Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆུ་བོ་གངྒའི་འགྲམ་གྱི་ཆུང་མ། 

Posted on 2022-02-212022-02-21 By ཁ་བརྡ 2 Comments on ཆུ་བོ་གངྒའི་འགྲམ་གྱི་ཆུང་མ། 

རྩོམ་པ་པོ། རྔ་བ་ཀུན་བཟང་། 

ལེའུ་དང་པོ། 

ངའི་མིང་ལ་ཆུ་བོ་གངྒའི་འགྲམ་གྱི་ཆུང་མ་ཞེས་འབོད། སྔོན་ཆད་ཨ་ནེ་ཞིག་ཡིན་ལ་ལོ་གསུམ་གོང་ལ་ཨ་ནེ་ལོག་ནས་ཆུ་བོ་གངྒའི་འགྲམ་གྱི་རྣལ་འབྱོར་བ་ཞིག་དང་མཉམ་དུ་ཆང་ས་བརྒྱབ་ནས་ལོ་གཉིས་ཙམ་སོང་ཡང་། ཁ་སང་ཉིན་རྒྱབ་ཁོང་ལ་ནད་ཡམས་ཤིག་བྱུང་བས་གློ་བུར་དུ་ཚེ་ལས་འདས་སོང་། 

མ་འདས་གོང་གི་མཚན་མོ་ཁོང་དུས་རྒྱུན་ལྟར་ཅུང་ཙམ་མི་འདྲ་བར་གྱུར། སྐད་ཆ་ཡང་དེ་ཙམ་མི་བཤད་ལ་ང་བྱིས་པ་ལྟར་པང་ལ་ཉར་ནས་གཟི་འོད་ཕྲོམ་ཕྲོམ་བྱེད་པའི་ཁྲ་ཆུང་མིག་གཉིས་རྩེ་གཅིག་ཏུ་ང་ལ་བལྟས་ཏེ། “ཧ་ཅང་མཛེས་གངས་ཀྱི་ལྷ་མོ་འདྲ་”ཞེས་ཡང་དང་བསྐྱར་དུ་འོ་ཐེངས་འགའ་བསྐྱེལ་བྱུང་། ད་དུང་རི་མོ་དང་སྙན་ངག་གི་དེབ་འགའ་ཡང་ང་ལ་ངོ་སྤྲོད་བྱས།  བརྗོད་གཞི་དེ་དག་ང་གཉིས་ནམ་རྒྱུན་ནས་ཁ་བརྡ་བྱེད་བཞིན་ཡོད་པས་ངས་དོ་སྣང་མ་བྱས། འོན་ཀྱང་། དེ་རིང་གི་དེབ་དག་སྔོན་ཆད་གོ་མྱོང་མེད།   ད་དུང་ངས་དེ་ལྟར་བཤད་ཡིན། “དེང་སང་མངལ་ཆགས་བས་དེབ་ལ་ལྟ་འདོད་མི་འདུག་རྗེས་མ་ངས་ཀློག་དགོས་ཨང་གཅེས་ཕྲུག”ཞེས་བཤད་ཡིན། གང་ལྟར་དེ་རིང་གི་གནས་ཚུལ་དེ་བྱུང་དུས་འདས་ཟིན་པའི་ང་གཉིས་ཀྱི་གཏམ་རྒྱུད་རྣམས་ཡིད་ཀྱི་མེ་ལོང་ན་གློག་བརྙན་ལྟར་ཤར་བས་ཀློག་པ་པོ་ཡོངས་ལ་བཤད་འདོད། 

དུས་བཞི་ནང་ནས་བདག་གིས་ཆེས་དགའ་བའི་དབྱར་ཁ་ཞིག་ལ། ཆར་པ་སིམ་སིམ་ཞིག་ཆད་མེད་དུ་བབས་དུས།  ང་གཅིག་པུ་ཆུ་བོ་གངྒའི་འགྲམ་ལ་ཡུལ་སྐོར་ལ་སོང་ཡིན། སྐབས་དེ་དུས་ང་ཨ་ནེ་ཡིན། ལྷད་མེད་དྭངས་གཙང་གི་ཉམས་ཤིག་དང་། ཡ་རབས་ཚུལ་ལྡན་གྱི་མདངས་ཤིག་ཤར་ཡོད། ཡར་དཀོན་མཆོག་གི་གསུང་མ་གཏོགས་མི་ཉན་མཁན་ཞིག་ཡིན། ཉིན་དེ་ང་རང་གཅིག་པུས་ཤི་མ་གསོན་གྱི་མི་རོ་སྐམ་པོ་དག་མཐོང་བས། ཆུ་འགྲམ་ནས་ཁ་འདོན་བྱས་ནས་དུས་ཚོད་གཅིག་ཙམ་བསྡད་ཡིན། ད་དུང་ཚེ་འདས་ཕ་མའི་ཆེད་ལ་ཉ་བརྒྱ་ཕྲག་འགའ་ཚེ་ཐར་ལ་བཏང་ནས་ཞོར་ལ་སྤྲང་པོ་རྣམས་ལ་སྒོར་བཅུ་རེ་སྤྲད་དུས་སེམས་ཏོག་ཙམ་ལྷོད་ལ་བབས། འོན་ཀྱང་། གློ་བུར་དུ་རྒྱབ་ནས་མི་ཆ་མེད་ཅིག་གིས་ང་ལ་སྐད་བཏང་།  དེ་མ་ཐག་ཕྱིར་ལྟ་ཞིག་བྱེད་དུས། ཕོ་གསར་གཟུགས་རིང་སྟག་འདྲ་བ་ཞིག་ཐོད་པ་ལ་མཚོན་སེར་བོ་བྱུག་བ་དང་། ལག་ལ་ལྕགས་རིང་དང་། རྒྱབ་ལ་ཀོ་བའི་ཁུག་མ་དམར་ལྗང་ཞིག་འཁུར་ནས་ས་ཐག་རིང་ཞིག་ནས་ཡུལ་སྐོར་ལ་ཡོང་མཁན་ཞིག་དང་ཨ་ན་མ་ན་རེད་འདུག འོ་རེད། ད་དུང་རྐང་མགོ་ལ་ལྷམ་ཡང་གྱོན་མི་འདུག ཧ་ཅང་སྐྲག་ཐལ། ཚིག་གཅིག་ཀྱང་མ་བཤད་ལ་བལྟས་ནས་བསྡད་ཡིན། སྐབས་དེ་ཁོང་གི་འཛུམ་མུལ་མུལ་ངང་ནས་ང་ལ་དེ་ལྟར་བཤད“ཁྱེད་ཀྱི་མིང་ལ་ཅི་ཟེར། ལུང་པ་གང་ནས་ཡིན།”ཞེས་དྲིས།
 
ང་ཡ་མཚན་ནས་ཚིག་གཅིག་ཀྱང་ཁ་ནས་མ་ཐོན་པས་ཕྱོགས་ཁག་ནས་ཡོང་བའི་གནས་མཇལ་དང་ཁྲོམ་སྐོར་མཁན་ཚོས། མི་ཆ་མེད་གཉིས་ཆུ་ཁ་ན་ལངས་བསྡད་པ་མཐོང་དུས། མིག་གི་རིག་རིག་གིས་ལྟ་དུས་ང་ལྷག་ཏུ་མི་བདེ་བར་གྱུར། རེད་དེ་ཁོང་སྣང་མེད་ངང་ངའི་མདུན་ལ་ཡར་ལངས་ནས་ལན་ལ་སྒུག  དུས་དེ་ངས་མིག་ཟུར་ཁྲོད་ནས་ཁོང་ལ་ཡང་བསྐྱར་ལྟ་ཙམ་བྱེད་དུས། ཁོས་རྒྱབ་གྱི་ཁུག་མའི་ཐོག་ལ་གླིང་བུ་རིང་པོ་ཞིག་བཏགས་པ་དང་། རྐང་ལྷམ་གཡས་པའི་ཐོག་ལ་སྒྱུ་རྩལ་གྱི་རི་མོ་ཡང་འགའ་བྲིས་འདུག ཏོག་ཙམ་དགའ་སྣང་བཅས་ངས་དེ་ལྟར་བཤད་ཡིན། “ང་་་་གཡང་མོ་ཡིན།  ཕ་ཡུལ་མི་ཤེས”ཞེས་ལན་ཞིག་བརྒྱབ་ནས་ལག་གི་ཕྲང་མགོ་ལ་མུག་མུག་གིས་མ་ཎི་འདྲིན་ཞོར་ལ་མགྱོགས་པོ་ཆུ་འགྲམ་ནས་ཡར་ལངས་ནས་ཡོང་ཡིན། 

 ཡིན་ན་ཡང་ཁོང་གི་ངའི་རྒྱབ་ནས་དེ་ལྟར་བཤད་གིས།  “ཨ་རོ་་་་་་་་ཨ་རོ་་་་་་་་ཁྱེད་མ་འགྲོ་དང་། ཁ་བརྡ་འགའ་བྱེད་ན་ཆོག་གམ། ཆུ་བོ་གངྒའི་ཇ་ཞིག་འཐུང་དང་”ཅེས་སྐད་མགོ་མཐོ་ཙམ་ལ་བཤད།  ཁ་དཔེ་ལ་“དང་པོ་མ་མཐོང་ཆོག་ག སེམས་པ་འཆོར་དོན་མི་འདུག གཉིས་པ་མ་འདྲིས་ཆོག་ག སེམས་གཅོང་ཞུགས་དོན་མི་འདུག”ཅེས་པ་ལྟར། གལ་ཏེ་ཉིན་དེ་ང་གཉིས་ཕན་ཚུན་ཐུག་མེད་ན། དེ་རིང་གི་གནས་ཚུལ་རྣམས་ག་ལ་བྱུང་ངམ། དེ་ནས་ང་གཉིས་ཆུ་འགྲམ་གི་ཇ་ཁང་ཆུང་ཆུང་ལ་སོང་།  ང་ཁོང་གི་གམ་དུ་ཁ་ལ་ཉན་པའི་ཕྲུ་གུ་ཆུང་ཆུང་ཞིག་འདྲ་བར་ཙོག་པུར་བསྡད་དེ། ཇ་གང་འཐུང་ཡང་བྲོ་བ་ཞིག་གང་ན་ཡོད། སྐྲག་སོང་བས་ཆུ་རྐྱང་ཞིག་འཐུང་བ་དང་གཅིག་རེད ། འོན་ཀྱང་། ཁོང་མི་ཡ་མཚན་ཞིག་ཡིན་པ་ཚོར་སྣང་བྱུང་། ང་ཨ་ནེ་བྱས་ནས་མི་ལོ་ཉི་ཤུ་ཙམ་སོང་བས། སྐྱེས་པ་དང་དེའི་བྱ་སྤྱོད་ལ་རྒྱུད་ཞིག་ག་ལ་ཡོད།  རང་ཉིད་ཀྱི་ཨ་ཕ་མ་གཏོགས་སྐྱེས་པ་གཞན་ལ་ཁ་བརྡ་དེ་འདྲ་བྱེད་མྱོང་མེད་ལ།   ཁྲིམས་ལུགས་དང་འགལ་བས་དེ་ལྟར་གནང་ག་ལ་ཆོག་གམ།   བློ་ཡུལ་ལས་འདས་པ་ཞིག་ངས་མིག་མདུན་ན་ཡོད་པའི་མི་དེ་གཞན་དང་མི་འདྲ།  དེ་ནས་རིམ་བཞིན་ཁོང་གི་མི་ཚེའི་ལོ་རྒྱུས་བཤད།

ལེའུ་གཉིས་པ།

ངའི་མིང་ངོ་མ་ལ་་«प्रिय »ཟེར། ཕ་མ་གཉིས་ཀྱི་«प्रिय बच्चे »ཞེས་ཚིག་གཅིག་གསར་དུ་སྣོན་ནས་“གཅེས་ཕྲུག”་ཞེས་འབོད། གང་ཡིན་ཞེ་ན། ངའི་ཕ་མ་གཉིས་ལ་བུ་ཕྲུག་ང་གཅིག་པོ་མ་གཏོགས་མེད།  ཨ་ཕས་བཤད་ན་ང་ཚོའི་མི་བརྒྱུད་བྲམ་སེ་རེད་ཟེར། ང་ལོ་དྲུག་ནས་བཟུང་ཨ་ཕའི་འགྲམ་ནས་འབྲི་ཀློག་སྦྱངས། རིམ་བཞིན་རི་མོ་དང་། སྙན་ངག་ལྟ་གྲུབ་སྐོར་ནང་སྦྱོང་བྱས་པ་ལས། སློབ་གྲྭ་ཟེར་བ་གོམ་གང་ཡང་འགྲོ་མེད། ང་ལོ་ཉི་བདུན་ལོན་པའི་དགུན་ཁ་ཞིག་ལ་ཕ་མ་དང་མཉམ་དུ་ཡུལ་སྐོར་ལ་སོང་བའི་ལམ་ཁ་ནས་མེ་འཁོར་གྱི་རྐྱེན་ངན་འཕྲད་པས་ཕ་མ་གཉིས་ཚེ་ལས་འདས་སོང་། སྐབས་དེར་ཁོང་གི་མིག་མཐའ་མཆི་མའི་གང་ཡང་། གང་ཡང་བྱུང་མེད་པའི་རྣམ་འགྱུར་ཞིག་བསྟན་ནས་ལག་གི་ཇ་ཕོར་ས་ལ་རྡུང་ཙམ་བྱེད་དུས། ད་གཟོད་ངའི་མདུན་ན་ཡོད་པའི་མི་དེ་ལ་སྙིང་རྗེ་དཔག་མེད་ཞིག་སྐྱེས་ལ། ཁོང་ཡང་ང་འདྲ་བར་དྭ་ཕྲུག་ཞིག་ཡིན་པ་ཤེས་དུས། རང་སེམས་ནས་མིག་ཆུ་ཤོར་ཡང་། ཚིག་གཅིག་ཀྱང་བཤད་མ་ཐུབ་པར་སྐར་མ་འགའ་ང་གཉིས་ཀ་ཁ་ཁུ་སིམ་པོ་ལྷག།

འཁྲུག་ཆ་དོད་པའི་ཆུ་འགྲམ་ནས་ཁ་བརྡ་བྱེད་ཞོར་ལ་ཁོས་རྒྱབ་གྱི་ཁུག་མའི་ནང་ནས་དེབ་གཉིས་བསྟན་ཏེ་«Madhushala »དང་«Autobiography of a Yogi» དེབ་འདི་གཉིས་བསྟན་དུས་ལྷམ་མགོ་ཡང་རྒྱབ་ཁུག་ནས་ས་ལ་ལྷུང་སོང་། ད་དུང་། ལྷམ་མགོ་ཡི་ཟུང་ལ་གླིང་བུ་ཆུང་ཆུང་གི་རི་མོ་ཧ་ཅང་ཤ་ཚ་བོ་ཞིག་བྲིས་ཡོད་ཀྱང་། སུས་བྲིས་མིན་དང་མཚོན་དོན་སྐོར་ལ་འདྲི་ག་ལ་ཕོད། ཐ་ན་་“ཕ་བཟང་གི་རེད”ཟེར་བའི་ཚིག་ཙམ་ཡང་ཁ་ནས་མ་ཡོང་བར་ཁོང་གི་འགྲམ་ལ་དུས་ཚོད་གཉིས་ལ་“མགོ་གཡུག་ཙམ་བྱས་ནས་བསྡད་པ་ལས་གང་ཞིག་དང་ཅི་ཞིག་བཤད་དགོས་པ་ག་ལ་ཤེས། 

འདི་ལྟར་ང་གཉིས་ཁ་བརྡ་བྱེད་ནས་དུས་ཚོད་གཉིས་ཙམ་སོང་དུས། ད་གཟོད་ངས་ཁོང་གི་གདོང་ལ་བལྟས་པ་ཡིན། ཀྱེ་མ།  སྔོ་ཞིང་བསངས་པའི་མཁའ་དབྱིངས་སུ་རབ་མཛེས་འོད་མདངས་འདྲ་བའི་མིག་དང་།  རྒྱལ་མཚན་འཆང་བའི་སྨིན་མ། ཆུ་འཛིན་གྱི་གཞོན་ནུའི་གདོང་དབྱིབས།  དམར་ལ་འཇམ་པའི་མཆུ། སྨུག་ལ་བཤན་པའི་སྐྲ་ལོ་། གཙང་ལ་འཇམ་པའི་ལག་པ་དག་རེ་རེ་བཞིན་མཐོང་དུས། “ཁྱེད་ནི་ཇི་འདྲའི་བློ་ངོར་མི་ཤོང་བའི་གསང་བ་ཞིག་རེད་ཨང་།”ཞེས་རང་ཉིད་ཀྱི་རང་ཉིད་ལ་ཁེར་བཤད་ཅིག་བྱས། དེ་ནས་ང་ལོག་འགྲོ་རན་སོང་། འོན་ཏེ་འགྲོ་ཁ་ཁོང་ང་ལ་“རྗེས་མ་ནམ་ཡོང་ན་ཇ་ཁང་འདི་ནས་ང་སྒུག་ཨང་”ཅེས་ཁོང་རང་ཡང་རང་གནས་སུ་བུད་ཐལ། དྲང་པོ་བཤད་ན་“སྒུག་ཨང་”ཅེས་པའི་ཚིག་དེ་ལ་ང་ཧ་ཅང་དགའ་བྱུང་།

 ཁ་དཔེ་ལ། “མཛངས་མའི་ཐུགས་དང་བསྟུན་ན།། ཚེ་འདིའི་ཆོས་སྐལ་ཆད་འགྲོ།། དབེན་པའི་རི་ཁྲོད་འགྲིམས་ན།། བུ་མོའི་ཐུགས་དང་འགལ་འགྲོ།།”ཞེས་པ་ལྟར། ངའི་མི་ཚེ་ནང་སྐྱེས་པ་བུ་ཞིག་ལ་ཚོར་སྣང་ཡ་མཚན་ཞིག་སླེབས་པ་ཆེས་ཐོག་མ་ཡིན་ལ། དེ་རིང་ངས་དལ་དལ་ལྷོད་ལྷོད་ཀྱིས་བསམ་བློ་བཏང་ན། དུས་དེ་ང་ཁོང་ལ་སེམས་ཚོར་ཡོང་དོན་རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན། གཅིག་ནི་ཁོང་སྙན་ངག་པ་དང་རི་མོ་བ་ཞིག་རེད། གཉིས་སུ་ཁོང་ཕོ་རྒོད་སྟག་འདྲ་ཞིག་རེད། ང་ལ་མཚོན་ན་བྱིས་པའི་དུས་ནས་བཟུང་རི་མོ་ལ་ཧ་ཅང་དགའ་ལ། རོལ་མོ་དང་གླུ་གར་སོགས་ནམ་ཡང་སྦྱང་འདོད་པའི་ཤེས་བྱ་ཡིན་ཡང་།  ལོ་བདུན་ནས་བཟུང་ཕ་མའི་བཀའ་གསུང་ལྟར་མ་འདོད་བཙན་དབང་ཐོག་ནས་དགོན་པ་ལ་བཏང་ནས་ཨ་ནེ་བྱས་པས། རི་མོ་དང་། སྙན་ངག། རོལ་མོ་སོགས་ལ་སློབ་སྦྱོང་བྱེད་པ་ཉིན་མོའི་རྨི་ལམ་ལ་གྱུར། ཉིན་མཚན་དུས་དྲུག་ལ་དཔེ་ཆ་ཏག་ཏག་འདོན་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སེམས་པ་ཆོས་ལ་འཁོར་དགོས་པ་ལས།  སྒྱུ་རྩལ་དང་རང་དབང་གི་འཚོ་བ་ཞིག་ག་ལ་ཡོད་དམ། དེ་རིང་གློ་བུར་དུ་མི་དེ་འདྲ་དང་ཕྲད་དུས། རང་ཉིད་ཀྱིས་རང་ཉིད་སད་སོང་བའི་དགའ་སྣང་དང་། ཡང་འཇིག་རྟེན་གཞན་ཞིག་ལ་ལྷུང་སོང་བའི་སྐྱོ་བ་ཡང་བྱུང་། 

གང་ལྟར་ཉིན་དེ་ནས་བཟུང་ངའི་ལས་དབང་ལ་གྱུར་ལྡོག་བྱུང་། གཅིག་ནས་ང་དགོན་པ་ལ་བསྡད་འདོད་མེད་པ་དང་། གཉིས་སུ་ང་ཡང་བསྐྱར་མི་དེ་དང་ཁ་བརྡ་ཞིག་བྱེད་འདོད་ཀྱི་འདུན་པ་ཇི་ཆེ་ནས་ཇི་ཆེ་རེད།  འོན་ཀྱང་ཟླ་བ་གསུམ་རིང་ལ་ངས་ཉིན་མཚན་དུས་དྲུག་ལ་བསམ་བློ་བཏང་ཡང་ཐག་མ་ཆོད། རེད་དེ། མཐའ་མ་ཡར་དཀོན་མཆོག་གསུམ་དང་དྲིན་ཕ་མ་གཉིས་ལ་སྟོང་བཤགས་ཞིག་བྱས་སྟེ། རང་ཐག་རང་ཆོད་ཀྱིས་དགོན་པ་ནས་བུད་ཡོང་བ་ཡིན།  སྐབས་དེ་ང་ལ་རས་ཁུག་ཆུང་ཆུང་ཞིག་དང་ཁ་འདོན་དཔེ་ཆ་གཅིག་མ་གཏོགས་གང་ཡང་མེད། ང་རང་གཅིག་པུར་སྔར་བཞིན་ཆུ་མོ་གངྒའི་འགྲམ་ན་ཡོང་ནས། སྔར་ཡོད་ཀྱི་ཇ་ཁང་ཆུང་ཆུང་གི་འགྲམ་ནས་ཇ་ཞིག་འཐུང་ནས།   ཡར་མར་ལྟ་ཙམ་རེ་བྱས་ནས་སྐར་མ་འགའ་སྒུག་ཡིན། དེ་མ་ཐག་ངའི་དཔུང་པ་གཡས་པའི་ཐོག་ལ་ལྗིད་ཏིག་ཏིག་གི་ལག་པ་ཞིག་བཞག་བྱུང་། སེམས་ནང་ལ་ཁོང་ཡིན་པ་ཤེས་དུས། ཧ་ཅང་དགའ་སོང་བས་སྐབས་དེ་ཅི་བཤད་འདི་བཤད་མི་འདུག། “ག་རེ་བྱེད་ཀྱི་ཡོད།’” ཨ་ནེ་ཞིག་ལག་པ་ཐུག་ན་ངོ་མི་ཚ་ནི་ཨེ་རེད་”,ཞེས་ངས་བློ་སྟོབས་ཆེན་པོའི་ཐོག་ནས་བཤད་ཀྱང་། ད་དུང་། ཁོང་གི་ལག་པ་བཞག་ནས་བསྡད་གིས།  དེ་དུས་ངས་རྒྱབ་ལ་གཅིག་བལྟས་པ་ཡིན། ཁོང་གི་འཛུམ་མུལ་མུལ་ངང་དེ་ལྟར་བཤད་གི། “སྒུག་ཡུན་རིང་སོང་ངམ། ད་བར་འདིར་མི་ཡོང་དོན་གང་ཡིན་ནམ་”ཞེས་དྲི་བ་འདྲི་གིས། “ང་ཡོང་ཆོག་ཆོག་ཞིག་གང་ན་ཡོད། ང་ཨ་ནེ་ཡིན་པས་དགོན་པ་མ་གཏོགས་གང་སར་འགྲོ་མི་ཆོག། ཁྱེད་ཚོ་ལྟར་རང་དབང་མེད”་ཞེས་ཏོག་ཙམ་སྐྱོ་བའི་ཚུལ་ནས་བཤད་པ་ཡིན། ་“ཨ་ལེ་ཁག་མེད་ཁག་མེད”་ཞེས་ཁོང་གི་ང་ལ་ཧ་ཅང་བྱམས་བརྩེ་ཆེ་བའི་ཚུལ་ནས་ངའི་ལག་པ་གཉིས་ཀ་བཟུང་དུས།  ཇ་ཁང་གི་མ་གཡོག་དང་གཡས་གཡོན་གྱི་ཡུལ་སྐོར་བ་རྣམས་ཏོག་ཙམ་ཡ་མཚན་ནས་མིག་གི་རིག་རིག་གིས་ང་གཉིས་ལ་བལྟས་ནས་བསྡད་འདུག།  ཁོང་གི་དེ་ལྟར་བཤད་གིས་“དེ་རིང་ནས་བཟུང་ང་གཅིག་པོ་མ་བཞག་ན་ཆོག་གམ། ངས་ཉིན་ལྟར་ཁྱེད་སྒུག་ནས་ཟླ་བ་གསུམ་དེ་ལོ་གསུམ་ལས་རིང་བ་ཚོར། ཁ་དྲོ། ད་ང་སྐྱུར་ནས་མ་འགྲོ་དང་། ངས་ཁྱེད་ལ་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་བསྐྲུན་ཐུབ།” ཞེས་ཡ་མཚན་དང་གོ་མ་མྱོང་བའི་གཏམ་དག་རེ་རེ་བཞིན་བཤད་དུས། ང་གློ་བུར་ཏུ་དྲན་མེད་བརྒྱལ་བ་ལྟར། ཅི་བྱ་གཏོལ་མེད་དུ་གྱུར་ནས། “ང་ཨ་ནེ་ཡིན”“ང་ཨ་ནེ་ཡིན”“ང་ཨ་ནེ་ཡིན”“ང་ཨ་ནེ་ཡིན”ཞེས་ངུ་སྐད་དང་ལྷན་དུ་ཡང་དང་བསྐྱར་དུ་ཁ་ནས་ཤོར་བ་ལས། གཞན་གང་ཡང་སེམས་ལ་མ་འཁོར། 

སྐར་མ་འགའ་རྗེས་སུ་ད་གཟོད། ཏོག་ཙམ་ལྷོད་ལ་བབས་བྱུང་ཡང་། ངའི་མིག་མཐའ་མཆི་མའི་བསྐོར་བས། ཇ་ཁང་གི་མ་གཡོག་ཏོག་ཙམ་བློ་འཚབ་བྱུང་འདུག་ལ། ངོ་གདོང་ལ་མ་བདེ་བའི་རྣམ་འགྱུར་མཐོང་། དེ་ཕྱིར་ང་གཉིས་ཆུ་མོ་གངྒའི་འགྲམ་གྱི་«Gagan Picnic»ཞེས་པའི་ཇ་ཁང་ལ་ཕྱིན་པ་ཡིན། ཇ་ཁང་འདིའི་ནང་ཁ་ཁུ་སིམ་པོ་འདུག། མི་རེ་འགའ་མ་གཏོགས་མི་འདུག། སྐབས་དེ་དུས་“གཅེས་ཕྲུག་”གི་ང་ལ་“འོ་རེད།  ཁྱེད་ཨ་ནེ་རེད་མོད། བུད་མེད་གཞན་ལྟར་མིན་པར་ངས་ལོས་ཤེས། འོན་ཀྱང་གོན་པ་དམར་པོ་གྱོན་པ་དང་མགོ་ལ་སྐྲ་མེད་ཀྱང་མཛེས་མ་འདུག། མ་འོངས་པར་ཁྱེད་ངའི་ཆུང་མར་ཡོང་ན་ཆོག་གམ། འདོད་པ་མེད་ན་བཙན་དབང་མིན།  རང་གི་གང་བཤད་ན་དེ་ཡིན། ང་ཁྱེད་ལ་ཉིན་དང་པོ་ནས་དགའ་སོང་། ཁྱེད་མི་རིགས་གང་ཡིན་དང་། ལུང་པ།  རིགས་རུས་སོགས་གང་ཡིན་ན་ཆོག། གསལ་བཤད་གང་ཡང་མི་དགོས། འོན་ཀྱང་། ང་གཉིས་བར་ན་ལོ་བཅུ་ཡི་ང་ཆེ་བས་ཁྱེད་ལ་བློ་ཕམ་ཡོད་སྲིད། དེ་ངས་བསམ་ཤེས་ལོས་ཡོད། བུད་མེད་རྣམས་སྐྱེས་པ་ལོ་ཆུང་ལ་དགའ་བ་ཆོས་ཉིད་ཡིན”ཞེས་ཟ་མ་ཟ་ཞོར་ལ་རྩེད་མོའི་ཚུལ་གྱིས་འཚེར་སྣང་གང་ཡང་མེད་པའི་ཐོག་ནས་བཤད།

དྲང་མོ་བཤད་ན་སྐབས་དེར་ངའི་སེམས་ནང་ལ་ལན་དུ་མ་ཞིག་ཤར་ཡང་། ཁ་ནས་ཚིག་གཅིག་ཀྱང་མ་བཤད་“ལགས་སོ།”“ལགས་སོ།”“ལགས་སོ།”ཅེས་བཤད་ཞོར་ལ། “ད་ནས་བཟུང་ང་ནང་ཟེར་བའི་ལོག་ས་མེད། དགོན་པ་ནས་བུད་ཡོང་བ་ཡིན།”དེ་མ་ཐག་ཁོང་རྐུབ་སྟེགས་ནས་ཡར་ལངས་ཏེ། “ལགས་ག་རེ་བཤད་པ་ཡིན་ནམ།  དགོན་པ་ནས་བུད་དོན་ཇི་ཡིན། གནས་ཚུལ་འདྲ་བྱུང་སོང་ངམ། ངའི་ཆེད་དུ་ཨེ་ཡིན་། འགྱོགས་པོ་ཤོད་དང་། ག་རེ་བྱས་སོང་”ཞེས་ཧ་ཅང་ཡ་མཚན་པ་དང་འཇིགས་སྣང་གི་རྣམ་འགྱུར་ཞིག་བསྟན་དུས། ང་ལྷག་ཏུ་སྐྲག་བྱུང་། “གནས་ཚུལ་གང་ཡང་བྱུང་མ་སོང་། དགོན་པ་ལ་བསྡད་མི་འདོད། གཞན་གང་ཡང་མིན་”ཅེས་འདར་འདར་ངང་ནས་བཤད་དུས། ཁོང་ཏོག་ཙམ་ཧ་ལས་ནས་ཚིག་གཅིག་མི་བཤད་ལ་ང་ལ་ལྟ་ནས་བསྡད་གི།  མཚམས་དེར་ང་གཉིས་ཁ་ལག་ཀྱང་ཟས་ཚར་སོང་། ཁོང་ཡར་ལངས་ཏེ་ངའི་འགྲམ་ལ་ཡོང་ནས་ལག་པ་གཉིས་ཀྱིས་ངའི་རྐེད་པ་ལ་ཐུག་ཙམ་བྱེད་དུས། ངའི་སྙིང་གི་འཕར་ཤུག་ཇི་ཆེར་གྱུར་ཀྱང་ཇ་ཁང་ནང་ལ་མི་གཅིག་ཀྱང་མི་འདུག་ལ། མ་གཡོག་རྣམས་ཀྱང་རང་ཁྱིམ་ལ་ལོག་ཚར་འདུག།  རྒྱུན་གཏན་མིན་པའི་རྣམ་པ་དེ་དག་མཐོང་དུས་ང་སྐྲག་ཐག་ཆོད་ནས་གང་ལ་འགྲོ་དགོས་པ་མ་ཤེས་པས།  མཐར་ཐབ་ཚང་ནང་ལ་སོང་ནས་ལག་པ་འཁྲུས་ཞོར་ལ་མེ་ལོང་ལ་ལྟ་དུས། ངའི་གདོང་པ་དམར་ནག་ལ་གྱུར་ནས་ལུས་ཡོངས་སུ་ཚ་ཟུག་བརྒྱབ། སྐར་མ་འགའ་དབུགས་རིང་ཞིག་བཏང་ཁོམ་བྱུང་། དེ་ནས་ཚུར་ཡོང་དུས། ཁོང་མཐོང་སར་མི་འདུག།

ལེའུ་མཐའ་མ།

ང་གཉིས་བསྡད་སའི་ཅོག་ཙེ་སྟོང་པ་རེད་འདུག་ལ། སྡེར་མ་རྣམས་ཀྱང་གཙང་བཟོ་བྱས་ཚར་འདུག།  ངས་དྲན་གསལ་ལ་སྐབས་དེར་ངའི་མིག་མཐའ་མཆི་མའི་ཁེངས་ཡང་།  ཁ་དཔེ་ལ། “གངས་དཀར་སེམས་ལ་རྟ་ཞིག་མེད་ན། ཕུ་རུང་ནང་ལ་སྲབ་ཞིག་དགོས་དོན་མེད”ཅེས་པ་ལྟར་ཁོང་ཕྱིར་ལོག་ཡོད་པས།  ཅོག་ཙེ་སྟོང་པ་ཞིག་ལ་བསྡད་པ་ལས་གཞན་གང་ལ་འགྲོ་མ་ཕུད།  སྐར་མ་ཉི་ཤུ་ཙམ་རྗེས་སུ་ཁོས་ལག་ན་མགྲོན་ཁང་གི་ལྡེ་མིག་ཚོས་གཞི་ཁྲ་ཁྲ་ཞིག་ཁུར་ནས་སླེབས།  ངའི་འགྲམ་ལ་སླེབས་མ་ཐག་ཐོད་པ་ལ་འོ་ཞིག་བྱེད་ཞོར་ལ་“ཆུ་བོ་གངྒའི་འགྲམ་གྱི་ཆུང་མ་སྐྲག་མི་དགོས། ང་ཁྱེད་ལ་སེམས་ནས་དགའ་མཁན་ཞིག་ཡིན། ཇི་སྲིད་འཚོ་བའི་བར་ངས་ཁྱེད་ལ་རང་གི་ཕ་མ་ལྟར་བདག་སྐྱོང་བྱེད་ཆོག། སེམས་བདེ་མོ་བྱོས་ཁྱེད་ལ་མགོ་སྐོར་གཏོང་མཁན་ཞིག་མིན།  དེ་རིང་ང་གཉིས་ས་ཆ་སྐྱིད་པོ་ཞིག་ལ་འགྲོ་”ཅེས་ཁོང་གི་ལག་པས་ང་ཁོང་རང་གི་བུ་མོ་ལྟར་འཁྲིད་ནས། སྐར་མ་རྟགས་ཅན་ཀྱི་མགྲོན་ཁང་«Taj Ganges» ཞེས་པ་ཧ་ཅང་ཡིད་དུ་འོང་བའི་མགྲོན་ཁང་ཞིག་ལ་སོང་། མགྲོན་ཁང་གི་ནང་རྒྱལ་ཁང་དང་འདྲ་བ་མ་ཟད་། སྣེ་ལེན་མཁན་རྣམས་ཀྱི་སྲོལ་རྒྱུན་གྱི་ཆས་གོས་ཏག་ཏག་གྱོན་འདུག། ང་གཉིས་བསྡད་ས་གསུམ་ཐོག་ལ་རེད་འདུག་ལ། ཁང་པའི་སྒོ་ཨང་113 ཡིན་པ་དེ་རིང་ངའི་ཡིད་ལ་གསལ་བོ་དྲན་གི། རྒྱུ་མཚན། ཉིན་དེའི་མཚན་མོ་ང་མི་ཡུལ་ལ་ཡོང་ནས་སྐྱེས་པ་བུ་ཞིག་ལྷན་དུ་ཐེངས་དང་པོ་འཇིག་རྟེན་གྱི་བདེ་བ་མྱོང་རོལ་བྱས་པ་ཡིན། ཚོར་བ་འདི་འདྲ་ཞིག་ལ་ད་གཟོད་མི་ཚོས་བརྩེ་དུང་ཞེས་ཟེར་ན་འོས་འཚམ་མཐོང་ལ།  རང་ཉིད་མི་ཞིག་ལ་དགའ་བའི་སྐབས་སུ་མཛེས་མཐོང་གི་བསམ་བློ་དང་། རང་དབང་གི་འཚོ་བ། བློས་བཏང་གི་བསམ་བློ་སོགས་དེ་བས་མཁོ།  མདོར་ན་མི་ཞིག་ལ་བརྩེ་དུང་ཆགས་སྐབས་སུ་སུ་དང་གང་ཞིག་ལ་མེད་པའི་སྙིང་ཉེ་བའི་ཚོར་སྣང་ཞིག་ཡོང་བ་ཉིན་དེའི་མཚན་མོ་ཤེས།

གང་ལྟར་ཉིན་དེ་ནས་བཟུང་ངས་སྔར་ཀྱི་གོན་པ་དམར་པོ་དེ་བཞག་ནས་གོ་དཀར་དྭངས་མ་ཞིག་གྱོན། རང་ཉིད་ཀྱི་ཁྱོ་ག་དགེ་རྒན་ལ་བསྟན་ནས་རི་མོ་དང་སྙན་ངག། རོལ་མོ།  གར་སོགས་སྦྱང་མགོ་བརྩམས་ཡིན་ལ། དུས་དེ་ནས་བཟུང་ངས་རང་ཉིད་ཀྱི་ཁྱོ་ག་ལ་བཅོས་མིན་དྭངས་གཙང་གི་བརྩེ་སེམས་དང་བཅས་མ་འཆི་བར་ཚིག་ངན་གཅིག་ཀྱང་བཤད་མ་མྱོང་ལ།  ཁོང་གི་འདོད་པ་ལྟར་བྱིས་པ་ཞིག་ཀྱང་ད་ལྟ་སྐྱེ་ཡོད།  འོན་ཀྱང་། བློ་ཕམ་ཞིག་ལ་ཁོང་མ་འདས་གོང་ལ་བྱིས་པ་ངའི་ཁོག་ན་ཟླ་བ་བརྒྱད་ལས་མ་གོར་བས། ཕ་བུ་གཉིས་ངོ་ཐུག་བྱུང་མེད་ཀྱང་།  བུ་ཆེན་པོ་ཆགས་དུས་རང་ཉིད་ལ་ཨ་ཕ་བྱམས་སེམས་ཅན་དང་ཤེས་ལྡན་པ་ཡོད་པ་ངས་མ་བཤད་ན་ཁོང་རང་གི་ཤེས།  རྒྱུ་མཚན། ཨ་ཕའི་བྲིས་པའི་དེབ་དུ་མ་ཞིག་ངས་ནང་གི་པར་འགྲིམས་ནང་དང་དེབ་ཁང་མང་པོ་ལ་ཡོད།  “གཅེས་ཕྲུག་ལགས། ཁྱེད་སེམས་བདེ་མོ་བྱོས་ཨང་། ད་བར་བུ་ལག་ཆགས་ནས་ཨ་མ་ཞེས་འབོད་ཐུབ་གིས། ད་དུང་བུའི་མིང་གི་སྔོན་མ་ང་གཉིས་ཀྱིས་བྲིས་པའི་དེབ་དང་པོ་“གངས་སེང”་ཞེས་པ་བཏགས་ཡོད།  ཁྱེད་ཀྱིས་ང་ལ་གནང་བའི་ཡོན་ཏན་གྱི་ནོར་བུ་དག་རེ་རེ་བཞིན་ང་གཉིས་ཀྱི་བུ་དང་བྱིས་པ་གཞན་ལ་སློབ་ཁྲིད་བྱེད་བཞིན་ཡོད། དགའ་དགའ་ཚེ་རིང་། ཞི་བདེ་ངང་འཚོ་ཨང་།”དེ་རིང་ང་འུ་གཉིས་ཐོག་མ་ཐུག་སའི་ཇ་ཁང་ཆུང་ཆུང་གི་འགྲམ་ལ་ཡོང་ནས་ཇ་གང་འཐུང་ཞོར་ལ་ཁྱེད་ལ་ཁ་བརྡ་བྱེད་བཞིན་ཡོད།  

2/3/2022

བརྩམས་སྒྲུང་།

Post navigation

Previous Post: བོད་ཀྱི་ལས་དབང་།
Next Post: མ་འོངས་བོད་ཀྱི་རེ་བ་བསྐྱར་གསོ།

Comments (2) on “ཆུ་བོ་གངྒའི་འགྲམ་གྱི་ཆུང་མ། ”

  1. རང་བྱུང་རིག་པའི་རྡོ་རྗེ says:
    2022-02-24 at 3:35 pm

    སྒྲུང་བསྙན་པོ་འདུག འོན་ཀྱང་རྟོག་བཟོ་ཡིན་པ་འདྲ་བོ་འདུག །

  2. ཨ་མྱེས། says:
    2022-03-15 at 4:24 am

    དངོས་སྒྲུང་དང་རྟོག་སྒྲུང་གང་ཡིན་རུང་སྙན་པོ་ཞིག་བྲིས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme