—བརྗེད་དཀའ་བའི་དྲིན་གྱི་ལྷ་མཆོག་ཅིག་ལ་རྗེས་དྲན་དུ།
གྲོང་གསེབ་བུ་མོ།
གློ་བུར་དུ་ས་རུབ་པ་ལྟ་བུའི་ཚོར་བ་སྐྱུར་མོ་ཞིག་གིས། ངའི་ཡོད་ཚད་ལ་གྲང་ཤུར་ཤུར་གྱི་ཙག་ཤད་ཅིག་བྱས། བཤད་དཀའ་བའི་ན་ཟུག་འདི་གྱེས་བརྡ་ཞིག་གམ་ཕྱིར་འོང་མེད་པའི་ལག་བརྡ་ཞིག་ཡིན་པ་ཇེ་གསལ་རེད། ངས་དོན་དངོས་འདི་ངོས་ལེན་བྱེད་མ་འདོད་པ་ཡིན་ནམ། ཡང་ན་ཡིད་ཆེས་བྱེད་པའི་སྤོབས་པ་ཡིས་མ་འདང་བ་རེད་དམ། གང་ལྟར་ཕྱི་ནང་གི་ལས་དོན་མང་པོ་ཞིག་ལ་ཁག་བཞགས་ནས། ད་དུང་འཇིག་རྟེན་འདིའི་གྲུ་ཟུར་ཞིག་ན། ངའི་ཨ་མས་སྔར་བཞིན་ང་ལ་སྒུག་ཡོད་ཅེས། རང་ཉིད་ལ་ནན་སྐུལ་བྱེད་ཀྱིན་མདུན་དུ་བསྐྱོད་པར་འབད་ཀྱིན་ཡོད། འོན་ཀྱང་། ང་དང་ཨ་མའི་བར་གྱི་འབྲེལ་ལམ་ཡོད་ཚད་དང་། ཡང་ན་མ་བུའི་དབར་གྱི་སེམས་ཚོར་ལམ་ནས་ཀྱང་། ཁོང་ང་དང་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པའི་བརྡ་དེ་སྟོན་གྱིན་འདུག་ལ། ངའི་འཚོ་བའི་ཁྲོད་ཀྱི་བྱ་དངོས་མང་པོ་མང་པོ་ཞིག་གིས་ཀྱང་། ངས་ཨ་མ་ལགས་སུ་ནམ་ཡང་མཇལ་ཐབས་མེད་པའི་དྲན་སྐུལ་གཏོང་བཞིན་འདུག ངས་ཨ་མ་ལགས་ང་དང་གཏན་དུ་བྲལ་ཟིན་པ་འདི་ལ་གཡོལ་ཐབས་ཤིག་རྙེད་ཀྱིན་མི་འདུག
ང་ཆུང་དུས་སུ། ཨ་མ་ཁོ་ན་འགྲན་ཟླ་བྲལ་བའི་དཔའ་བོ་ཞིག་གི་ཚད་ལ་བཞག་ཡོད་པས། ཨ་མ་ཡོད་ས་ནས་ང་སུ་ལའང་སྐྲག་མི་དགོས་བསམ་ཡོད་ལ། ཨ་མས་སེལ་མི་ཐུབ་པའི་དཀའ་ཁག་ཞིག་གཏད་ནས་མེད་པར་ཡིད་ཆེས་བྱས་ཡོད། དེ་ནི་བྱིས་པ་ཡོང་ཚད་ཀྱས་ཨ་མར་བཟུང་བའི་ཡིད་ཆེས་ཡིན་ངེས་མོད། ང་རང་ནར་སོན་དུས་ཀྱང་། ཨ་མས་ང་གང་དུའང་འཚོལ་ནས་ཡོང་ཐུབ་པའི་ཡིད་ཆེས་དེ་དོར་མ་མྱོང་།
དོན་དངོས་ཐོག་ཁོང་ནི་ཞིང་གྲོང་ནས་འཚར་ལོང་བྱུང་བའི་ཧ་ཅང་སྤྱིར་བཏང་གི་བུད་མེད་ཅིག་ཡིན་པ་ལས། དཔའ་བོ་དང་མཁས་དབང་། ཡང་ན་ཕྱུག་བདག་སོགས་གང་ཡང་མིན་ན་ཡང་། ངས་ཁོང་ལ་བཅངས་པའི་རེ་བ་དང་ཡིད་ཆེས་གཅིག་ཀྱང་སྟོང་ཟད་དུ་གཏོང་མ་མྱོང་། ལོ་ཤས་སྔོན་དུ། ངའི་ཨ་མས་རྒྱ་གར་དུ་ང་བཙལ་ནས་སླེབས་མྱོང་། ཨ་མ་ལགས་ངེད་མིང་སྲིང་ཚོ་དང་ཚ་བུ་ཚ་མོ་ཐམས་ཅད་ཀྱི་རྒྱབ་རི་མཐོན་པོ་ཡིན།
དེ་རིང་གཅེན་མོས་བཤད་རྒྱུར། ཁ་སང་རང་ལོ་བཅུ་གཉིས་ཅན་གྱི་ངའི་ཚ་མོ་ཉིན་གང་བོར་ངུ་ཁག་མ་ལོན་ནས་དཀའ་ཐལ་ཟེར། རྒྱུ་མཚན་ཨ་མ་ལགས་འདས་རྗེས་ངའི་ཚ་མོར་གསོག་དངུལ་དག་བཅོལ་ས་མེད་སོང་བས་རེད་ཟེར། དོན་དངོས་ཐོག་ངའི་ཚ་མོའི་སེམས་ཀྱི་རྒྱབ་རི་འགྱེལ་སོང་བ་རེད་ལ། ཡིད་ཆེས་བྱེད་སའི་སེམས་རྟེན་ཞིག་མེད་སོང་བ་རེད། ངས་ཚ་མོ་སྙིང་ལ་ཐོགས་བཞིན་རང་ཉིད་ཀྱང་དེ་བཞིན་ཡིན་པའི་གདུང་བ་ཞིག་གིས་མུད་པ་བརྣང་ནས་ཡོང་མོད། ངས་ད་དུང་ཡང་ཨ་མ་ལགས་མེད་པར་ཡིད་ཆེས་བྱེད་མི་འདོད།
འོན་ཀྱང་། ཉིན་འདི་དག་རིང་ཐ་ན་ངའི་རྨི་ལམ་ནང་དུ་ཡང་། ཨ་མ་དང་ངེད་གཉིས་དབར་ལ་བར་ཐག་ཞིག་གིས། ང་ཁོང་གི་མཁྲིས་སུ་སླེབས་མི་ཐུབ་པ་མ་ཟད། ཁོང་གིས་བཤད་པའི་སྐད་ཆ་ཡང་གསལ་བོ་མ་རེད། འདི་ལྟར་གཉིད་སད་ཐེངས་རེར་ངས་རང་ཉིད་ལ་ཡོད་ཚད་རྨི་ལམ་རེད་ཅེས་བཤད་ན་འདོད་ཀྱང་། སྟོང་ལྷང་ལྷིང་གི་ཚོར་བ་ཞིག་གིས། ངའི་དོན་ལྔ་སྣོད་དྲུག་གཙེས་ནས་ཡོང་བ་འདིས། ང་དོན་དངོས་འདི་ལ་གཡོལ་ཐབས་མེད་པ་ར་སྤྲོད་བྱེད་ཀྱིན་འདུག འདི་ལྟར་མཚན་མོ་གཉིད་མི་ཁུག་ཞིང་། ཉིན་མོར་སེམས་མི་ནོན་པའི་གདུང་བ་འདི་ཡི་གེར་འབྲི་མི་ཤེས་པ་མ་ཟད། སུ་ལ་ཡང་བཤད་འདོད་ཀྱང་མི་འདུག་པས། ངས་རེ་ཞིག་ཨ་མ་ལགས་ཀྱི་སྐོར་འབྲི་བར་གཡོལ་ཐབས་བྱས་པ་ཡིན། འོན་ཀྱང་། ངའི་སྐད་ཆ་ཡོད་ཚད་ཨ་མ་ལགས་དང་འབྲེལ་ནས་ཡོང་བ་མ་ཟད། འདས་ཟིན་པའི་ལོ་རྒྱུས་དང་། བྱིས་དུས་ཀྱི་བསམ་བློ། ལག་ཆགས་དུས་ཀྱི་གོ་རིམ་སོགས་ཡོད་ཚད་ཀྱི་ཡོད་ཚད། ཨ་མའི་བསླབ་བྱ་དང་ལམ་སྟོན། ཨ་མས་སྤྲད་པའི་ལག་རྟགས་དང་ཨ་མས་བཤད་པའི་གཏམ་རྒྱུད་སོགས། ངའི་ཡོད་ཚད་ཨ་མ་དང་འབྲེལ་འདུག་པས། ང་དོན དངོས་འདི་ལ་གཏད་ནས་གཡོལ་ས་མེད་པ་ཡང་ཉིན་རེ་བཞིན་ཇེ་གསལ་རེད།
ལོ་ངོ་ཉེར་གསུམ་གྱི་རིང་ངའི་སེམས་སུ་ང་ལ་ད་དུང་ཕ་ཡུལ་དང་རང་ཁྱིམ་ཞིག་ཡོད་སྙམ་ནས། ས་མཐའི་འཚོ་བ་ལ་ནམ་ཞིག་བདེ་མོ་འཇོག་དགོས་པའི་སེམས་ཀྱི་འཆར་གཞི་དེ་ཡང་གློད་མ་མྱོང་མོད། འོན་ཀྱང་ཨ་མས་འཇིག་རྟེན་ལ་བདེ་མོ་བཞགས་པ་ནས། ང་ལ་རང་ཁྱིམ་ཞེས་ལོག་ས་ཞིག་ཡོད་ཀྱང་། ས་དེར་ངའི་སེམས་ཀྱི་ཁྱིམ་ཚང་ཞིག་བོར་སོང་བ་ལས། ཨ་མ་ཡོད་དུས་ཀྱི་དྲོད་ཁོལ་དང་ཁྱིམ་ཀྱི་ཚོར་བ་དེ་ཡོད་སྲིད་དམ་སྙམ་ན། རང་ཉིད་འཇིག་རྟེན་ནས་ཁེར་རྐྱང་དུ་ལྷག་སོང་བའི་ཚོར་བ་ཞིག་གིས་ཤུགས་ཀྱིས་གཙེས་ནས་ཡོང་ན་ཡང་། ན་ཟུག་ཞེས་བཤད་ནས་ཡོང་རྒྱུ་མེད་ལ། སྡུག་གི་ཞེས་གླེང་ཡང་སེལ་ཐབས་མེད་པས། ལས་དབང་སྐྱ་མོ་ཞིག་གི་སྤྲིན་པ་སེམས་སུ་འཐིབ་དུས། རང་སེམས་སྟོན་ས་རང་ཉིད་དང་སྐྱབས་རེ་ས་བླ་མ་ཁོ་ན་ཡིན་སྙམ་ཚེ། རང་ཉིད་ལ་སེམས་གསོ་གཏོང་བའི་སྐད་ཆ་ཡག་ཤོས་དེ་ནི། འཇིག་རྟེན་གྱི་མི་ཐམས་ཅད་འདི་ཡི་རང་བཞིན་ཡིན་པས། སྡུག་ལ་ཐིམས་པ་ང་རང་གཅིག་པུ་མིན་ལ། ཁེར་རྐྱང་དུ་ལྷག་སོང་བ་ཡང་ང་གཅིག་པུ་མ་རེད་བསམ་པ་དེ་རེད།
འོན་ཀྱང་ངས་ད་དུང་དང་ལེན་བྱེད་མི་ཐུབ་པ་ནི། ངའི་ཨ་མས་ངོ་མ་འཇིག་རྟེན་ལ་མཐའ་མཇུག་གི་བདེ་མོ་བཞགས་ཟིན་པ་དེ་རེད།
༡༠/༠༢/༢༠༢༢