Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རི་བ་བླ་མ་དཀར་པོ་ཞེས་པའི་དཔེ་དེབ་བཀླག་པའི་འཆར་སྣང་།

Posted on 2021-07-20 By ཁ་བརྡ 1 Comment on ཨ་རི་བ་བླ་མ་དཀར་པོ་ཞེས་པའི་དཔེ་དེབ་བཀླག་པའི་འཆར་སྣང་།

མ་སངས་བརྩོན་འགྲུས་ནས།

༄༅།། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཏེ། ཕྱི་ཟླ་ ༧ ཚེས་ ༦ ཉིན་གྱི་དུས་བཟང་དེར་རྩོམ་པ་པོ་ཨ་ལགས་རྗེ་སྤྲུལ་ལགས་ཀྱིས་བརྩམས་པ་ཨ་རི་བ་བླ་མ་དཀར་པོ་ཞེས་པའི་དཔེ་དེབ། ཀིརྟིའི་བྱེས་པ་གྲྭ་ཚང་གིས་༸སྐུའི་འཁྲུངས་སྐར་གྱི་སྲུང་བརྩི་ཞུས་གྲུབ་རྗེས། སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་ཀིརྟིའི་དགེ་རྩ་ཚོགས་པའི་གཞན་ཕན་ཞི་བདེའི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་རྩོམ་པ་པོ་དང་ཉམས་ཞིབ་པ་ཤེས་རབ་དར་རྒྱས་ལགས་དང་། ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་རྩོམ་རིག་འགན་འཛིན་ཟུར་པ་རྩོམ་པ་པོ་སྒ་རུ་ཁ་སེངྒེ་ལགས། ཀིརྟིའི་དགེ་རྩ་ཚོགས་པའི་སྤྱི་ཁྱབ་རྒྱུན་ལས་རྣམ་པ། ཀིརྟིའི་བྱེས་པ་གྲྭ་ཚང་གི་ལས་སྣེ་དང་དགེ་རྒན་ཁག་གཅིག དོ་སྣང་ཅན་གྱི་སློབ་གཉེར་བ་དང་གསར་འགོད་པ་སོགས་འཛོམས་པའི་དབུས་དབུ་འབྱེད་གནང་།

རྩོམ་པ་པོ་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ཀྱིས། ཨ་རི་བ་བླ་མ་དཀར་པོ་ཞེས་པའི་དཔེ་དེབ་དེ་བརྩོམ་པའི་དགོས་དམིགས་ཏེ་ང་ཚོ་བོད་གཞིས་བྱེས་གཉིས་སུ་གྱེས་པའི་སྐབས་དེ་ལ། བཙན་བྱོལ་ལ་ཡོད་པའི་ལོ་རྒྱུས་ཉམས་ཞིབ་པ་དང་། རྩོམ་པ་པོ་རྣམས་ཀྱིས་བོད་ནང་ནས་བལྟ་ཀློག་མི་ཐུབ་པའི་རིགས་མང་པོ་ང་ཚོ་འདི་ནས་མཁོ་སྒྲུབ་བྱེད་ཐུབ་པ། འདས་པའི་ལོ་རྒྱུས་ནང་ཆད་པ་དང་། ཁ་མ་གསལ་བ་དག་ཉམས་ཞིབ་གནང་དགོས་པ་དང་། བོད་མི་རིགས་ཀྱི་ལོ་རྒྱུས་སོགས་གལ་ཆེན་གྱི་རྒྱུ་ཆ་ཁག་གཅིག་དང་། དེ་འབྲེལ་བོད་ཀྱི་དངོས་ཡོད་གནས་སྟངས་ཤེས་ཐབས་ལ་ཕན་པའི་རྒྱུ་ཆ་སོགས་ལོ་རྒྱུས་གང་མང་ལ་བལྟ་དགོས་པ་དང་། འཚོལ་སྒྲུབ་གནང་དགོས་པ་གལ་ཆེན་ཡིན་པ་མང་དུ་བཤད་མ་དགོས་པར་དཔེ་དེབ་འདི་ལ་བལྟས་ན་གསལ་པོར་མཁྱེན་ཚུལ་སོགས་གསུངས།

རྩོམ་སྒྲིག་པ་སྒ་རུ་ཁ་སེངྒེ་ལགས་ཀྱིས། ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ཀྱིས་དཔེ་དེབ་འདི་ཐོག་མར་ཞུ་དག་ཅིག་བྱེད་རོགས་གསུངས་པ་དང་འབྲེལ། དེབ་འདིའི་བརྗོད་བྱ་རྗོད་བྱེད་དང་ནང་དོན་འབྲི་སྟངས་སོགས་ཧ་ཅང་ལེགས་ཚུལ་ལས་འཕྲོས་ཏེ་གླེང་མོལ་གནང་།

སྐུ་མགྲོན་གཙོ་བོ་རྩོམ་པ་པོ་དང་ཉམས་ཞིབ་པ་ཤེས་རབ་དར་རྒྱས་ལགས་ནས། དེ་རིང་འདིར་རྩོམ་པ་པོ་དང་དགེ་རྒན་དང་ཤེས་ཡོན་པ་ཁ་ཤས་ཤིག་ཕེབས་འདུག སྔོན་མ་ཕྱི་ལོ་ ༡༩༨༠ དང་ ༡༩༩༠ ནང་བཙན་བྱོལ་ནང་གི་རྩོམ་རིག་ཐད་མི་མང་པོ་ལ་བསམ་ཚུལ་ཡོད་པ། བཙན་བྱོལ་ནང་རྩོམ་པ་པོ་རྒན་གྲས་ཁག་ཡོད་པ་རེད། རིམ་པས་འགྱུར་བ་སོང་ནས་བརྩམས་ཆོས་ཀྱི་རྣམ་པ་དང་སྤུས་ཀ་ལ་ཡང་འགྱུར་བ་སོང་བ་རེད། རྩོམ་པ་པོ་རྒན་པ་ཁག་གིས་བརྩམས་ཆོས་མང་པོ་མཇལ་དུ་མེད་པ་དེ་འདྲའི་གནས་སྟངས་བྱུང་བ། རྩོམ་པ་པོ་དང་ཉམས་ཞིབ་པ་གསར་པ་མང་པོ་ཕེབས། རྩོམ་ཡིག་གི་སྤུས་ཀ་རེད། གང་སྤྱིའི་ཐོག་གནའ་སྔ་མོ་ལས་འཐུས་སྒོ་ཚང་བ་ཡོད་པ་རེད། དེ་འདྲ་ཡོང་དགོས་པའི་རྒྱུ་མཚན་ཡང་སྔོན་མ་བརྩམས་གནང་བའི་བརྩམ་ཆོས་རྣམས་རྨང་གཞིར་བྱས་ནས་ཡར་རྒྱས་ཡོང་བ་རེད། སྔོན་མ་རྣམས་ལས་ཕྱི་མ་རྣམས་འཐུས་སྒོ་ཚང་བ་དང་རྣམ་པ་མ་འདྲ་བ་རེ་ཡོད་པ་དེ་ཆོས་ཉིད་ཅིག་རེད། དེའི་ཁྲོད་ཀྱི་རྩོམ་པ་པོ་གཅིག་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ཚང་རེད། ཨ་ལགས་ཀྱི་བརྩམས་ཆོས་ལ་རྣམ་པ་མ་འདྲ་བ་དང་དམིགས་བསལ་ཁྱད་ཆོས་ཡོད་པ། རྩོམ་པ་པོ་གཞོན་སྐྱེས་ཤིག་ལ་སོ་སོའི་ངོས་ནས་རྒྱབ་སྐྱོར་མཚོན་ཆེད་དང་། མུ་མཐུད་ཡག་པོ་ཡོང་བར་ཕན་ཐོགས་ཡོང་གི་རེད་བསམས་ནས་འདིར་བཅར་བ་ཡིན། རྒྱུ་མཚན་གཅིག བཙན་བྱོལ་ནང་ལ་བོད་ཡིག་གི་བརྩམ་ཆོས་ཕྱི་ལོགས་ལ་ཐོན་ཡོང་དུས་ཀིརྟིའི་བྱེས་པ་གྲྭ་ཚང་དེ་བོད་ཀྱི་བརྩམ་ཆོས་ཀློག་མཁན་མང་ཤོས་ཤིག་རེད། རྩོམ་པ་པོ་ཞིག་ལ་མཚོན་ནས་བཤད་ན་དེ་གལ་ཆེན་པོར་ཆགས་ཡོད་ཚུལ་སོགས་དང་།

ཉེ་ཆར་ཨ་ལགས་ཀྱིས་ཨ་རི་བ་བླ་མ་དཀར་པོ་ཞེས་པའི་དེབ་གནང་དུས་མགོ་ནས་མཇུག་བར་ཆ་ཚང་ཞིག་བཀླགས་པ་ཡིན། དེའི་ནང་བསམ་ཚུལ་མང་པོ་འདུག ངས་ཆེད་དུ་ལས་ཀ་དང་འབྲེལ་བ་ཡོད་པ་སྔོན་མ་ཧ་མ་གོ་བ་དེ་འདྲ་རིགས་ཤིག་ཡོད་པ་སོགས་ཀྱིས་འདིའི་ཐོག་རྩོམ་ཡིག་ཅིག་ཀྱང་བྲིས་ཡོད། དེ་དྲ་ཐོག་ནས་འགྲེམས་སྤེལ་བྱེད་འཆར་ཡོད་པ་སོགས་དང་།

ང་ཚོས་བརྩམས་ཆོས་ཤིག་ཐོན་ཡོང་དུས་དེ་ལ་རྩོམ་རིག་གི་ངོས་ནས་བལྟ་སྟངས་དང་། བརྩམས་ཆོས་ཀྱི་ངོས་ནས་བལྟ་སྟངས་གཉིས་ཡོད་པ་ལས་དེབ་འདི་བརྩམས་ཆོས་ཟིན་ཐོའི་ཁོངས་སུ་གཏོགས། འདི་ཧ་ཅང་དམིགས་བསལ་བ་ཞིག་རེད། སྤྱིར་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་བརྩམས་ཆོས་ཟིན་ཐོ་མ་བྱུང་བ་མ་རེད་དེ། འདི་ལྟ་བུ་ཞིག་ཕལ་ཆེར་མ་བྱུང་བ་འདྲ་སྟེ་བདག་གིས་ནི་མ་མཐོང། ཨ་རི་བ་བླ་མ་དཀར་པོ་བཀླག་ན་དབྱིན་སྐད་དུ་བྲིས་པའི་བརྩམ་ཆོས་དུ་མ་ཀློག་པའི་ཞོར་དུ་ལོ་རྒྱུས་ཤིག་གི་མགོ་མཇུག་བར་གསུམ་ཞིབ་ཏུ་ཀློག་བཞིན་པའི་སྣང་བ་ཞིག་འགོག་མེད་དུ་སྟེར། དེ་ནི་ཨ་རི་བ་བླ་མ་དཀར་པོ་ཞེས་པའི་བརྩམས་ཆོས་ཀྱིས་འུ་ཅག་ལ་གནང་བའི་ལེགས་སྐྱེས་ངོ་མ་དེ་རེད་ལ། བརྩམས་ཆོས་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་ཞིག་ཀྱང་དེ་རེད་སྙམ་པ་སོགས་གསུངས། དེ་རྗེས་རྩོམ་པ་པོས་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ།

ཕྲན་གྱིས་ཨ་ལགས་རྗེ་སྤྲུལ་ཚང་གི་བརྩམས་ཆོས་ཨ་རི་བ་བླ་བ་དཀར་པོ་ཞེས་པའི་དཔེ་དེབ་དེ་བླུས་ནས་རྡ་ཤོད་ཇ་ཁང་ཞིག་ཏུ་དཔེ་དེབ་ཀྱི་ཁ་བྱང་དང་། དཀར་ཆག་སོགས་བམ་ཀློག་ཅིག་བྱས་པར་གང་མགྱོགས་ཀློག་འདོད་ཀྱིི་ཚོར་བ་ཞིག་ངང་གིས་བྱུང་། ཉིན་རྒྱབ་ཆུ་ཚོད་ ༢ ཙམ་ནས་དཔེ་དེབ་ཅིག་གློ་བུར་དུ་ཉོས་ཞེས་པ་ནས་འགོ་བཟུང་སྟེ་བཀླག

ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༧ ཉིན་དེར་བལ་ཡུལ་ཐཱ་མིལ་ཁྲོམ་གཞུང་གི་དཔེ་ཚོང་ཁང་ཞིག་ནས་བླ་མ་དཀར་པོ་ཞེས་པའི་དཔེ་དེབ་ཅིག་མཐོང་བ་དང་དེའི་མིང་ལ་བལྟས་ཏེ་བལ་སྒོར་ཆིག་སྟོང་བཞི་བརྒྱ་བདུན་སྤྲད་དེ་ཉོས། དེ་ནི་འུ་ཅག་བོད་པ་ནང་ཆོས་ལ་གཙིགས་སུ་འཛིན་མཁན་ཞིག་གིས་ངོས་ནས་བལྟས་ན་བླ་མ་ཞེས་པའི་ཚིག་འདི་ཧ་ཅང་རིན་ཐང་དང་གཙིགས་ཆེན་འཛིན། དེའི་ཕྱིར་བླ་མ་དཀར་པོ་ཞེས་པ་ཡ་མཚན་པོ་འདྲ་ཞིག་རེད། དཔེ་དེབ་དེ་བཀླག་པའི་ཁྲོད་སྐབས་དེའི་བོད་ཀྱི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་སྟངས་ཐད་གནད་འགག་ཅན་དུ་བརྩི་རུང་བ་གང་མང་ཞིག་དེའི་ནང་གསལ་པོར་བྲིས་འདུག

དཔེར་ན། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཨ་རིར་འགྲོ་རྩིས་བྱས་པ་སོགས་ཀྱི་གནས་སྟངས་བོད་ཀྱི་སྤྱི་ཚོགས་ནང་བསམ་ཚུལ་འདྲ་མིན་ཞིག་གླེང་རྒྱུ་ཡོད་པ་ལྟར། དངོས་ཡོད་དེའི་རྒྱབ་ལྗོོངས་ཀྱི་ལོ་རྒྱུས་ཞིབ་ཚགས་ཨ་ལགས་རྗེ་སྤྲུལ་གྱི་དཔེ་དེབ་ནང་བྲིས་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༡༩༣༧ ལོར་ཨ་རི་བ་ཐིའུ་སི་བྷེ་ཎེ་ཌེ་ཞེས་པ་བོད་དུ་གསང་སྔགས་དང་འབྲེལ་བའི་ཆོས་ཚན་འཚོལ་བར་འགྲོ་མཁན་ཞིག་ལ་བོད་ཀྱི་རྒྱལ་ཚབ་ཅིག་གིས་མཐོང་ཆེན་འདི་འདྲ་གནང་དགོས་པ་དཔེ་དེབ་འདི་ཀློག་གིན་དེ་ལ་བསམ་བློ་ཡང་ཡང་འཁོར་བ་ཞིག་རེད།

ཐིའུ་སི་བྷེ་ཎེ་ཌེ་ཁོང་ཨ་རི་ནས་རྒྱ་གར་ལ་ཡོང་བ་དང་དེའི་དགོས་དོན། རྒྱ་གར་ནས་བོད་བརྒྱུད་ནང་བསྟན་ལ་དོ་སྣང་སླེབས་ཚུལ། འབྲས་ལྗོངས་ནས་རྒྱལ་རྩེའི་བར་གྱི་འགྲུལ་བཞུད། རྒྱལ་རྩེ་ནས་ལྷ་སར་ལམ་ཡིག་ཞུས་པའི་བརྒྱུད་རིམ། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེར་སྔ་ཕྱི་ལན་གསུམ་མཇལ་བཅར་ཞུས་པའི་སྐོར། དེ་བཞིན་བོད་ཀྱི་བཀའ་བློན་རྣམ་པ་དང་། སེ་འབྲས་དགེ་གསུམ་ནས་ཁོང་ལ་སྣེ་ལེན་དང་མཐུན་རྐྱེན་སྦྱར་ཚུལ། དགའ་ལྡན་ཁྲི་རིན་པོ་ཆེ་སོགས་ཀྱི་མདུན་ནས་དབང་ལུང་ཁྲིད་གསུམ་ཞུས་པ་དང་། སློབ་གཉེར་བྱས་ཚུལ་སོགས་ཧ་ཅང་གི་ཡ་མཚན་པ་ཞིག་རེད།

བོད་རྒྱལ་ཁབ་ཀྱི་དབང་ཤུགས་དང་ནུས་སྟོབས་གང་ཡིན་ཡང་སྲ་བརྟན་གྱི་སྐབས་དེར་ཨ་རི་བ་ཞིག་ལ་འདི་འདྲ་མཐོང་ཆ་འཇོག་བྱེད་དགོས་པ་དེ་གང་ཡིན། བོད་ཀྱི་སྲིད་ཕྱོགས་ནས་སྐབས་དེར་བླ་ན་མེད་པ་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེར་ལན་གསུམ་མཇལ་བཅར་ཞུས་པ་དང་། ད་དུང་ཁོང་གི་ཧམ་པ་ཆེན་པོའི་འདོད་པ་གང་ཡོད་ལ་རོགས་པ་གནང་བ་དང་། གདན་ས་སེ་འབྲས་དགེ་གསུམ་དང་དགེ་ལྡན་ཁྲི་རིན་པོ་ཆེ་སོགས་ཀྱི་མདུན་ནས་དབང་ལུང་ཁྲིད་བཅས་ཞུས་པ་སོགས་ལ་བལྟས་ན། སྐབས་དེ་དུས་བོད་ཀྱི་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་ཨ་རིའི་སྲིད་འཛིན་རཱོ་སཱ་ཝཌ་ལ་འཚམས་ཞུའི་ཕྱག་ཡིག་ཅིག་ཐིའུ་སི་བྷེ་ཎེ་ཌེ་ཁོང་གི་ལག་ཏུ་བསྐུར་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་གལ་ཆེན་དང་། མཐའ་མར་ཁོང་གིས་ཕུལ་མ་ཐུབ་པ་དེར་ཕངས་སེམས་ཤོར་བའི་གནས་སྟངས་གང་མང་ཞིག་ཡོད་པ་བརྗོད་མ་དགོས་པ་ཞིག་རེད།

ཁོང་ཚོ་གཞིས་ཀ་རྩེ་ནས་ས་སྐྱར་འབྱོར་རྗེས་ཐིའུ་སི་ལ་རོགས་བྱས་ནས་ཚ་རོང་དགྲ་འདུལ་གྱིས་ས་སྐྱ་༸གོང་མར་ཕུལ་བའི་ཕྱག་ཡིག་དེ། འབྲེལ་ཡོད་མི་སྣར་བསྟན་རྗེས་ས་སྐྱ་༸གོང་མའི་ཕོ་བྲང་ནས་བསུ་མ་སླེབས་པ་དང་ཅུང་མ་འགོར་བར་ས་སྐྱ་༸གོང་མར་མཇལ་ཁའི་བཀོད་སྒྲིག་དང་སྡོད་གནས་ཀྱང་ཕོ་བྲང་ནང་དུ་གྲ་སྒྲིག་བྱས་པ། འདུ་ཁང་ནང་དང་དཔེ་མཛོད་ཆེན་མོར་ལྟ་སྐོར་ལ་འཁྲིད་སྐབས་དཔེ་མཛོད་ཁང་དེར། ལྷ་ཁང་ཞིག་གི་མཆོད་ཁྲི་དང་། ལྷ་རྟེན་ཁག་གི་ཟུར་ནས་གསང་སྒོ་ཞིག་བརྒྱུད་དེ་འགྲོ་དགོས་སྐོར་དང་། དེའི་རྒྱ་ཁྱོན་ཆེ་ཞིང་། པོ་ཏི་རྣམས་རི་ལྟར་བརྩིགས་ནས་ཁང་པའི་ཀླད་ལ་ཐུག་པ་སོགས་ལ་ཐིའུ་སི་དངོས་གནས་ཧང་སང་འདུག སྐབས་དེ་དུས་བོད་ཀྱི་ས་སྐྱ་དགོན་པ་གཅིག་པུ་ལ་མཚོན་ན་འདི་ལྟར་རིན་ཐང་བྲལ་བའི་དཔེ་ཆ་བྲག་རི་ལྟར་བརྩིགས་པ། མི་རིགས་གཞན་གྱིས་མཐོང་ན་ཧང་སང་བའི་གནས་སྟངས་འདི་རིགས་རྒྱའི་དམག་དཔུང་གིས་བོད་བཙན་བཟུང་བྱས་ཏེ་ཐམས་ཅད་མེར་བསྲེག་དང་། སྐུ་གསུང་ཐུགས་རྟེན་ཆུ་ལ་གཡུག་པ་སོགས་འདས་པའི་ལོ་རྒྱུས་དག་ལས་ཤེས་དགོས་པ་ཞིག་རེད།

ས་སྐྱ་༸གོང་མ་རིན་པོ་ཆེས་ཨ་རིའི་སྲིད་འཛིན་མཆོག་ལ་ཐིའུ་སི་ཡིས་ཨ་རིར་རྒྱལ་བསྟན་སྤེལ་བར་སྲིད་འཛིན་དང་གཞུང་ངོས་ནས་ཁོང་ལ་རྒྱབ་སྐྱོར་དང་མཐུན་རྐྱེན་ཐོབ་ཆེན་ཨ་རིའི་སྲིད་འཛིན་ལ་ཕྱག་ཡིག་ཅིག་གཏང་གི་ཡིན་གསུངས་ནས། ཡིག་མཁན་གྱིས་ཁོང་གིས་གསུངས་པ་ལྟར་དབྱིན་ཡིག་ཏུ་བྲིས་ཏེ་ས་སྐྱ་༸གོང་མ་ཕུན་ཚོགས་ཕོ་བྲང་གི་དམ་ཕྲུག་དམར་པོ་བརྒྱབས་ནས། ཐིའུ་སིར་ཨ་རིའི་སྲིད་འཛིན་གྱི་ཕྱག་ཏུ་དངོས་སུ་འབུལ་དགོས་ཞེས་གསུངས།

འདི་ལྟར་བལྟས་ན་བོད་མི་རིགས་འདི་ལོ་རྒྱུས་ཐོག་ནས་རྒྱལ་ཁབ་རང་བཙན་པ་ཞིག་ཡིན་པར་ངོས་འཛིན་གནང་མ་ཐུབ་པ་འདི་གང་ཡིན་ནམ། སྐབས་དེའི་བོད་ཀྱི་གནས་སྟངས་ནི་བོད་ཀྱི་རྒྱལ་ཚབ་ཁྲིར་བཞུགས་ཀྱིས་བཀའི་བློན་པོ་སོགས་ཡོད་པས། རྒྱལ་ཁབ་རང་བཙན་པ་ཞིག་གི་གནས་སྟངས་འདི་གསལ་པོར་བསྟན་ཡོད། བོད་ཀྱི་རྒྱལ་ཚབ་དང་། ཆོས་བརྒྱུད་ཀྱི་བླ་ཆེན་ཞིག་གིས་རྒྱལ་ཁབ་ཅིག་དང་འདྲ་མཚུངས་ཀྱི་ཐོག་ནས་ཕྱག་ཡིག་བསྐུར་བས་མཚོན། ཕན་ཚུན་རྒྱལ་མཚམས་བརྒལ་ནས་འགྲོ་དགོས་ན། ལམ་བར་གྱི་མཐོང་མཆན་བོད་རང་ལ་ཞུ་དགོས་པ་སོགས་གསལ་པོ་རེད།

ད་དུང་ཐིའུ་སིས་མ་འོངས་པར་ཨ་རིར་རྒྱལ་བསྟན་སྤེལ་ཐུབ་པར་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་ཐུགས་ཁུར་ཆེན་པོ་གནང་མུས་ཐོག་གེགས་བར་ཆད་མི་འབྱུང་བ་དང་། མི་མ་ཡིན་གྱི་གནོད་པ་སོགས་ལས་བཟློག་སླད་སེ་ར་དགོན་པར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་སེ་རའི་སྲུང་འཁོར་ཞེས་པ་ཞིག་ཡོད་པ་དེ་གྲངས་ཁ་ཤས་ཤིག་པར་བསྐྲུན་བྱེད་དགོས་པར་བཀའ་བཏང་འདུག སྲུང་འཁོར་དེ་ནི་ཧ་ཅང་དཀོན་པར་མ་ཟད་རྒྱ་བོད་ཧོར་གསུམ་ལ་གྲགས་པ་ཆེ། རྒྱ་ཧོར་དུ་རིན་གོང་ཧ་ཅང་ཆེན་པོ་སྤྲད་ནས་ཉོ་དགོས་པ་ཞིག་ཀྱང་ཡིན་འདུག། བོད་ཀྱི་རྒྱལ་ཚབ་ཀྱིས་བཀའ་བཏང་ནས་པར་བསྐྲུན་བྱས་ཏེ་ཁོང་ལ་གནང་བ་སོགས་འདི་ལྟར་རྒྱལ་བསྟན་ལ་གཙིགས་འཛིན་ཆེ་བར་གནང་བ་མཐོང་ཐུབ།

རྒྱལ་ཚབ་ཁོང་གིས་མ་འོངས་སྔོན་གཟིགས་ཀྱིས་ལམ་སྟོན་གནང་འདུག་ཟེར་ན་ཡང་དོན་ལ་གནས་པ་ཞིག་རེད་འདོད། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་ནས་བཀའ་བསྟན་གྱིས་མཚོན་དཔེ་ཆ་རྣམས་མཁོ་སྒྲུབ་ལ་ཐུགས་སྣང་དང་ལམ་སྟོན་གནང་བ།

ཐིའུ་སི་གཅིག་པུས་ནུབ་ཕྱོགས་སུ་བོད་ཀྱི་བཀའ་བསྟན་གྱི་དཔེ་ཆ་དང་སྲུང་འཁོར་བཅས་བོད་ཀྱི་སྐུ་ཚབ་ལྟ་བུའི་ངང་ནས་དར་སྤེལ་བྱེད་པར་ཐུགས་རེ་གནང་བ་ནི། ཧ་ཅང་རིན་ཐང་ལྡན་པ་ཞིག་ཡིན་པར་བརྗོད་ཆོག དུས་ཕྱིས་སུ་ནུབ་ཕྱོགས་པས་ཐིའུ་སི་ནི་བོད་ཀྱིས་ཨ་རིར་བཏང་བའི་བོད་ཀྱི་སྐུ་ཚབ་ཡིན་ཞེས་བཤད་སྲོལ་དར་ཡོད་པ་འདི་དོན་ལ་གནས་པའི་གཏམ་ཞིག་ཀྱང་རེད་སྙམ།

འོན་ཀྱང་ཐིའུ་སིས་ནུབ་ཕྱོགས་སུ་རྒྱལ་བསྟན་སྤེལ་ཐབས་མ་བྱས་པའི་སྔོན་ནས་ནང་བསྟན་ཨ་རིར་དར་སྤེལ་ཡོང་ཐབས་ལ་འབད་པ། དཔེར་ན། རྒྱལ་བསྟན་ཡུལ་གྲུ་སོ་སོར་དར་ཚུལ་ཞེས་པ་ལས། ཕྱིས་སུ་ཨ་མི་རི་ཁར་ནང་པའི་བསྟན་པ་དར་ཚུལ་གྱི་ལོ་རྒྱུས་རགས་བསྡུས་ཤིག་ཁྱོད་ཀྱིས་ཤེས་སམ་ཞེས་པའི་ནང་། དེ་ཡང་ཨ་མེ་རི་ཀས་ནང་པའི་ཆོས་ལུགས་ལ་ཞིབ་འཇུག་བྱེད་པའི་དུས་རྒྱལ་ཁབ་གཞན་ལ་བལྟས་ན་ཅུང་ཟད་འགོར་ལ། རབ་བྱུང་བཅོ་ལྔ་པའི་ལྕགས་ཡོས། ཕྱིི་ལོ་ ༡༨༩༡ ལོ་ཡས་མས་སུ་ཧཱ་ཧྥི་སློབ་གྲྭ་ཆེན་མོས་རྩོམ་སྒྲིག་གནང་བའི་ཤར་པྱོགས་ཀྱི་དཔེ་ཚོགས་ཞེས་པ་པར་སྐྲུན་མཛད། འདི་ཉིད་ཀྱི་དབུ་འཛིན་( C . R . )ལཱན་མཱན་བྱ་བ་ལེགས་སྦྱར་དང་སྤྱིར་ཧིན་རྡུ་རིག་པའི་ཕྱོགས་ལ་མཁས་པའི་སྙན་པ་ཆེ་ཞིང་། ཁོང་ཧིན་རྡུ་ཕྱོགས་སུ་ཕེབས་ཏེ་ནང་པའི་ཆོས་ལུགས་ལ་ཞིབ་འཇུག་དང་ལེགས་སྦྱར་སྐད་དུ་བྲིས་པའི་རྒྱལ་བའི་གསུང་རབ་འཚོལ་བསྡུ་བྱས་མྱོང་བ་དང་། ལེགས་སྦྱར་ཀློག་དེབ་ཅེས་པ་ཞིག་ཀྱང་པར་དུ་བཀྲམ་པས་གྲགས་པ་ཤིན་ཏུ་རྒྱས།

ཆུ་སྦྲུལ། ཕྱི་ལོ་ ༡༨༩༣ ལོར་ཏྲི་ཅཱ་ཀུའི་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཚོགས་པས་དབུ་མཛད་དེ། འཛམ་གླིང་ཆོས་ལུགས་ཚོགས་ཆེན་ཟེར་བ་འཚོགས་སྐབས། ཨ་མེ་རི་ཁས་མཁས་པ་སྐོར་ཞིག་གིས་ཡེ་ཤུ་ཆོས་ལུགས་པས་ངོ་རྒོལ་བགྱིས་པར་མ་གསན་པར་ཡུལ་གྲུ་གཞན་ནས་ཆོས་ལུགས་པའི་དབུ་འཛིན་མང་པོ་ཞིག་གདན་འདྲེན་ཞུས། སྐབས་དེར་ནང་པའི་སྐུ་ཚབ་ཀྱང་དངོས་སུ་ཞུགས་ཏེ་ཤྲི་རི་ལངྐའི་བྱང་ཆུབ་ཆེན་པོའི་ཚོགས་པའི་ཚོགས་མི་བཙུན་པ་དྷརྨ་པཱ་ལ་ཟེར་བས་གསུང་བཤད་གནང་། འདི་དུས་ཤིག་ཏུ་མཁས་དབང་( C. T.) སི་ཐེ་ལོ་སི་ཞེས་འབོད་པ་ནང་པའི་ཆོས་ལ་ཞུགས་པར་མ་ཟད། དེ་ནས་བཟུང་ཨ་མེ་རི་ཁའི་ཡུལ་དུ་ནང་བསྟན་དར་སྤེལ་གྱི་བྱ་འགུལ་མང་པོ་སྤེལ། ཨ་མེ་རི་ཁར་བྱང་ཆུབ་ཆེན་པོའི་ཚོགས་པ་ཟེར་བ་ཞིག་ཀྱང་གསར་དུ་བཙུགས། ཞེས་པ་སོགས་ལ་བལྟས་ན་གསལ་པོར་ཤེས།

གང་ལྟར་ཐིའུ་སིའི་ངོས་ནས་སྐབས་དེའི་བོད་ཀྱི་གནས་སྟངས་ལ་ལྟ་ཚུལ་ནི། བོད་ཀྱི་འཚོ་བ་སྐྱེལ་སྟངས་དང། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་སོགས་བོད་ཀྱི་གནས་བབས་ཧ་ཅང་ལེགས་པོ་ཡོད་པ། འཚོ་བའི་གནས་སྟངས་བཟང་ལ་མགྲོན་པོ་ཞིག་སྣེ་ལེན་བྱས་ན། ཟས་ཚོད་མ་གཅིག་པུ་ལ་སྣ་ཁ་མི་འདྲ་བ་ཉེར་ལྔ་ནས་ལྔ་བཅུ་བར་གྱིས་མགྲོན་བསུ་བྱེད་པ་སོགས། དུས་དེར་བོད་ཀྱི་སྐུ་དྲག་ཚོས་ཁོང་ལ་གསོལ་སྟོན་ཁ་ཤས་བཤམས་པར་ཁོང་ཧང་སང་ཡོད་པ་རེད། བོད་ཀྱི་བཀའ་བློན་ཞབས་པད་རྣམ་པ་བཞི་ཀ་དེང་རབས་ཀྱི་བསམ་བློ་ཅན་དང་། དེའི་གྲས་ནས་བཀའ་བློན་བཀྲས་མཐོང་ནི། བོད་དེ་དེང་རབས་ཅན་དུ་བསྒྱུར་རྒྱུའི་སེམས་ཤུགས་ཆེན་པོ་ཡོད་ཚུལ་དང་། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང་། བཀའ་བློན་རྣམ་པ། དེ་བཞིན་ཚ་རོང་དགྲ་འདུལ་སོོགས་ཀྱིས་ཨ་རིའི་སྐོར་གོ་ཐོས་སྔ་ས་ནས་ཡོད་འདུག། དེའི་རྐྱེན་གཙོ་བོ་ནི་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོ་རྒྱ་ནག་ཏུ་ཕེབས་སྐབས་ཨ་རིའི་གཞུང་ཚབ་རཱོཀ་ཧཱིལ་དང་ཨུ་རུ་སུའི་གཞུང་ཚབ་སོགས་ལ་ཐུག་འཕྲད་བྱུང་བའི་ལོ་རྒྱུས་དང་། ཕྱི་ལོ་ ༡༩༢༨ ལོར་ཨ་རི་བ་ཀཱ་ཌི་དང་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོ་ངོ་ཤེས་ནས་ཨ་རིར་བོད་མི་མ་སླེབས་པའི་སྔོན་དུ་བོད་ཀྱི་ཁྱི་སླེབས་པའི་ཡ་མཚན་གྱི་གནས་ཚུལ་ཡང་འདུག

དཔེ་དེབ་འདིའི་མིང་ལ་བླ་མ་དཀར་པོ་འདོགས་སྟངས་ཐད། ཁོ་རང་གིས་ང་ཀ་ལི་ཀ་ཏ་ནས་གྲུ་གཟིངས་བརྒྱུད་བདུན་གཅིག་སོང་རྗེས་ཟླ་ ༡༡ ཚེས་ ༡༢ ཉིན་དབྱིན་ཡུལ་ལ་འབྱོར་རྗེས་འཚམས་འདྲི་བྱེད་མཁན་གསར་འགོད་པ་སོགས་ལ་ངས་བོད་དུ་གསང་བའི་ཆོ་ག་མཐོང་སོང་བ་དང་། ང་བླ་མ་དཀར་པོ་ཡིན་ཞེས་རང་ཉིད་ཀྱིས་དེ་ལྟར་ངོ་སྤྲོད་གནང་བ་ཞིག་ཡིན་པར་མཐོང་།

ཁོང་རང་ཉིད་ཀྱིས། ཁོང་ལ་བོད་གཞུང་དང་བོད་མི་རྣམས་ཀྱིས་དམིགས་བསལ་དང་། བོད་ཀྱི་གསང་བ་ལོངས་སྤྱོད་བྱས་པའི་རྒྱུ་རྐྱེན་ནི། བོད་མི་ཚོས་ཁོ་རང་བླ་མ་ཞིག་གི་ཡང་སྤྲུལ་ཡིན་པར་ཡིད་ཆེས་དང་། དེའི་ལས་འབྲེལ་གྱི་དབང་གིས་བོད་ནང་ཆོས་ལེན་དུ་ཡོང་མཁན་ཞིག་ཡིན་པ་དང་། བོད་མི་ཚོས་ཁོ་ལ་དམིགས་བསལ་གྱིས་མིང་དེ་བཏགས་པ་རེད་ཟེར། གང་ལྟར་བོད་མི་དཀྱུས་མ་ཙམ་མ་ཡིན་པར་དབུ་རྒྱལ་ཚབ་ནས་བཟུང་ཁོང་ལ་ཧ་ཅང་མཐོང་ཆེན་བྱས་པ་འདི་དངོས་ཡོད་ཅིག་རེད། ཡིན་ཡང་ཁོང་བོད་ཀྱི་བླ་མ་ཞིག་གི་སྤྲུལ་པ་ཡིན་པར་བསམས་ནས་མིང་དེ་ལྟར་བཏགས་པ་རེད་ཟེར་ན་འདི་ཏག་ཏག་ངོས་ལེན་བྱེད་ཐུབ་པ་ཞིག་མ་རེད།

དགེ་ཆོས་ཀྱི་ཨ་རིའི་རྨི་ལམ་ཞེས་པ་ཀློག་སྐབས། ཐིའུ་སི་ཡིས་དགེ་ཆོས་ཨ་རིར་གདན་འདྲེན་བྱེད་དགོས་པ་དང་། དམིགས་ཡུལ་གཙོ་བོ་བོད་ནས་གདན་དྲངས་པ་བཀའ་བསྟན་གཙོ་བོར་གྱུར་པའི་དཔེ་ཆ་རྣམས་དབྱིན་སྒྱུར་བྱེད་རྒྱུ་དང་། ད་དུང་གསང་སྔགས་ཀྱི་སྐོར་སློབ་གཉེེར་བྱེད་སའི་ལྟེ་གནས་ཤིག་འཛུགས་རྒྱུ། ཁོང་དགེ་འདུན་ཆོས་འཕེལ་ལ་དངོས་སུ་མཇལ་ནས་བགྲོ་གླེང་མང་པོ་གནང་བ་དང་། ཐིའུ་སི་རང་ཉིད་དགེ་ཆོས་ཀྱི་མཁྱེན་ཡོན་ལ་ཧང་སང་ནས་འདི་ལྟ་བུ་ཞིག་གདན་འདྲེན་ཞུ་ཐུབ་ན་ཁོ་རང་ཉིད་ཀྱི་ལས་གཞི་གང་མང་ཞིག་ལམ་འགྲོ་ཡོང་བར་ཕན་ཐོགས་པར་མཐོང་ནས་ཨ་རིར་གདན་ཞུས་ཀྱི་སྔོན་འགྲོའི་ཡིག་ཆའི་སྙན་ཞུ་ཕུལ་ཡང་དུས་ཐོག་ཏུ་ལན་མ་སྤྲད་པར་ལུས། ཕྱིས་སུ་རྩད་གཅོད་བྱས་པར་ཨ་རིར་རྒྱུ་མཚན་ཅི་ཡང་མེད་པར་མཐོང་མཆན་མ་སྤྲད་པ་གསལ་པོར་ཆགས།

ཨ་རིའི་ཕྱི་འབྲེལ་ལས་ཁུངས་ཀྱིས་ཁྲིམས་རྩོད་པར་ལན་སྤྲོད་སྟངས་སོགས་ལ་བལྟས་ན། རྒྱ་གར་ནས་ཨ་རིར་འགྲུལ་མི་སྐྱེལ་འདྲེན་གྱི་གྲུ་གཟིངས་ཉུང་དུ་ཕྱིན་སྐོར་དང་། མཐོང་མཆན་རག་ཀྱང་ཕར་འགྲོ་སའི་གྲུ་གཟིངས་རག་དཀའ་ཚུལ། ད་བར་དམག་ཆས་སྐྱེལ་འདྲེན་བྱེད་ཀྱིན་ཡོད་ཚུལ་སོགས་རྒྱུ་མཚན་ཡང་དག་པའི་ལན་ཞིག་བཏབ་མེད་པ་འདི་དག་ནི་འུ་ཅག་གིས་དཔེ་དེབ་འདི་ཀློག་སྐབས་ཧ་ཅང་ཕངས་སེམས་སྐྱེ་བའི་བྱ་བ་ཞིག་རེད།

སྐབས་དེར་དགེ་ཆོས་ཁོང་ཨ་རིར་ཕེབས་ཐུབ་ཡོད་ན་ཁོང་གི་ཤེས་རབ་ཀྱི་འོད་སྣང་ནུབ་ཕྱོགས་མགོ་སེར་ཚོའི་ཡུལ་ལུང་སོ་སོར་ཁྱབ་ནས་ད་ལྟའི་དུས་འདིར་ཁོང་གི་ཞབས་རྗེས་སྔར་ལས་ལྷག་པ་ཞིག་མཇལ་རྒྱུ་ཡོད་པར་རྟོགས་ཐུབ་པ་ཞིག་རེད་ཟེར་ན་ཧམ་བཤད་དུ་མི་འགྲོ།

ཡང་བོར་བརླག་སོང་བའི་རྣལ་འབྱོར་པ་ཞེས་པ་ལས། ཐིའུ་སི་དང་བོད་མི་སེང་གེ་གཉིས་ཀྱིས་ཉིན་གསུམ་ཙམ་གྱི་རིང་རི་ལུང་མང་པོ་བརྒལ་པ་དང་། བོད་ཀྱི་ཤེས་རིག་དང་ཡུལ་སྲོལ་གོམས་གཤིས་ཡོད་པ། མཆོད་རྟེན་དང་དར་ལྕོག་སོགས་ཀྱིས་བརྒྱན་པའི་ཀུན་འཛོམས་ལ་ཞེས་པའི་ཡུལ་དང་། ལོ་གསར་བཏང་བའི་ཉིན་གསུམ་གྱི་རྗེས་དཀྱིལ་དགོན་དུ་འབྱོར་པ། དེར་འགྲོ་དགོས་དོན་ཡང་དགེ་བཤེས་དབང་རྒྱལ་དང་མཐར་ཕྱིན་གཉིས་ཀྱིས་ཁོང་ལ་ལམ་སྟོན་གནང་བ་ཡིན་ཚུལ། དགོན་པ་དེ་ནས་དཔེ་རྙིང་དང་ཐང་ག་རྙིང་པ་གང་མང་པར་བརྒྱབས་ནས་ཁྱེར་འདུག ཐིའུ་སི་ཀུ་ལུ་ནས་དཀྱིལ་དགོན་དུ་མ་ཕྱིན་པའི་སྔོན་དུ་པཱ་ལགས་ལ་འཕྲིན་ཡིག་ཐ་མ་བསྐུར་བ་སོགས་གང་ལྟར་དེ་ནས་མང་པོ་མ་འགོར་པར་རྣལ་འབྱོར་པ་ཁོང་བོར་བརླག་ཕྱིན་པ་རེད།

འདིའི་སྐོར་ད་དུང་གནས་ཚུལ་གསལ་པོ་ཞིག་ཇི་ལྟར་འཚོལ་སྒྲུབ་ཐུབ་མིན་སོགས་ཉམས་ཞིབ་གནང་དགོས་པ་དང་། གནས་ཚུལ་གང་མང་ཞིག་རག་ཐབས་ལ་འབད་དགོས་པ་ཞིག་ཀྱང་འདོད།

འུ་ཅག་ལ་ཡང་བསམ་བློ་འཁོར་དགོས་པ་ཞིག་ནི་ཀུ་ལུ་དང་དཀྱིལ་དགོན་པ་ཡོད་སའི་ཡུལ་ལུང་གི་གནས་བབས་དེ་འདྲ་ཞིག་ལ། བོད་ཀྱི་ཤེས་རིག་དང་། ཡུལ་སྲོལ་གོམས་གཤིས་སོགས་དངོས་ཡོད་མཐོང་རྒྱུ་ཡོད་པ་དང་། ས་མིང་ལ་ཀུན་འཛོམས་ལ་ཞེས་པ་སོགས་གང་ཞིག་ཡིན་མིན་དང་། ད་ལྟ་གང་འདྲ་ཞིག་ལ་ངོས་འཛིན་གནང་དགོས་པ། བོད་ཀྱི་བཙན་པོའི་སྐབས་སུམ་གཉིས་ས་ལ་དབང་བསྒྱུར་བའི་ལོ་རྒྱུས་ཡོད་པ་འུད་བསྟོད་ཙམ་མ་ཡིན་པ་གསལ་པོར་བསྟན་པ་རེད་སྙམ།

གང་ལྟར་ཨ་ལགས་རྗེ་སྤྲུལ་ཚང་གི་དཔེ་དེབ་འདིའི་འགོ་མཇུག་བར་གསུམ་ལ་བལྟས་པ་ན། དེ་ལ་གོང་འཕྲོས་ཀྱི་ལོ་ཙཱའི་བགྱི་བར་དངོས་སུ་འཇུག་པའི་ཚེ་ན་དཀའ་ངལ་ཆེས་ཆེར་འཕྲད་སྲིད་པ་ནི་སྨོས་མེད་ལགས། ངས་རགས་བསྡུས་ཙམ་མ་གཏོགས་བརྗོད་མཐའ་བྲལ་བ་ཞིག་རེད་ཟེར་བ་རྩོམ་རིག་གིས་རྟོག་བཏགས་བྱས་པ་ཞིག་ཀྱང་ཡིན་མི་སྲིད། དེ་ལྟར་ནའང་རང་ཉིད་ཀྱི་ཆུ་ཚད་དང་མིག་ཡ་གཅིག་ལས་མེད་པའི་རྐྱེན་གྱིས་གལ་གནད་ཆེ་བའི་དཔྱད་པ་ཞིག་མ་ནུས་ན་ཡང་། རང་སེམས་ལ་སྙིང་སྟོབས་དང་ཡི་རངས་དད་གསུམ་འཕེལ་ཕྱིར་རང་བློར་ཤོང་ཙམ་བྲིས་པ་སྟེ། བླུན་པོ་བདག་ལྟ་བུ་ཞིག་ལ་ཡང་ད་དུང་བསམ་ཚུལ་མང་ཡང་དེ་ཙམ་ཞིག་ལས་མ་བཀོད།

འདི་ལྟ་བུའི་དཔེ་དེབ་ནི་མཁས་བརྒྱའི་འཆད་སྟེགས་ནས་རྒྱལ་ཁ་ཐོབ་པ་དང་། འདས་པའི་ལོ་རྒྱུས་ལ་ཕྱི་དྲན་དང་ཡང་ཡང་ཀློག་འདོད་ཆེ་བའི་དཔེ་དེབ་རིགས་ཤིག་ཏུ་ངེས། རང་ཉིད་ཀྱིས་དཔེ་དེབ་འདི་ཀློག་སྐབས་ཤིག་ལ་ཨ་ལགས་ཀྱིས་ཕྲན་ལ་བསམ་ཚུལ་ཞིག་དྲིས་པ་དང་། དེབ་འདི་ཀློག་པའི་ཁྲོད་ཀྱི་མྱོང་ཚོར་ཞིག་བྲིས་གསུངས་པ་ལྟར། གང་ཤེས་ཡིག་ཐོག་ཏུ་བཀོད་པ་དང་། རྩོམ་པ་པོ་ཁོང་ལྟ་བུ་མཁྱེན་ཡོན་གཉིས་ལྡན་ཞིག་ལ་ཡི་རངས་མཚོན་བྱེད་དུ་དཔེ་ཀློག་གི་མྱོང་སྣང་ཙམ་ཞིག་བྲིས་པ་ཡིན། མཐའ་དོན་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ཚང་ཁོང་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་ཡར་ཟླ་ལྟར་འཕེལ་བའི་སྨོན་འདུན་དང་། ད་དུང་འདི་དང་འདི་ལྟ་བུའི་གསུང་རྩོམ་གངྒཱའི་རྒྱུན་བཞིན་འཇོ་གནང་ཡོང་བ་མཁྱེན་ཅེས་མ་སངས་བརྩོན་འགྲུས་ནས། ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༢༠ ལ།

ལྷུག་རྩོམ།

Post navigation

Previous Post: སྙན་ངག་ལག་ཆད་མ།
Next Post: ཇྰཝེད། ཨཁཏར་གྱི་(Aansu) སྟེ་མིག་ཆུ་ཞེས་པའི་སྙན་རྩོམ་ཞིག

Comments (1) on “ཨ་རི་བ་བླ་མ་དཀར་པོ་ཞེས་པའི་དཔེ་དེབ་བཀླག་པའི་འཆར་སྣང་།”

  1. ཀླུ་སྨྱོན། says:
    2021-07-25 at 1:56 pm

    དེབ་འདིའི་མཇུག་ཙམ་དེར་རྒྱལ་དབང་ལྔ་བའི་གསུང་”གསང་བ་རྒྱ་ཆེན་”ཞེས་བྲིས་འདུག་པ་དེ་ནི་”གསང་བ་རྒྱ་ཅན” ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme