཉུང་དང་དོན་སྡུས་སྡུས་བྱས་ནས་བཤད་ན་མི་ཆོག་གམ་ཞེས་ཁོང་གི་གདོང་པར་བལྟས་ནས་བཤད་པ་ན། ཁོས་ལན་དུ་ “ང་གློག་བརྙན་དུ་བཤད་རྒྱུ་དང་དགོད་རྒྱུ་མང་དྲགས་ཡོད་པ་འདྲ། བོད་སྐད་ནས་དབྱིན་ཡིག་ཏུ་སྒྱུར་བ་བོ་དེས་ཀྱང་ཀུ་རེ་དང་བཅས་ངའི་དགོད་སྒྲ་ལ་ཉོབ་སྣང་དང་སུན་སྣང་སྟོན་ཁུལ་བྱས་སོང་” ཟེར། འཚོལ་ཞེས་པའི་གློག་བརྙན་འདིས་ཉོབ་སྣང་སྟེར་བའི་རྒྱུ་རྐྱེན་གཞན་ཞིག་ནི། གློག་བརྙན་གྱི་པར་རིས་དེ་དག་གཅོད་མཚམས་རིང་དྲགས་པ་དེ་རེད། དེ་ནི་སྒྲ་དང་རི་མོ་གཉིས་ཀྱི་བར་ནས་སྒྲིག་སྦྱོར་བྱེད་པར་པད་མ་ཚེ་བརྟན་གྱིས་ལེ་ལོ་དང་སྒྱིད་ལུག་བྱས་འདུག་པའི་བསམ་ཚུལ་བཤད་པ་ན། ཁོང་ཚོར་དུས་ཚོད་ཀྱིས་མ་ལྕོགས་པར། ཐ་ན་སྨན་བླ་ལ་སྒྲུང་གི་མགོ་མཇུག་བར་གསུམ་དུ་ཁོའི་བུ་མོས་ཁ་པར་རྒྱུན་མཐུད་ནས་འབྱོར་བའི་གནས་ཚུལ་དེ་འཚོལ་ཞེས་པའི་སྒྲུང་འདིའི་སྒྲོམ་གཞི་དང་འབྲེལ་ཆགས་པ་ཞིག་བཟོ་ལོང་་མ་བྱུང་བར་ལུས་སོང་བའི་གནས་ཚུལ་ཡང་བཤད་བྱུང་། དེ་ལྟར་སྒྲུང་གི་སྔ་ཕྱི་བར་གསུམ་གྱི་བརྒྱུད་རིམ་གང་དུའང་། ང་ལ་ནི་དབྱིན་ཇིའི་སྐད་དང་མ་སོང་ན་ exciting འཁྲུག་པོ་ཅི་ཡང་བྱུང་མ་སོང་། སྨྲ་བ་ཉུང་ཞིང་ངོ་གདོང་ཐམས་ཅད་མགོ་རས་ཀྱིས་བཏུམས་པའི་བུ་མོ་འདིའི་རོགས་སུ་ཁ་ཚིག་ལྗིད་མོ་ཅན་གྱི་རིག་ལྡན་རྒྱ་མཚོ་དང་དེ་ནས་སྒམ་མདོག་ཆེ་ཚུལ་འཁྲབ་དགོས་མཁན་གྱི་སྨན་བླ་གཉིས་བཅས་མོ་ཊའི་བཞུགས་གྲལ་གཅིག་ཏུ་བཀོད་དེ། བརྩོན་འགྲུས་ཀྱི་ཁ་གསལ་དོན་འདུས་མེད་པའི་བརྩེ་དུང་གི་གཏམ་རྒྱུད་ལ་ཉན་ཞོར་ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་སྙིང་སྟོབས་འཚོལ་བའི་རྣམ་པ་སྟོན་ཐབས་བྱེད་པ་དེས་མདོར་སྡུས་ན་པད་མ་ཚེ་བརྟན་གྱི་འཚོ་བའི་སྐྱོ་ཉམས་དང་ཡིད་ཆད་ཙམ་ལས་ཅི་ཡང་མཐོང་མ་སོང་མོད། ཡིན་ནའང་འཚོལ་ཞེས་པའི་གློག་བརྙན་འདི་མ་ཎི་རྡེའུ་འབུམ་ལས་ཡག་པོ་འཁྱོངས་ཡོད་པར་མཐོང་ཞིང་། དེའི་རྒྱུ་མཚན་གཙོ་བོ་ནི་འཚོལ་ཞེས་པའི་གློག་བརྙན་འདི་ལས་ཨ་མདོའི་བོད་མི་ཚོའི་རིག་གཞུང་གི་འཚོ་བའི་གནས་སྟངས་ཉོབ་ཏོ་ངོ་མ་དེ། མ་ཎི་རྡེའུ་འབུམ་ལས་ལྷག་ཏུ་མངོན་སྟབས་ཆེན་པོ་བྱུང་འདུག་ཨང་བསམ་བྱུང་། བྱས་རྗེས་དེའི་ཆ་ཤས་ཤིག་ངེས་པར་དུ་འཚོལ་གྱི་པར་ལེན་པ་ (ཟོན་ཐར་རྒྱལ་ཡིན་ནམ་ཁོའི་མིང་གསལ་བོ་མི་དྲན) ལ་ཡོད་པར་འདོད།

  10. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-07-29 at 1:44 pm

    ངེད་ཀྱིས་པད་མ་ཚེ་བརྟན་གྱི་གློག་བརྙན། རྩ་ཐང་དང་ལྷིང་འཇགས་ཀྱི་མ་ཎི་རྡེའུ་འབུམ། འཚོལ་གསུམ་ཀར་བལྟ་མྱོང་མེད།
    རྩ་ཐང་ཟེར་བ་དེའི་སྐོར་ལ་དོ་བདག་རྩོམ་འབྲི་བ་མཉམ་དུ་གླེང་མོལ་ཅུང་ཙམ་བྱུང་།
    གཡུ་འབྲུག་ལགས་ནས་དཔྱད་ཞིབ་ཅིག་གནང་འདུག་པར་བཀའ་དྲིན་ཆེ་ཞུ། དེ་ཙམ་ཡིན།

  11. ཨ་ནུ་ཐང་བསོད་ནམས། says:
    2010-07-29 at 5:26 pm

    གློག་བརྙན་གཉིས་ལ་ལྟ་མ་མྱོང་བས་སྐད་ཆ་བཤད་པའི་ལག་ཁྱེར་མེད་ཀྱང་གཡུ་འབྲུག་གིས་རང་མྱོང་ཞིབ་ཚགས་བརྗོད་པ་ཐུགས་རྗེ་ཆེ། ངའི་བསམ་པར་བོད་དུ་གློག་བརྙན་མ་ཟད་སྐད་ཆ་བཤད་ན་ཚེ་བཀག་ཡོད་པས་པད་ཚེ་ཡིས་གནས་ཚུལ་ཁ་ཤས་བཏང་སྙོམས་བཞག་པ་རྒྱུ་མཚན་དང་མཐུན་ཞིང་། ཁོང་གིས་གསར་འགོད་པར་རྒྱ་ནག་ནང་གློག་བརྙན་བཟོས་ན་ཚད་བཀག་ཡོད་པ་དངོས་སུ་གསུངས་བས་ང་རང་ཧ་ལས་སུ་བཅུག བོད་མིའི་དངོས་བོའི་རྒྱུན་གནས་དང་ཡར་རྒྱས་ཀྱི་ཆེད་སྤྱང་ཀི་མུ་གེ་མེད་པར་ར་མའི་ཚེ་སྲོག་མི་གནོད་པའི་རྒྱ་ཡི་སྲིད་ཇིས་དང་མཐུན་པའི་གློག་བརྙན་འདི་ལྟར་བཟོ་རྒྱུ་གལ་ཆེན་དུ་མཐོང་། པདྨ་ཚེ་བརྟན་ཐུགས་རྗེ་ཆེ།

    བཙན་བྱོལ་དུ་ཡོད་པའི་གློག་བརྙན་རི་ཆེལ་ཌི་རྒུ་ནི་ངའི་དཔའ་པོ་ཡིན་ལྟ་བུ་གློག་བརྙན་གྱིས་བོད་གཞོན་རྣམས་ཀྱི་རེ་བ་ནུབ་ཕྱོགས་སུ་འགྲོ་རྒྱུ་དང་། འགྲོ་བྱེད་ཀྱི་ཐབས་ལམ་དབྱིན་མོ་གཉེན་འབྲེལ་འཛིན་རྒྱུ་ཡིན་པ་གསལ་སྟོན་བྱས་བས།

  12. ཨ་ནུ་ཐང་བསོད་ནམས། says:
    2010-07-29 at 5:57 pm

    གློག་བརྙན་དེ་གཉིས་ལ་ལྟ་མ་མྱོང་བས་སྐད་ཆ་བཤད་པའི་ལག་ཁྱེར་མེད་ཀྱང་གཡུ་འབྲུག་གིས་རང་མྱོང་ཞིབ་འབྲི་བྱས་བ་ཐུགས་རྗེ་ཆེ། ངའི་བསམ་པར་བོད་དུ་གློག་བརྙན་བཟོ་བ་ཚད་བཀག་ཡོད་པས་པད་ཚེ་ཡིས་གནས་ཚུལ་ཁ་ཤས་བཏང་སྙོམས་བཞག་པ་རྒྱུ་མཚན་དང་མཐུན་ཞིང་། ཁོང་གིས་གསར་འགོད་སར་རྒྱ་ནག་ནང་གློག་བརྙན་བཟོས་ན་ཚད་གཞི་ཡོད་ཅིང་བརྗོད་བྱ་མང་པོ་བཏང་འཛིན་ཡོད་པ་དངོས་སུ་གསུངས་བས་ང་རང་ཧ་ལས་སུ་བཅུག བོད་མིའི་དངོས་བོའི་རྒྱུན་གནས་དང་ཡར་རྒྱས་ཀྱི་ཆེད་སྤྱང་ཀི་མུ་གེ་མེད་པར་ར་མའི་ཚེ་སྲོག་མི་གནོད་པའི་རྒྱ་ཡི་སྲིད་ཇིས་དང་མཐུན་པའི་གློག་བརྙན་འདི་ལྟར་བཟོ་རྒྱུ་གལ་ཆེན་དུ་མཐོང་།

    བཙན་བྱོལ་དུ་ཡོད་པའི་གློག་བརྙན་རི་ཆེལ་ཌི་རྒུ་ནི་ངའི་དཔའ་པོ་ཡིན་ཞེས་བའི་གློག་བརྙན་ནི་ད་ལོ་སུམ་བཅུའི་དུས་དྲན་སྐབས་ཕཱ་རཱ་རྒུ་ནས་བསྟན་རྗེས། བོད་དོན་ལ་དགའ་ཞེན་ཡོད་པའི་ཕྱི་གླིང་ཐམས་ཅད་བློ་ཕམ་གྱིས་ཕན་ཚུན་གྱི་གདོང་ལ་བལྟས་ནས་སུས་གློག་བརྙན་དེ་སྟོན་བྱ་གདམས་པ་ཡིན་ཟེར་ནས་སྐད་ཆ་དྲིས་སྐབས། འགོ་འཛིན་པས་ང་ལ་ལྟ་རྒྱུའི་ཆུ་ཚོད་མེད་པས་མ་ལྟས་ཀྱང་ཨ་རི་ནས་བྱ་དགའ་ཞིག་རེག་ཚུལ་ཐོས་པས་གདམས་ཚུལ་གྱིས་དགོངས་སེལ་ཞུས། རྒྱུ་མཚན་གློག་བརྙན་དེས་བོད་ཀྱི་གཞོན་སྐྱེས་རྣམས་ཀྱི་སྐོམ་པ་ཆུ་འདོད་ཀྱི་རེ་བ་ནི་ནུབ་ཕྱོགས་སུ་འགྲོ་རྒྱུ་དང་། འགྲོ་བྱེད་ཀྱི་ཐབས་ལམ་ཡག་ཤོས་དབྱིན་མོ་དང་གཉེན་འབྲེལ་འཛིན་རྒྱུ་ཡིན་པ་གསལ་སྟོན་བྱས་བས་རེད། ང་ལ་དབྱིན་མོ་ཞིག་གིས་ནུབ་ཕྱོགས་སླེབས་ན་བདེ་བའི་རྐྱང་རྐྱང་མ་རེད། རེད་པས་ཟེར་ནས་དྲི་བ་སྟོན། ངས་དེ་ནི་མི་ཁག་ཅིག་འདོད་འདུན་རེད། ངས་ཧ་མི་གོ་ཟེར་ནས་ལན་བཏབས་པ་ལས་དམིགས་བསལ་གྱི་སྐད་ཆ་གང་བཤད་དགོས་མ་ཤེས།

  13. སྤྲ་ནག་དོན་འགྲུབ་ཚེ་རིང་། says:
    2010-07-30 at 1:11 pm

    འོ་ཡ་ཡ་། ད་དེ་ན་ཁྱོད་རྣམས་པ་མང་ཆེ་བས་མཐོང་མྱོང་མི་འདུག་པས་་ལྷིང་འཇགས་ཀྱི་མ་ཎི་རྡེའུ་འབུམ་། ངས་དྲ་ཐོག་ལ་འཇོག་འེ་ཐུབ་ལྟ་ཡ།

  14. ཀླུ་སྨྱོན། says:
    2010-07-31 at 10:38 pm

    གཡུ་འབྲུག་ལགས་ཀྱི་དཔྱད་བརྗོད་དེས་པད་ཚེའི་གློག་བརྙན་གཉིས་ཀྱི་དགེ་སྐྱོན་མང་པོ་ཞིག་བསྟན་འདུག ང་ཚོར་ཁོང་ལྟ་བུའི་གློག་བརྙན་དཔྱད་བརྗོད་པ་གང་མང་ཞིག་དགོས་ཀྱི་འདུག ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme