Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡུག་རན་གྱི་དམག་འཁྲུག་ལ་བལྟས་རྗེས་ཆིག་སྒྲིལ་གྱི་དོན་སྙིང་གླེང་བ།

Posted on 2022-03-16 By ཁ་བརྡ 2 Comments on ཡུག་རན་གྱི་དམག་འཁྲུག་ལ་བལྟས་རྗེས་ཆིག་སྒྲིལ་གྱི་དོན་སྙིང་གླེང་བ།

ལྡོང︎ཁྲི་མིག

ཉིན་འདི་ཚོར་འཛམ་གླིང་ས་ཁུལ་གང་མང་ན་དྲང་བདེན་དང་ཞི་བདེ། རང་དབང་དང་འདྲ་མཉམ་གཙིགས་ཆེན་བྱེད་པ་ཚོས། རྒོལ་ཚིག་སྣ་ཚོགས་ཚོན་མདངས་མི་འདྲ་བའི་ཤོག་ཐོག་ལ་དཔར། རས་ཐོག་ལ་བྲིས། དར་ལ་འཕྱར་གོས་སུ་ཡང་གྱོན་ཏེ་སྐད་གསེང་མཐོན་པོས་སྤྱི་སྒེར་གྱི་ངོ་བོ་མི་འདྲ་བའི་ཐོག་ཡུག་རེན་ལ་རྒྱབ་སྐྱོར་དཔུང་རོགས་ཡིན་པའི་ཁུལ་གྱིས་རྔམ་སྟོན་ཞི་རྒོལ་བྱེད། དེ་ལ་བསྔགས་བརྗོད་ཡོད་དོ། ཨ་རི་སོགས་ཡུ་རོབ་རྒྱལ་ཁབ་ཚོས་ཕོའུ་ཁྲན་ལ་དཔལ་འབྱོར་ཁྲིམས་ཆད་ཉེན་བརྡ་བཏང་པ་སོགས་ལ་ཧོབ་དེ་བལྟས་ཚེ་ཞི་བདེ་འདྲ་མཉམ་གཏོར་མཁན་ནི་ཧ་ལམ་ཕོའུ་ཁྲན་གཅིག་བུ་མིན་ན་སྙམ་པའི་ཚོར་ཤུགས་དྲག་པོ་ཞིག་ཀྱང་བཅོས་མིན་ངང་གིས་སྟེར་རོ། ད་དུང་ལ་ལས་ཨུ་རུ་སུའི་བྱེད་ཕྱོགས་ཀྱིས་འཛམ་གླིང་ཡོངས་ལ་ཉེན་ཚབས་ཆེན་པོ་བཟོས་པར་ཆ་བཞག་སྟེ་རང་རང་སོ་སོའི་ཆབ་སྲིད་ལངས་ཕྱོགས་སུ་ཁེན་ནས་འཚང་ཁ་ཤིག་ཤིག་དང་དཔུང་གདང་མཉམ་མཉམ་ཡང་བྱེད་དོ། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་ལོ་ངོ་བདུན་བཅུ་རིང་ཞི་དུལ་བག་ཕབ་ཀྱི་སྒམ་ཚུགས་བཟུང་ཞིང་དྲང་བདེན་འདྲ་མཉམ་གྱི་སྦམ་མདོག་དོད་པའི་ས་ཆེན་པོ་འདི་ཡང་ད་ལྟ་འཇིགས་སྐྲག་གིས་འདར་ཡོམ་ཡོམ་དང་དངངས་འཚབ་ཀྱིས་འཕག་ཚག་ཡང་བྱས་པས་རང་གཤིས་ངོ་མ་ལྷིང་ལ་བུད་གྲབས་བྱེད་དོ། དྲང་མོར་བཤད་ན་ཕོའུ་ཁྲན་གྱིས་དྲག་ཤུགས་དང་གོ་མཚོན་གྱི་ངར་ཐོག་ནས་ཡུ་ཀེ་རེན་ལ་བཙན་འཛུལ་གཉའ་གནོད་བཏང་པ་དམར་པོའི་ལོ་རྒྱུས་ཀྱི་ནོར་འཁྲུལ་བཀྲུས་ན་འདག་ཐབས་མེད་པ་ཞིག་ལོས་ཡིན་མོད། དེ་ལས་ཚབས་ཆེ་བ་ཞིག་ལ་ཨ་རི་སོགས་ཀྱིས་ཉམ་ཆུང་དཔུང་རོགས་ཀྱི་ཚུལ་དུ་ཡུ་ཀེ་རེན་གྱི་ཕྱོགས་སུ་ལངས་ནས་ཨུ་རུ་སུ་རྩ་རྫོགས་བྱེད་འདོད་པའི་རེ་ངན་དེ་ཡང་དམངས་གཙོའི་ལྟ་གྲུབ་ཀྱི་ངོས་ནས་བཤད་ན་དམངས་གཙོ་ལོག་སྤྱོད་བྱས་པ་རེད། 

དམངས་གཙོ་དང་དམར་ཕྱོགས་གཉིས་ཀའི་ནོར་འཁྲུལ་རང་བཞིན་ཅན་གྱི་བྱེད་སྟངས་དང་ཧམ་སེམས་ཀྱིས་ད་ལྟ་ཡུ་ཀུ་རེན་གཙོ་བོའི་འཛམ་གླིང་མི་མང་ཉེན་ཁ་ཆེན་པོ་ཞིག་གི་སྒང་བསྐྱལ་ཡོད་ལ། འཛམ་གླིང་ཡོངས་ཁྱབ་སྐྱབས་བཅོལ་དཀའ་ངལ་གྱི་གནད་དོན་དེའི་ཁུར་བོ་ཡང་ཇེ་ལྗིད་ནས་ཇེ་ལྗིད་བཏང་། ད་ལྟའི་དམངས་གཙོའི་ལྟ་བ་འདི་ལའང་ཞིབ་ཏུ་བརྟག་ན། དྲང་བདེན་དང་། འདྲ་མཉམ། རང་དབང་། གོ་ལ་གཅིག་གྱུར་སོགས་ཐ་སྙད་ཡིད་དུ་འོང་བ་དག་གི་ནང་རོལ་ན་འབྱོར་ལྡན་རྒྱལ་ཁབ་ཁག་གཅིག་གི་ཆབ་སྲིད་ཀྱི་ཁེ་དབང་དང་། དཔལ་འབྱོར་གྱི་ཁེ་དབང་། མི་རིགས་ཀྱི་ཁེ་དབང་ཁྱད་པར་དུ་ཁོ་རང་ཚོར་གཏོགས་པའི་འཛམ་གླིང་འབྱོར་ལྡན་མི་སྣ་ཚོར་ཤུགས་སྣོན་གཏོང་བྱེད་ཀྱི་ཚོང་དོན་གཡོ་ཁྲམ་ཆེན་པོ་རང་རེད། དེ་ན་གནད་དོན་འདི་ད་ཚོད་ཅིག་ལ་ངོ་བོའི་ཆ་ནས་འཛམ་གླིང་དཔལ་འབྱོར་དར་རྒྱས་ཀྱི་འཕྲོག་རྩོད་ཅིག་དང་ཆབ་སྲིད་ལམ་ལུགས་མི་མཐུན་པ་གཉིས་ཀྱི་འཐབ་རྩོད་ཀྱི་ངོ་བོ་རང་ན་འདུག་ཅིང་། ཕྱིས་སུ་གནད་དོན་དེའི་རྐྱེན་བྱས་ནས་དམག་ཆེན་གསུམ་པ་མི་ལང་བའི་ངེས་པའང་ཡེ་ནས་མི་འདུག  ཕྱོགས་གཉིས་ཀའི་རྒྱབ་སྐྱོར་བའི་ངོ་བོར་བལྟས་ཙམ་གྱིས་ཀྱང་འཛམ་གླིང་དམག་འཁྲུག་ཞིག་ཏུ་འགྱུར་ཆོག་པའི་རྒྱུ་མཚན་དག་ཚང་ནས་མི་འདུག་གམ།  རྒྱབ་སྐྱོར་བ་ཚོ་རྒྱལ་ཁབ་མནའ་འབྲེལ་གྱི་འབྲེལ་ཐག་བརྒྱུད་ནས་ཡོང་བའི་རིགས་གཅིག་དང་། ཆབ་སྲིད་ལྟ་གྲུབ་ལམ་བུ་དེད་ནས་ཡོང་བའི་རིགས་མི་འདྲ་བ་གཉིས་ཡོད་པས་ཐོག་ནས་ཀྱང་གསལ་པོ་ཤེས་ནུས་སོ། སྔ་མ་ནི་ཨ་རི་མཚོན་མངོན་སུམ་འཛེམ་མེད་ཀྱིས་ཡུ་ཀེ་རན་ལ་མི་ཤུགས་རྒྱུ་ཤུགས་ཀྱི་གཞོགས་འདེགས་ཚད་མེད་བྱེད་པའི་ནེ་ཊོ་མནའ་འབྲེལ་རྒྱལ་ཁབ་དག་ཡིན་པ་བཤད་མ་དགོས་ལ། ཕྱི་མ་ནི་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་མིའི་བལྟ་རྟོགས་ཚོགས་པ་ལྟ་བུ་གཞུང་དང་། ལོ་རྒྱུས་སྨྲ་བ་དང་སྤྱི་ཚོགས་དཔྱད་བརྗོད་པ་དེ་མིན་རང་འགུལ་གྱིས་ཡུ་ཀེ་རན་གྱི་ཆེད་འོས་ལང་བྱེད་མཁན་ཚོ་སྙིང་སྟོབས་མེ་དཔུང་ཐོག་བུད་ཤིང་ཁ་སྣོན་བྱེད་པའི་སྒེར་གྱི་ངོ་བོར་ཡོད།

འོ་ན། ཡུག་རན་ལ་འཛམ་གླིང་མི་མང་ཡིད་སྨོན་འཆོར་དགོས་པ་དང་ཁ་གདང་ཧོན་འཐོར་དགོས་པའི་ཞུམ་མེད་སྙིང་སྟོབས་ཅིག་དང་དཔའ་མཛངས་ལྡན་པའི་རྒྱལ་སྲུང་འགོག་རྒོལ་ཚ་ངར་ཅན་དེ་ཇི་ལྟར་བྱུང་བ་ཡིན་ནམ་ཞེས་ན། དེ་ནི་ཆིག་སྒྲིལ་ལ་བརྟེན་ནས་བྱུང་བ་རེད་ཅེས་འཛམ་གླིང་མཁས་པ་ཚོས་ཟེར་ལ་ངོས་ཀྱང་འཐད་པའི་མགོ་བོ་ལན་འགའ་ནང་དུ་འགུག་འདོད། ཆིག་སྒྲིལ་ནི་སྟོབས་ཤུགས་ཀྱི་འབྱུང་ཁུངས་བླ་ན་མེད་པ་ཞིག་ཡིན་པས། དེ་ལྟ་བུའི་ཆིག་སྒྲིལ་གྱི་ངེས་ཤེས་ཚ་ངར་ཅན་ཞིག་གིས་ཁོང་ཚོར་སྟོབས་ཤུགས་ཡ་མེད་ཅིག་བསྩལ་སོང་བ་རེད་ལ།  རང་སྟེང་ལ་སྙིང་སྟོབས་བླ་མེད་ཅིག་སྦྲུམ་བྱུང་བས། དགྲ་བོ་ཆམ་ལ་ཕབ་པའི་ཕོ་ཚོད་ཅིག་ཡང་ངང་གིས་སྐྱེས་སོང་བ་རེད། དེ་ན་ཆིག་སྒྲིལ་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཕར་ཟད་ཐ་ན་ཚོགས་སྡེ་ཆུང་ཆུང་ཞིག་ཡིན་རུང་གཞི་རྩའི་མེད་མི་རུང་བའི་ཆ་རྐྱེན་ཞིག་རེད། ཚོགས་སྡེ་གང་ཞིག་ལ་མཚོན་ན་ཆིག་སྒྲིལ་ནི་ཐོག་མཐའ་བར་གསུམ་དུ་མེད་མི་རུང་པའི་སྙིང་ཁོང་ན་རྒྱུ་བའི་ཁྲག་རྒྱུན་རེད། ཚོགས་སྡེ་གང་ཞིག་ཆིག་སྒྲིལ་གྱི་ཁྲག་རྒྱུན་དང་བྲལ་ཚེ་མི་རིང་བར་གཉའ་ཆག་ཅིང་འཐོར་ཞིག་ཏུ་འགྲོ་ངེས་ལ། ཚོགས་སྡེ་གང་ཞིག་ལ་ཆིག་སྒྲིལ་གྱི་ངར་དང་བྲོ་བ་དྲི་མ་སོགས་མ་ཉམས་པར་ཡོད་ཚེ་ཕྱི་ནང་གི་དགྲ་གང་གིས་ཀྱང་བརླག་མི་ནུས་པ་མ་ཟད་ནང་ངོས་ནས་ཀྱང་གསོན་ཤུགས་མ་འདྲ་བ་ཞིག་རྒྱས་ངེས་སོ། ཆིག་སྒྲིལ་གྱི་གནད་དོན་འདི་ད་རུང་སྟེང་འོག་བརྗེས་པའམ་ཡང་ན་ལྡོག་པའི་ཆ་ནས་བལྟས་ན། ཡང་ན་ཆིག་སྒྲིལ་དབེན་པའི་ར་བའི་ནང་ལངས་ནས་བལྟས་ན། བོད་ཀྱི་ད་ལྟའི་ཁ་སྟབས་སྐྱོ་བོ་འདི་དང་ཞིབ་བསྡུར་གྱིས་བལྟས་ན་བོད་པའི་ཐོག་ནས་ཆིག་སྒྲིལ་མ་ཡོང་བའི་གནད་དོན་གཉིས་དང་དེའི་ཉེན་ཁའི་རང་བཞིན་ཅན་གྱི་གནས་ཚུལ་དག་གསལ་བོར་མཐོང་ཐུབ། གཅིག བོད་ཀྱི་མི་ཆེན་ཚོའི་ཀླད་པར་ཆབ་སྲིད་འདུ་ཤེས་ཀྱི་དབང་རྩའི་མ་ལག་མ་གྲུབ་པ་དང་དེ་འབྲེལ་གྱི་གནད་དོན་ཁག་གཅིག གཉིས་ནས་སྐབས་འཚོལ་རིང་ལུགས་པ་མང་དྲགས་པ་དང་མང་ཚོགས་ཀྱི་རུས་རྐང་ལ་མི་རིགས་རིང་ལུགས་ཀྱི་ཞག་ཚིལ་ཉུང་དྲགས་པ།

མི་ཆེན་ཚོའི་ཀླད་པར་ཆབ་སྲིད་འདུ་ཤེས་ཀྱི་དབང་རྩའི་མ་ལག་མ་གྲུབ་པ་ང་ཚོའི་ནར་མའི་གཉོམ་ས་དང་ཞན་ཆ་ཆེ་ཤོས་ཡང་རེད། ཆབ་སྲིད་མགོ་ནས་སྐྱོང་མཁས་མེད་པ་དང་འོག་ནས་བརྩི་ཤེས་མེད་པའི་གནད་དོན་རིགས་གཅིག་དེ་ལ་གཏོགས་པ་རེད། ཡིན་ནའང་དེ་ཙམ་པོ་གནད་དོན་མ་རེད། གལ་སྲིད་དེ་ཙམ་གནད་དོན་ཡིན་ཚེ་ང་ཚོས་འཕྲལ་དུ་སླ་འཆོས་བྱེད་མི་ཆོག་པའི་རྒྱུ་མཚན་ཅི་ཞིག་ཡོད་དེ་མེད་དོ། བྱས་ཀྱང་ཚར་ཡོད་པ་སེམས་ཐག་ཡིན་ནོ། ཉེ་བའི་ལོ་ཤས་ཀྱི་དོན་མེད་འཁྲུག་རྩོད་དང་རུལ་སུངས་ནང་དམེ། ནོར་འཁྲུལ་རང་བཞིན་ཅན་གྱི་སྔོན་གྱི་བྱུང་བ་ཁག་ལ་ཞིབ་ཏུ་བརྟག་ན་ཡིན་རྒྱུ་ནི་ང་ཚོའི་མི་ཆེན་དག་གི་ཀླད་པ་ལ་ཆབ་སྲིད་འདུ་ཤེས་ཀྱི་དབང་རྩའི་མ་ལག་མ་གྲུབ་པས་ཆིག་སྒྲིལ་འདུ་ཤེས་མ་བྱུང་བ་རེད། དེ་མ་བྱུང་བས་ང་ཚོའི་ཆབ་སྲིད་པ་དག་ནི་ཆབ་སྲིད་པ་རྫུན་མར་གྱུར་སོང་ལ། ང་ཚོས་འབངས་མི་སེར་ཡང་ཆོས་ཆབ་ཟུང་འབྲེལ་གྱི་རིན་ཐང་དང་རང་རིགས་མཐུན་སྒྲིལ་གྱི་དོན་སྙིང་ཙམ་ཡང་ངོ་རྟགས་མ་ཆོད་པས་རྨོངས་རྟུལ་དང་རང་ཚུགས་ཅི་ཡང་མེད་པའི་གྱང་ཁའི་རྩའི་ཚོམ་བུ་ཞིག་ཏུ་གྱུར། རྒྱ་མི་རིགས་ནི་མི་རིགས་ཡག་པོ་ཞིག་རྩ་ནས་མ་རེད། གུང་གོ་གཉིས་དབང་ཆ་རྩོད་རེས་དང་ནང་དམེ་ཚབས་ཆེན་བྱས་ནས་མི་དམངས་མང་ཚོགས་ལོ་ངོ་སུམ་ཅུ་ལྷག་ཁྲག་གི་མཚོ་མོའི་ནང་བསྐྱལ་བ་རེད། ཡིན་ནའང་འཇའ་པན་ལ་གཏུགས་སྐབས་གུང་གོ་གཉིས་རྡོག་རྩ་ཆིག་སྒྲིལ་བྱས་ཐོག་འཇའ་པན་ཕམ་པ་རེད། དེའི་ཐད་ནས་ང་ཚོའི་ཡན་རེད། དེའི་ཐད་ནས་ཁོང་ཚོའི་མི་ཆེན་ཚོའི་ཀླད་པར་ཆབ་སྲིད་ཀྱི་ཟབ་ཚད་ག་ཚོད་ཡོད་པ་ཤེས་ནུས་ལ། ང་ཚོའི་མི་ཆེན་ཚོའི་ཀླད་པར་ཆབ་སྲིད་འདུ་ཤེས་ཀྱི་དབང་རྩའི་མ་ལག་གྲུབ་པ་མེད་པའང་གསལ་བོ་ཤེས་སླ། ད་ལྟ་ཉིན་རེ་བཞིན་རྒུད་པ་ནས་རྩ་རྒུད་དུ་འགྲོ་བཞིན་པའི་ང་ཚོའི་ཆིག་སྒྲིལ་གྱི་གནད་དོན་ལའང་རིང་བའི་རྒྱུ་དང་ཉེ་བའི་རྒྱུ་གཉིས་ཡོད་པ་བཤད་མ་དགོས། ཡིན་ནའང་རིང་བའི་རྒྱུ་བཤད་ན་རིང་རྒྱུ་རེད།  ལ་ལས་ནང་བསྟན་བོད་ལ་དར་འགོ་ཚུགས་པ་ནས་གནད་དོན་དེ་བྱུང་ལ། ཆོས་ལུགས་དད་མོས་དང་དེའི་འདུ་ཤེས་ཆེ་དྲགས་པས་མ་འགྲིག་ཟེར།  བལྟས་ཚོད་ཀྱིས་ཆོས་ལུགས་འདུ་ཤེས་ཡང་བརྟན་པོ་ཞིག་ཡོད་མེད་དོགས་པ་ཟའོ། ལར་ཆབ་སྲིད་དང་ཆོས་ལུགས་སྐད་ཡིག་སོགས་ལ་ཐུན་མོང་གི་ཁྱད་ཆོས་བླ་ན་མེད་པ་ཞིག་ཡོད་པ་ནི་མིའི་ཤོག་ཁག་ཆེན་པོ་རེ་ཕྱོགས་གཅིག་ཏུ་བསྡུས་ཏེ་བསྡམས་ཐུབ་པ་དེ་རེད། ཡིན་ནའང་ཆོས་ལུགས་དང་སྐད་ཡིག་གིས་ཀྱང་གནད་འགག་གི་སྐབས་སུ་ང་ཚོ་ཕྱོགས་གཅིག་ཏུ་བསྡུས་མི་འདུག་པ་ནམ་ལངས་ཉི་ཤར་རེད་ལ། དེའི་ཐོག་ནས་ང་ཚོ་ལ་ཆོས་ལུགས་འདུ་ཤེས་ཀྱི་འདྲེན་ཤུགས་དང་སྐད་ཡིག་རིག་གཞུང་གི་བག་ཆགས་ཡང་ཤ་གསེང་རུས་གསེང་ན་ཇི་ཙམ་ཡོད་པ་གསལ་པོ་རེད། ཕལ་ཆེར་དུས་རབས་བཅུ་གསུམ་པ་ནི་མངོན་སུམ་གྱི་གནད་དོན་དེའི་འགོ་འཛུགས་དུས་རིམ་དང་པོར་བཤད་ན་འགྲིག་སྙམ། དེ་ཡང་ཕུགས་དེད་ན”བོད་ཡུལ་ཆོལ་ཁ་གསུམ”ཞེས་སོག་སྐད་ཐེབས་ཆག་དེ་དང་དེ་རྩ་ཆེན་དུ་བཟུང་བའི་ལན་ཆགས་ཁོ་ནས་རེད།  བྱས་ན་ད་ནས་བཟུང་ལན་ཆགས་དེ་དང་ལེན་མ་བྱས་ན་མི་ཆོག་གམ། ཉེ་བའི་རྒྱུ་བཤད་ན་ལ་ལས་ཆོལ་གའི་སྤྱི་འཐུས་ཡོད་པས་མ་འགྲིག་པ་རེད་ཟེར། ཡང་ལ་ལས་སྲིད་ཟུར་བློ་བཟང་སེང་གེ་ཡིས་འགོ་བཙུགས་ནས་གཏོར་པ་རེད་ཅེས་འབར་ལ། ལ་ལས་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་མ་འགྲིག་ཚུལ་སོགས་ཀྱང་སྨྲའོ། ཡིན་ནའང་ཁོང་རྣམ་པ་གཉིས་ཀྱིས་ཆབ་སྲིད་ཀྱི་ཐོག་ནས་སོ་སོའི་ཐོབ་ཐང་སྤྱད་དེ་རྒྱུ་མཚན་བཙལ་ནས་གཏན་ཚུགས་བརྡར་ནས་སྤྱི་དམངས་ཁྲིམས་ཐོག་ཏུ་ཕྱིན་ཏེ་ཐག་བཅད་ཚར་བ་མ་རེད་དམ།

   རང་སེམས་རྙིང་སོང་མེ་ལོང་ཆག་རོ་ལ། །

   ངོ་མཚར་རི་མོའི་བཀྲག་མདངས་མི་གསལ་བས། །

   གཞན་གྱིས་བྱས་ཚད་སྐྱོན་གྱི་གོང་བུ་དང་། །

   རང་ཉིད་འབའ་ཞིག་བདེན་པའི་རི་བོར་སྣང་། །

སྐབས་འཚོལ་རིང་ལུགས་པའི་ཁ་མང་གྲགས་པ་དང་མི་རིགས་རིང་ལུགས་པའི་རྣ་ཉུང་གྲགས་པས་ཀྱང་བོད་པའི་ཆིག་སྒྲིལ་གཏོར་གི་ཡོད་པ་ཁོ་ཐག་རེད།  འདི་ལྟར་བཤད་པར་ཧོབ་ཏེ་བསམ་ཚུལ་སྣ་ཚོགས་བཤད་པའི་ཐོབ་ཐང་རྡོག་རོལ་བྱས་སོང་སོགས་བསྙད་དེ་གོ་བ་ལོག་སྒྲུབ་མ་བྱེད་ཅིག སྨྲ་བརྗོད་རང་དབང་ནི་དམངས་གཙོའི་ཆ་ཤས་གལ་ཆེན་མ་རེད་ཅེས་ལབ་མི་སྤོབས་སོ། ཡིན་ནའང་རང་དབང་ཞེས་པའི་ཚིག་དེ་ཡོད་ས་ན་སྒྲིག་འཛུགས་ཞེས་པ་ཞིག་ལྷན་དུ་ཡོད་པ་རེད། སེམས་ཀྱི་རང་དབང་གཙོ་བོ་དོན་གཉེར་བ་ཞིག་ལ་མཚོན་ན་ལུས་ངག་གཉིས་ཐོག་མར་སྒྲིག་གཞི་འོག་གནས་དགོས་པ་དང་པོ་རེད། སྨྲ་བརྗོད་རང་དབང་ཆེད་གཉེར་བ་ཞིག་ལ་མཚོན་ན་གཞན་གྱི་བསམ་ཚུལ་འཐད་མི་འཐད་ཅི་ཡིན་ཀྱང་རུང་ཉན་ཤེས་དང་བརྩི་འཇོག་བྱེད་དགོས་པ་དེ་སྒྲིག་གཞི་དང་པོ་རེད། མ་མཐའི་ཆ་རྐྱེན་དེ་མ་ཚང་ན་དམངས་གཙོའི་སྨྲ་བརྗོད་རང་དབང་གི་ཆ་རྐྱེན་ཚང་ཡོད་པ་མ་རེད། ད་ལྟའི་བཙན་བྱོལ་ནང་རོལ་གྱི་ཕྱོགས་འཐེན་ཆོལ་རྩོད་ཀྱི་གནད་དོན་འདི་བལྟས་ན་སྨྲ་བརྗོད་རང་དབང་གི་ཚད་གཞིར་སླེབས་ཡོད་མཁན་དམིགས་བསལ་རེ་གཉིས་ཕུད་གཞན་བྱིངས་ཆོལ་ག་ཞེས་པའི་གནད་དོན་དེའི་ཕྱོགས་སུ་སོང་འདུག དེ་ན་ཉུང་དགོས་པའི་ཁ་ཉུང་ཉུང་དང་མང་དགོས་པའི་རྣ་མང་མང་སྤྱོད་ན་གང་འདྲ་འདུག་ཅེས་གྲོས་སུ་འདེབས་སོ།

ཕྱོགས་གཅིག་ནས་གནས་ཚུལ་དེ་འདྲ་ནི་དཔྱིད་ཀའི་རླུང་འཚུབ་དྲག་པོ་འདྲ་བོ་དུས་སྐབས་གཅིག་གི་གནད་དོན་ཡིན་ཀྱང་སྲིད་ལ་ཡིན་པའི་རེ་བའང་བྱེད་དོ། མཐོན་པོ་ཆེན་པོ་ཚོས་ཇུས་གཏོགས་ཞེ་དྲག་མ་བྱས་པ་ཡང་གནད་དོན་དེ་འདྲ་ཞིག་ཏུ་རྩིས་པས་ཡིན་ཐང་། བརྩད་ན་ལོས་ཆོག་བརྩད་ནས་ཆིག་སྒྲིལ་དང་སྟོབས་ཤུགས་བརླག་རུང་ད་དུང་ངོ་རིས་འཛུམ་ཤིག་ཤིག་སྡོད་པ་ནི་འགྲིག་ཨི་ཡོང་། བྱུར་གྱི་སྣ་འདྲེན་ཚོ་ནི་བར་མ་བར་ན་མགོ་ཚོད་མ་ཚོད། མ་ཤེས་ཤེས་མདོག་གི་སྨྱོ་ཧམ་ཅན་དེ་ཚོ་ཡིན་པ་ལས་མི་དམངས་མང་ཚོགས་མ་ཡིན་པ་གསལ་བོ་རེད། རོ་འབུད་དགོས་པ་དེ་ཚོ་ལན་རེར་དྲ་འབུ་རུ་སྤྲུལ་ཞིང་མཚམས་རེ་གཏམ་སྦྱོར་བའི་རང་གཟུགས་ཡ་མ་བརླ་སྟོན་བཞིན་དྲ་ལམ་ཁག་ནས་བག་ཚ་ཁྲེལ་མེད་ཀྱིས་ཐོན་ཡོང་ངོ་།  དེ་ལ་ང་ཚོས་སྐབས་འཚོལ་རིང་ལུགས་པ་ཞེས་འབོད་འོས་ལ། དེ་ཚོས་མི་མང་དཀྱུས་མ་རྣམས་རྨོངས་འཐོམས་ཀྱི་གཡང་དུ་བརྫངས་ཡོད་པ་འདི་ཐོག་མར་ཤེས་དགོས་པའི་གནད་གཅིག་ཏུ་བལྟ་དགོས། ཁོ་རང་ཚོ་མགོ་རྨོངས་པའི་མི་ཚད་མི་དམངས་མང་ཚོགས་ཀྱང་རྨོངས་པར་བྱས་པའི་གནས་བབ་འདི་ཧ་ཅང་ཞེ་མུག་པ་ཞིག་ཡིན་པ་ཚོད་མེད། མང་མང་ལ་ཁག་ཅི་ཡོད་ཚད་ཀྱིས་མ་ལྡང་བས་རེད། ད་སྐབས་མང་མང་གོ་རྟོགས་སད་ནས་གནད་དོན་འདི་རིགས་འཕྲོ་ཕྱིན་གཟབ་ནན་བྱེད་དགོས་པ་གལ་ཆེན་ནང་གི་དོན་ཆེན་དང་སྒོ་ང་ནང་གི་སེར་ཐིག་རེད། ད་དུང་མུ་མཐུད་ཅི་མ་ཡིན་ལ་ཕྱིན་ཚེ་སྐབས་འཚོལ་པ་ཚོར་ཆེད་དུ་འཁྲབ་སྟོན་རྒྱུན་འཁྱོངས་ཀྱི་གོ་སྐལ་ཡག་པོ་སྤྲད་པ་མ་ཡིན་ནམ། བཙན་བྱོལ་སྦར་མོ་གང་ཡང་གནམ་གཏོར་ས་གཏོར་བྱས་ནས་བཞུད་ཟིན་དཔའ་བོ་དཔའ་མོ་ཚོའི་དུར་སྒམ་སྟེང་རྐང་རྡུགས་གཏོང་འདོད་པ་ཡིན་ནམ། སྐབས་འཚོལ་པའི་ནང་ཤེས་ཡོན་པའི་མིང་འཁུར་མཁན་དང་། ཆབ་སྲིད་པའི་གྲལ་དུ་སྡོད་མཁན། དོལ་རྒྱལ་བ་སོགས་ཁོག་ཞུགས་ཀྱིས་བོད་ལ་སྡང་བ་གོང་ས་སྐྱབས་མགོན་ཆེན་པོར་ཟ་ཟུར་ནས་བསྐུར་འདེབས་བྱེད་མཁན་ཡོད་ལ། སྐུར་འདེབས་དངོས་སུ་མི་བྱེད་ཀྱང་སྐུར་འདེབས་བྱས་པར་སྙིང་ནས་དགའ་བ་སྒོམ་པའི་འདྲེ་ཡི་རིགས་ཀྱང་མང་ངོ་། འདི་ནི་གནད་དོན་གྱི་གནད་དོན་རེད། མི་མང་གི་ཤེས་དགོས་པའི་གནད་དོན་རེད། མི་མང་གོ་རྟོགས་སད་དགོས་པའི་གནད་དོན་རེད།

ཞར་ལ་ཆིག་སྒྲིལ་གྱི་མ་ལྡང་བའི་སྔོན་ཆད་ཀྱི་ནོར་འཁྲུལ་རང་བཞིན་ཅན་ལ་ཕྱིར་དྲན་ཅུང་ཟད་དང་བྱས་གནད་དོན་འདི་ལ་བསྐྱར་དུ་མནོ་བསམ་ཞིག་བྱེད་འདོད། གཅིག གལ་སྲིད་རྭ་སྟག་དོན་རྐྱེན་གྱི་སྐབས་ང་ཚོས་སྲིད་སྐྱོང་གོ་གནས་འཕྲོག་རྩོད་དེ་ཙམ་བྱས་མེད་རྒྱུ་ན། ཡུ་ཀེ་རན་ནང་བཞིན་ཆིག་སྒྲིལ་གྱི་བསམ་བློ་ཚ་ངར་ཅན་ཞིག་སྐྱེས་ཡོད་རྒྱུ་ན་ད་ཆ་རྒྱ་བོད་བར་ལ་འབྲེལ་བ་ཅི་ཡང་མེད་ཀྱང་སྲིད་ལ།  ཆེས་མ་མཐའ་ནའང་རྒྱ་ནག་གིས་བོད་པའི་རུལ་སུངས་ཀྱི་ནང་སྙིང་ལ་ཚོད་བགམ་དེ་འདྲ་ཞིག་བྱས་ཐུབ་མེད།  གཉིས ཆབ་མདོ་ནས་རྒྱ་བོད་དམག་འཁྲུག་ཆེན་མོ་ལངས་སྐབས་མཚོ་སྔོན་ཕྱོགས་ནས་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་ཀྱིས་མའོ་སོགས་ལ་ཏར་འཕྲིན་བཏང་མེད་རྒྱུ་ན། ཆབ་མདོ་ནས་ང་ཕོད་སོགས་ཀྱིས་ས་གནས་ཡུལ་མི་དང་རྡོག་རྩ་གཅིག་སྒྲིལ་གྱིས་དང་ཁྱོད་ཤི་ང་གསོན་གྱིས་རྒྱ་རྒོལ་དྲག་པོ་ཞིག་བྱས་ཡོད་རྒྱུ་ན་རྒྱ་དམག་ཁྲི་བཅུ་ནི་མང་པོ་ཞེ་དྲག་རང་མ་རེད། ཨ་ཁ། ཆབ་མདོ་ན་དབུས་བོད་དམག་ཡང་དྲུག་སྟོང་ཡན་ཡོད་པ་མ་ཡིན་ནམ། ཡུལ་མི་དམག་རོགས་སུ་ལངས་ན་རྒྱ་མའི་ཁ་གཏད་མི་ཡོང་ཞེས་ལག་པ་དགུང་ནས་གཡུག་དགོས་བའི་ཚོད་ཅིག་མ་རེད། དམག་ཤུགས་དང་གོ་མཚོན་གྱི་ཐད་ནས་བསྡུར་ནའང་ད་ལྟའི་ཨུ་རུ་སུ་དང་ཡུ་ཀེ་རན་བསྡུར་བ་དང་ཆ་འདྲ་སྙམ། དེ་ལའང་མང་པོ་མང་པོ་ཞིག་ལབ་རུང་ཞིབ་ཏུ་བརྟག་ན་ཡིན་རྒྱུ་ནི་ཆིག་སྒྲིལ་མེད་པའི་སྐྱོན་ཆ་རང་རེད་དོ།  ། ཆིག་སྒྲིལ་རྒྱལ་ལོ། །

བསམ་ཚུལ།

Post navigation

Previous Post: གསུམ་བཅུའི་དུས་དྲན་ཐེངས་63 པའི་དྲན་གསོ་དང་རེ་བ།
Next Post: ཀླད་ཀོར། 

Comments (2) on “ཡུག་རན་གྱི་དམག་འཁྲུག་ལ་བལྟས་རྗེས་ཆིག་སྒྲིལ་གྱི་དོན་སྙིང་གླེང་བ།”

  1. པད་མ་ཞིག་པོ་གླིང་། says:
    2022-03-29 at 11:34 pm

    ཡུག་རེན་གྱི་གནས་སྟངས་ནི་ཤིན་དུ་ཡ་ང་བ་ཞིག་རེད། རང་དབང་གི་མངོན་འདོད་ཀྱིས་གཞན་ལ་སྐྱབས་བཅོལ། དེ་བསྒྲུབ་རྒྱུའི་ཚབ་ལ་ཡོད་ཚད་ཤོར་འགྲོ་བཞིན་འདུག ནུབ་ཕྱོགས་པའི་མི་རྣམས་རང་དོན་གཙོ་བོ་ཡིན་པས་དང་པོ་ནས་དེ་ལྟར་ཤེས་ན་དེ་ལ་དཔག་པའི་བྱ་བ་བསྒྲུབ་དགོས།་གཙོ་བོ་ནུབ་ཕྱོགས་པའི་བྱ་སྤྱོད་མ་ཤེས་པས་ཆག་སྒོ་དྲངས་པ་རེད་སྙམ།

  2. སྒང་བ་ཚང་། says:
    2022-04-01 at 3:58 am

    ཨ་རི་སོགས་ཡོ་རོབ་རྒྱབ་ཁབ་ཚོས་རང་ཉིད་དང་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་མི་མཐུན་པ་རྣམས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་གི་རེད། དམག་རྒྱག་དགོས་རུང་རྒྱག་གི་རེད། དེ་ཡང་ཕར་དེད་ན་ཆབ་སྲིད་ཀྱི་ཐབས་བྱུས་ལ་བརྟེན་ནས་དཔལ་འབྱོར་གྱི་སྟོབས་ཤུགས་སྒྲུབ་གི་ཡོད་རེད། གལ་སྲིད་བོད་རྒྱ་གཉིས་དམར་འཛིང་བྱས་ན་ཨ་རི་སོགས་ཀྱིས་བོད་ལ་དམག་རོགས་བཏང་ས་རེད་པས་ཟེར་ན། རེད་ལབ་ཡ་ཡིན། མའོ་ནས་བཟུང་རྒྱ་ནག་དཔོན་རབས་ཀྱིས་ཨ་རི་སོགས་ཀྱིས་བཟོས་པའི་འཛམ་གླིང་སྒྲིག་གཞི་ལ་སྲུང་བརྩི་ཞེ་དྲག་བྱེད་གི་ཡོད་མ་རེད། མཐའ་ན་དྲ་རྒྱའི་དུས་རབས་སུ་སླེབས་ཀྱང་དྲ་རྒྱའི་ཐོག་ནས་རྒྱ་མི་རང་ཉིད་ཁེར་རྐྱང་དུ་གནས་ཡོད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme