Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧སྐྱབས་མགོན་༧ཡིད་བཞིན་ནོར་བུས་མང་གཙོའི་གསོལ་རས་ཐེངས་གཉིས་ལ་གནང་ངམ།

Posted on 2021-05-232021-05-23 By ཁ་བརྡ 5 Comments on ༧སྐྱབས་མགོན་༧ཡིད་བཞིན་ནོར་བུས་མང་གཙོའི་གསོལ་རས་ཐེངས་གཉིས་ལ་གནང་ངམ།

བོན་རྒྱ་བསྟན་འཛིན་རབ་རྒྱས།

དཀའ་ངལ་གྱི་སྐབས་སུ་དཀའ་ངལ་ཐག་གཅོད་ལ་རིག་པ་སྒྲིམ་རྒྱུ་དང་། དཀའ་ངལ་གྱི་ཐག་གཅོད་ལ་བཅའ་ཁྲིམས་ཀྱི་གནང་བ་ཡོད་མེད། གནང་བ་མངོན་གསལ་མེད་ཀྱང་དགག་བྱ་ཡོད་མེད་ལྟ་རྒྱུ་མང་གཙོའི་མ་མཐའི་ཐག་གཅོད་ཀྱི་ལམ་རེད། ལྷག་པར་བོད་པ་ཞིག་ཡིན་པའི་ངོས་ནས། རྒྱལ་བ་ཡིད་བཞིན་ནོར་བུར་མཛད་དཀའ་མི་བཟོ་རྒྱུ་སྙིང་ལ་བཅངས་དགོས་པ་ཡིན། ཁ་སྔོན་རྙོག་དྲ་ཐག་གཅོད་དང་། འདུམ་སྒྲིག་གི་དབང་ཚད་དང་ནུས་པ་ཆ་ཚང་གྲོས་ཚོགས་ལ་ཡོད་རེད། ཡིན་ནའང་། ད་ནི་གྲོས་ཚོགས་ལ་བསམ་བློ་གཏོང་ས་ཡོད་མ་རེད། ད་གདམ་ག་གཅིག་རང་ཡོད་རེད། གདམ་ག་དེར་གོམ་པ་སྤོ་མ་ཐུབ་ན་རྒྱལ་བ་རིན་པོ་ཆེ་མཛད་དཀར་གཏད་དེ། མང་གཙོ་གསོལ་རས་ཐེངས་གཉིས་ལ་གནང་བར་སྐྱབས་འཇུག་ཞུ་བ་དེ་རེད། རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་ལྷམ་མེ། ཐུགས་ལྷན་ནེ། གསུང་ལྷང་ངེར་བཞུགས་པ་གཅིག་བུ། འུ་ཚོའི་བསོད་ནམས་རེད། དེ་མིན་འུ་ཚང་གི་ཆབ་སྲིད་པ་ཚོས་བལ་ཡུལ་གྱི་ཆབ་སྲིད་འཁྲབ་སོང་ལ། འུ་ཚོའི་སྒྲིག་འཛུགས་དང་མང་གཙོ་ཡང་བལ་ཡུལ་གྱི་རྗེས་སུ་བསྙེགས་སོང་། ཁོང་ཚང་བཞུགས་པས་དེ་ལས་སྐྱོབ་ཐབས་ཀྱི་ལམ་གཅིག་ཡོད་རེད་འདོད།

ཆོལ་ཁ་ཞེས་པའི་ཕྱོགས་ཁ་ཞིག་ཡོད་པས་ཕྱོགས་རིས་བྱས་ཆོག་པ་ཡིན། ཡིན་ནའང་། ཕྱོགས་རིས་ལ་མ་མཐའི་ས་མཚམས་སམ་མཐའ་ཐིག་ཅིག་དགོས་པ་རེད། མཐའ་ཐིག་ལས་བརྒལ་བའི་ཕྱོགས་རིས་ཀྱིས་སྒྲིག་འཛུགས་དང་མང་གཙོ། རྩ་དོན་དང་མི་རིགས་བཅས་པ་ས་ལ་བརྡབས་པར་ངེས། དཔོན་པོ་ཞེས་པའི་གོ་ས་ཞིག་ཡོད་པས། སྒེར་གཅོད་བྱས་ཆོག་པ་ཡིན། ཡིན་ནའང་། སྒེར་གཅོད་ལའང་མཐའ་ཐིག་དགོས་པ་ཡིན། ཧམ་པ་ལའང་མཐའ་ཐིག་དགོས་པ་ཡིན། མཐའ་ཐིག་མེད་པའི་ང་རྒྱལ་དང་ཕྱོགས་རིས། ཧམ་སེམས་དང་རང་སྣང་གིས་ཚུལ་འདིར་བསྐྱལ་སོང་། སྐབས་འདིར་ཁྲིམས་འགལ་ཡང་རྒྱུན་ལྡན་དུ་འགྱུར་གྱིན་པའི་སྣང་ཚུལ་ཞིག་འདུག འདི་ནི་མང་གཙོའི་འཆི་ལྟས་ངོ་མ་དེ་རེད།

ཚོགས་གཙོ་ག་གེ་མོ་ལ་གནག་སོང་། སྲིད་སྐྱོང་ག་གེ་མོ་ལ་གནག་སོང་། ཁྲིམས་ཞིབ་པ་ག་གེ་མོ་ལ་གནག་སོང་། དེ་དག་ལ་གནག་པས་དེ་དག་གི་ཕ་ཡུལ་དང་ཆོལ་ཁ་ལ་གནག་སོང་ཟེར། དེ་དག་ནི་གཞི་རྩ་མེད་པའི་སྐད་ཆ་རེད། དེ་དག་ལ་གནག་ཡང་དེ་གནད་འགག་མ་རེད། མང་གཙོ་དང་ཁྲིམས་ཀྱི་རྩིས་ཐང་རྡོག་རོལ་བྱས་པས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་གནག་པོ་བྱས་སོང་། བཙན་བྱོལ་གྱི་ལོ་རྒྱུས་གནག་པོ་བྱས་སོང་། ད་ལྟའི་བྱེད་ལུགས་འདི་དག་གིས་ད་ལྟའི་བོད་ཀྱི་མི་རབས་འདི་གནག་པོ་བྱས་སོང་། བོད་པ་བཙན་བྱོལ་བའི་གཟི་བརྗིད་གནག་པོ་བྱས་སོང་། སྐྱབས་མགོན་ཡིད་བཞིན་ནོར་བུའི་མཛད་རྗེས་གནག་པོ་བྱས་སོང་། གནག་ཉེས་འདི་དག་སུས་བཟོས་པ་རེད། དེ་ཤེས་དགོས་པ་རེད། རྒྱལ་བ་རིན་པོ་ཆེས་ལོ་དྲུག་ཅུའི་རིང་སྐུ་ངལ་ཁྱད་བསད་ཀྱིས་གྲ་མ་ཉམས་གྲུ་མ་ཞིག་པར་ཡོད་པའི་མང་གཙོ་ཀ་བ་གསུམ་ལྡན་གྱི་སྒྲིག་འཛུགས་ལ་གས་ཁ་ཤོར་སོང་། འདི་སུས་བཟོས་པ་རེད། འདི་དག་ནམ་དུའང་བོད་མི་རིགས་ཀྱིས་བརྗེད་མི་སྲིད་ལ། རྒྱལ་རབས་ལོ་རྒྱུས་ཀྱིས་བརྗེད་མི་སྲིད། དེ་ཙམ་ལའང་ལྐུགས་པའི་མི་ནི། གཉིད་གོང་གི་མི་རེད། ནམ་ཟླ་ལ་དྲོ་འཁྱག་བྱུང་ན་རྨི་ལམ་སྣ་ཚོགས་རྨི་སྲིད། དེ་དག་འཆར་གཞི་དང་རེ་བ་གང་ཡང་མ་རེད།

མཁས་དབང་ཟམ་གདོང་རིན་པོ་ཆེས་གཙོས་པའི་བཀའ་བློན་ཟུར་བ་དང་། ཁྲིམས་ཞིབ་པ་ཟུར་བ། གཞུང་ཞབས་ཟུར་བ། ཆབ་སྲིད་བཙོན་ཟུར་རྣམས་བོད་མི་མང་དཀའ་ངལ་ལ་འཕྲད་དུས། ཕེབས་ཡོང་མཁན་གྱི་སྐུ་བགྲེས་རྒན་རབས་པ་རྣམ་པར་སྙིང་ནས་བཀའ་དྲིན་ཞུ་བར་འདོད། ད་ལྟའི་བར་དུ་རྒྱལ་བ་ཡིད་བཞིན་ནོར་བུའི་དབུ་འོག་དཔུང་འདེགས་བྱས་ནས། སྐུ་ཚེ་རིང་མོ་མི་རིགས་ཀྱི་ཆེད་དུ་ཕུལ་བ་དང་། ད་ལྟའང་ནུས་པ་ཡོད་རྒུ་རྩལ་སྤྲུགས་ཀྱིས་ལམ་སྟོན་སྙན་ཞུ་འབུལ་སར་སྙན་ཞུ། ལམ་སྟོན་གསུང་བཤད་གནང་སར་གསུང་བཤད། ལམ་སྟོན་གྱི་ཡིག་ཆ་མཚན་རྟགས་དང་བཅས་ཁྲ་ལེམ་མེར་བཀྲམ་ཡོང་དུས། ཁྱེད་ཅག་གིས་རང་རིགས་ཀྱི་མ་འོངས་པ་ཐུགས་བཞག དགོངས་བཅངས་གནང་སྟངས་ལ་ཡི་རངས་སྐྱེས་སོང་། བཀའ་དྲིན་ཆེ། ཁྱེད་ཅག་ལྟ་བུའི་ཤེས་རབ་དང་གཞུངས་དཀར་གྱི་མི་རབས་ཤིག་ཡོད་པས། དུས་ད་ལྟའི་བར་དུ་བཙན་བྱོལ་ལ་གཟི་བརྗིད་བསྐྲུན་པ་རེད།

ད་ནི་ཐ་མའི་གདམ་ག་གཅིག་དང་དཀའ་རྙོག་འདི་སེལ་ཐབས་གཅིག་ཡོད་པ་ནི། སྤྱི་འཐུས་རྒྱུན་ལས་དང་བཀའ་ཤག་གིས་ཁྲིམས་ཞིབ་པ་གསུམ་བསྐྱར་དུ་ལས་གནས་སུ་ཕེབས་པར་སྐྱབས་འཇུག་ཞུ་བ་དང་། ཁྲིམས་ཞིབ་པ་གསུམ་རང་འགུལ་གྱིས་ལས་གནས་སུ་ཕེབས་རྒྱུ་དེ་རེད། ད་ལྟའི་བཀའ་ཤག་གིས་རྩིས་སྤྲོད་ཐུབ་མིན་དང་། བྱས་པ་ཡོད་ཚད་ཆུ་ལ་མི་གཡུག་པའི་ལམ་ཁའང་འདི་ཙམ་རེད། ལམ་ཁ་འདི་བདམས་མ་ཐུབ་ན། ད་ལྟའི་བཀའ་ཤག་དང་གྲོས་ཚོགས་ཀྱིས་མི་རབས་འདི་གནག་པོ་བྱས་པ་རེད། མང་གཙོ་གཏོར་བ་རེད། ལོ་དྲུག་ཅུའི་རིང་གི་བཙན་བྱོལ་གྱི་གཟི་བརྗིད་མོག་པོར་བྱས་པ་རེད།

སྲིད་སྐྱོང་གསར་བ་དམ་འབུལ་མ་ཐུབ་ན། སྲིད་སྐྱོང་རྙིང་བ་མུ་མཐུད་ནས་ལས་གནས་སུ་འདུག་དགོས་པ་ལྟར། ཁྲིམས་ཞིབ་པ་གསར་བ་བསྐོ་བཞག་དང་དམ་འབུལ་མ་ཐུབ་ན་ཁྲིམས་ཞིབ་པ་རྙིང་བ་ལས་གནས་སུ་རང་འཇགས་བཞུགས་རྒྱུའང་བཅའ་ཁྲིམས་ཀྱི་ལེའུ་གུང་སྒྲིག་གི་དགོངས་པ་རེད། དེ་ལས་གཞན་དུ། ཁྲིམས་ཞིབ་པས་ཁྲིམས་ལུགས་གཞིར་བཞག་ཐག་གཅོད་གནང་བ་ལ། གནས་དབྱུང་གི་བྱུང་རབས་མེད་པས། གྲོས་ཚོགས་ཀྱི་བྱེད་སྟངས་དེ་དག་ཁྲིམས་ལ་ཁྱད་གསོད་དང་ཁྲིམས་ལུགས་ཀྱི་ཤེས་བྱ་ཡོད་ཚད་རྡོག་རོལ་གྱི་ལས་ཤིག་རེད། སྲིད་སྐྱོང་ལགས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཡིན་པ་དང་། ཨ་རིའི་ཁྲིམས་ལུགས་འབུམ་རམས་པའི་མཚན་གནས་ཡོད་པས། གནད་འགག་གི་སྐབས་འདིར་འགན་ཐོལ་བ་འཁུར་རྒྱུའང་རྟེན་འབྱུང་གི་རྒྱུ་འབྲས་ལ་འབྲེལ་ཡོད།

ཁྲིམས་ཞིབ་པ་གསུམ་གྱིས་གྲོས་ཚོགས་ཀྱི་ཐག་གཅོད་ལ་བརྩི་བཀུར་བྱས་ཏེ་ལས་བཤོལ་བྱས་པ་རེད། ཡིན་ནའང་། གྲོས་ཚོགས་ཀྱིས་་ཁྲིམས་ཞིབ་པ་བསྐྱར་བསྐོ་མ་ཐུབ་པ་རེད། དེར་བརྟེན། ད་ནི་ཁྲིམས་ཞིབ་པ་གསུམ་གྱིས་རྒྱལ་བ་ཡིད་བཞིན་ནོར་བུར་མཛད་དཀའ་མི་ཡོང་བ་དང་། ད་ལྟའི་མི་རབས་ཀྱི་ལོ་རྒྱུས། བཙན་བྱོལ་གྱི་མཚན་མཐོང་། མང་གཙོ་བཅས་པར་དགོངས་བཞེས་ཀྱིས་བསྐྱར་དུ་ལས་གནས་སུ་ཕེབས་རྒྱུ་དེ་རེད། དེ་ལ་བཀའ་ཟུར་རྣམས་ཀྱི་སྙན་ཞུ་དང་། ཁྲིམས་ཞིབ་པ་ཟུར་བ་རྣམས་ཀྱི་ཁྲིམས་དོན་ངོས་འཛིན་གྱི་གསལ་བསྒྲགས་སོགས་ནི། ཁྲིམས་ཞིབ་པ་གསུམ་བསྐྱར་དུ་ལས་གནས་སུ་ཕེབས་སྐུལ་རེད།

ང་ཚོའི་སྤྱི་ཚོགས་ནང་བཀའ་ཟུར་དང་ཁྲིམས་ཞིབ་པ་ཟུར་བ་ནི། མཛུབ་མོས་བརྩི་ཐུབ་པ་ཞིག་རེད། མཚན་རྟགས་འགོད་མཁན་ཀྱི་བཀའ་ཟུར་དང་ཁྲིམས་ཞིབ་པ་ཟུར་བས་བརྒྱ་ཆ་ག་ཚོད་ཟིན་འདུག བརྒྱ་ཆའི་གྲངས་འབོར་ལ་དཔག་ནས་འདང་ཞིག་རྒྱོབས་དང་། ད་གཟོད་སུ་ཞིག་དྲང་པོ་ཡིན་མིན་དང་། སུ་ཞིག་བྱ་བརྒྱའི་ཁ་ལ་འཁོར་དུས་བྱེའུ་ཕུ་ཤུད་ལྟག་རིང་གི་ཁ་ཐུར་ལ་འཁོར་གི་ཡོད་མེད་ཧ་གོ་བ་རེད། མང་གཙོའི་ཁྲིམས་འོག་ནས་གྲངས་ཀས་ཤོར་ན་ཤོར་བ་རེད། དེ་ཁས་མ་བླངས་ན་མང་གཙོ་ཁས་མ་བླངས་པ་རེད། འབྲེལ་མེད་ཀྱི་ནག་ཉེས་གང་ཞིག་དྲུད་ཡོང་ནས་གྲངས་ཀ་བརྒྱབ་ནའང་སྟོང་བ་རེད། ཧམ་པ་རེད།

གལ་སྲིད་འདི་ལྟར་འགྲོ་མ་ཐུབ་ན་སྐྱབས་མགོན་ཡིད་བཞིན་ནོར་བུར་ཞུ་རྒྱུ་དེ་རེད། དེ་ནི་ལམ་སྟོན་ཞུས་པ་གང་ཡང་མ་རེད། སྲིད་དབང་བསྐྱར་དུ་ཡར་ཕུལ་བ་རེད། ཡར་ཕུལ་རྗེས་ལམ་སྟོན་ཞིག་གནང་ན། དེ་ནི་ཡིད་བཞིན་ནོར་བུས་མང་གཙོ་གསོལ་རས་ཐེངས་གཉིས་པ་གནང་བ་དེ་རེད། ངའི་བརྩེ་བའི་བོད་མི་མང་ལགས། འདི་འདྲ་ཞིག་ཨེ་རེད།

ཡང་གཅིག་བཤད་ན། བཅའ་ཁྲིམས་ནང་དགག་བྱ་མེད་པའི་ལམ་ཁ་འདི་ཁོ་ན་རེད། དེ་ལས་གཞན་དུ། གྲོས་ཚོགས་འཚོགས་པ། མི་མང་ཚོགས་ཆེན་འཚོགས་པ། ཚོགས་གཞོན་གྲོས་ཚོགས་ཀྱི་དབུ་ཁྲིད་དང་། སྲིད་སྐྱོང་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཡིན་པའི་ངོས་ནས་ཐག་གཅོད་བྱེད་པ་སོགས་ཀྱི་ལམ་ཁ་ཡོད་ཚད་ལ་བཅའ་ཁྲིམས་དགོངས་པ་ཁྲོལ་ཡོད་མ་རེེད། མང་གཙོའི་སྲོག་རྩ་ཁྲིམས་རེད། ཁྲིམས་ལས་རྩ་ཁྲིམས་རེེད། རྩ་ཁྲིམས་མེད་ན་བཅའ་ཁྲིམས་རེད། བཅའ་ཁྲིམས་ཀྱི་དགག་བྱ་ལྡན་པའི་ལས་ཅི་བྱས་ཀྱང་མང་གཙོ་ཡོད་མ་རེད།

སྤྱི་ལོ་ ༢༠༢༡ ཟླ་ ༠༥ ཚེས་ ༢༣ ཉིན།

བསམ་ཚུལ།

Post navigation

Previous Post: སློབ་དཔོན་ཨ་ཁུ་ཉི་མའི་སློབ་གསོའི་ཐབས་ལམ་གླེང་བ།
Next Post: གློ་རྡེག་ཏུ་དགེ་ཆོས་དྲན་པ། 

Comments (5) on “༧སྐྱབས་མགོན་༧ཡིད་བཞིན་ནོར་བུས་མང་གཙོའི་གསོལ་རས་ཐེངས་གཉིས་ལ་གནང་ངམ།”

  1. བུ་ཆུང་ཚེ་རིང་། says:
    2021-05-23 at 9:07 am

    ཁ་བརྡའི་དྲ་བདག་ལགས། ངས་རྟ་རྫི་ཚང་ཚེ་རིང་གི་མིང་ཐོག་ནས་བསམ་ཚུལ་རྩམ་ཡིག་ཅིག་ཐེངས་ཁ་ཤས་བཏང་ཡོད་ཀྱང་ད་དུང་མཐོང་སར་སྤེལ་མི་འདུག འབྱོར་སོང་ངམ། ལན་ཁ་གསལ་ཞིག་གནོངས་རོགས།

  2. ཨ་ཁུ་འབྲོག་པ། says:
    2021-05-23 at 2:31 pm

    བོད་མི་མང་སྤྱི་བོ་གནམ་བསྟན་ཡོངས་ཀྱི་གོང་ན་མེད་པའི་ཁྲིམས་ཞིབ་པ་རྣམ་པ་གསུམ་གྱི་སྙན་ལམ་དུ་གསོལ་རྒྱུར།
    ཁྱེད་གསུམ་ནི། སྐབས་བཅུ་་དྲུག་པའི་བོད་མི་མང་གི་སྤྱི་འཐུས་རྒྱུན་ལས་མིང་འཁུར་བ་རྣམས་ཀྱིས་བཅའ་ཁྲིམས་གྱི་གོང་དུ་བསྡད་དེ་ཞྭ་དཔེ་ལྷམ་འགེབས་བྱེད་མཁན་ཡིན་པ། ཁྲིམས་ལུགས་ཀྱི་ཤེས་ཚད་ཅི་ཡང་མེད་པ་ལྐུགས་པ་ཡིན་པ། གླང་ཆེན་སྨྱོན་པའི་སྣར་རལ་གྲི་བཏགས་པ་འདྲ་བ་ཡིན་པ་སོགས་བརྙས་བཅོས་ཚད་མེད་དང་བཅས་མ་ཉེས་ཁ་གཡོགས་ཀྱིས་དོན་དུ་བཅའ་ཁྲིམས་སྲུང་སྐྱོབ་དང་། ཁྲིམས་དོན་དྲང་ཚུགས་བརྟན་པོས་ཉེས་ཅན་རྒྱ་ཡན་དུ་མི་འགྲོ་བའི་བཅད་ཁྲ་བཏང་བའི་དགྲ་ཤ་ལེན་ཕྱིར་ཁྲིམས་ཀྱི་བྱ་རིམ་གང་ཡང་མེད་པར་གློ་བུར་ཐོག་རྒྱག་འཕོ་འགྱུར་བཏང་བ་དེ་དག་ཁྲིམས་འགལ་ཡིན་པ་གཟུ་བོར་གནས་པའི་ཁྲིམས་་ལུགས་མཁས་མྱོང་ཅན་མཐའ་དག་གིས་འགྲེལ་བཤད་གསལ་པོར་གནང་བས་རྒྱ་ཆེའི་མི་མང་ཡོངས་ཀྱིས་ཀྱང་གསལ་པོར་རྟོགས་ཟིན་ལགས་ན། ད་ནི་ཁྱེད་གསུམ་ཁྲིམས་ཞིབ་པའི་མཛད་ཁུར་མུ་མཐུད་བཞེས་གནང་ཡོང་བའི་རེ་འབོད་ཞུ་རྒྱུ་ཡིན།

  3. Tseten Gyurmae says:
    2021-05-23 at 4:20 pm

    ༑ བོན་རྒྱ་ལགས་ཀྱི་མཐའ་མའི་ལམ་སྤྲོད་ལ་ངོས་ལེན་ཞུ་རྒྱུ་ཡང་གནད་དོན་འགའ་ཤས་སུ་འགྲེལ་བཤད་ཕྲན་བུ་ཞུས་ན་སྐྱོན་མིན་འདུག་པས། རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་མེད་དམ་སྙམ་པའི་ལས་དཔེ་ན། དེང་ཆ་ཁྲིམས་ཞིབ་པ་འོས་འདེམས་ཞུ་ཆེད་ཚོགས་ཆུང་ཞིག་ཁྲིམས་སུ་སྐྱར་བཅོས་བྱུང་བ་ལྟར་གནང་གནས་ཀྱང་། ཚོགས་ཆུང་འོས་འདེམས་ཚོགས་ཆུང་གི་ཚོགས་མི་ངོ་འཛོམས་ཇི་ཡོད་ཀྱིས་ཐག་གཅོད་རྒྱུ་ཞུ་དུས་ཚོགས་མི་བཞིའི་ནང་ནས་ཚོགས་མི་ཁྲིམས་ཞིབ་པ་ཆེ་བ་དེ་ངོ་འཛོམས་མ་ཐུབ་པར་ཇི་ལྟར་ངོས་བཞེས་ཐུབ། འདི་ནི་རི་བོང་ལ་ར་ཡོད་པའི་གྲས་སུ་རྩིས་པ་ལྟ་བུ་མི་གཟིགས་སམ། ཤི་བར་ལངས་ཤོག་གསུངས་བ་མ་རེད་དམ། ཤི་བའམ་མེད་པ་དེ་ཡོད་ཀྱང་འཛོམས་མ་ཐུབ་ངོས་འཛིན་ཞུས་པ་མ་རེད་དམ། མེད་པ་དེ་སྟོང་པ་ཉིད་ལྟར་མེད་ཀྱང་ཡོད་ཁོངས་སུ་རྩིས་ན་མེད་ཀྱང་མེད་པར་རྩིས་མ་ཐུབ་པ་གང་ལས་བྱས།
    དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་འཕར་མ་སྐྱར་འཚོགས་གནང་ལམ་ཡོད་ཀྱང་ཁྲིམས་སྒྲིག་ལྟར་དོན་མཚུངས་དགོས་པ་ལས་གཞན་ད་ལམ་གྱི་ལས་རྙོག་མང་གཙོའི་ལམ་ནས་འཚོ་སྐྱོང་ཞུས་པའི་དུང་ཕྲུག་འོ་མས་གསོས་པའི་མང་གཙོའི་རྐང་པ་བཅགས་པའི་ལས་ངན་དེ་མི་ཡོང་མ་ཟད་ཁྲིམས་འཛིན་དབང་དུ་སྤྱད་པའི་ཉེས་ཆད་མི་ཕོགས། ཉེས་ཆད་ཕོགས་པས་ཚོགས་དུས་དེ་སླར་ཚོགས་མཆོག་པའི་བཀའ་གནང་མི་སྲིད་པས་ན་ཉེས་ཆད་ཕོགས་པའི་ཚོགས་དུས་དགུ་བའམ་བཅུ་བ་དེ་སླར་ཇེ་ལྟར་འཚོགས་ཐུབ་བམ།
    ཁྲིམས་སྒྲིག་ནས་ཐག་གཅོད་ཞུ་ལམ་བྲལ་བའི་དོན་གནད་དེ་གཡུག་ནི་མི་ཐུབ། གཡུག་མི་ཐུབ་པས་དེར་ཁྲིམས་མིན་ལག་ལེན་ཞུས་ན་མགོ་ལས་རྨ་ཆེ་བའི་དཔེ་དེ་ཡོང་། དེ་བས་ན་ད་ཆ་ང་རང་ཚོ་དང་། དེ་མིན་རྒྱལ་ཁབ་འགའ་ཤས་སུ་ཡུལ་ལུང་གི་ཁྲིམས་འོག་ཏུ་བཞུགས་ཡོད་ནའང་ཁྲིམས་ཀྱི་ལམ་སྟོན་འོག་རྒྱལ་ཁབ་འཆི་གསོན་གཉིས་ནས་འཆི་བ་ལས་གསོན་ཐབས་དེ་གཙོ་བོར་དམིགས་པའི་ཐབས་ལམ་མམ་འགག་དོག་པའི་གནས་སུ་གྱར་སྐབས་རྒྱལ་ཁབ་ཀྱི་སྲོག་འཛིན་པའི་ངོ་བོར་བཞུགས་པའི་སྤྱི་མིའམ་འགན་བཀོད་པའང་ཡོད་སྲིད། ང་རང་ཚོར་༸གོང་ས་མཆོག་བཞུགས་ཡོད་པས་༸ཁོང་ཉིད་ནས་ཐག་གཅོད་གནང་རོགས་ཞུ་རྒྱུ་ལས་མ་འདས་པ་མ་ཚད་དེང་གི་མི་རང་ལ་མཐའ་གཉིས་སུ་མ་ལྷུང་པའི་རྣམ་དཔྱོད་དཀོན་ཁར་རྣམ་རྟོགས་ཆེར་ལངས་པའི་དུས་འདིར་ལམ་འདི་ལས་ལྷག་པ་དང་བཟངཔ་ཞིག་གང་ན་ཡོད་འདུག རང་རེའི་དཔེ་ལའང་ཕྲུག་གུ་ངུ་ས་ཕ་མ་ཞུ་བ་མ་ཚད་ང་ཚོའི་ཕ་ཡུལ་བོད་ཀྱི་འགྲེལ་བཤད་ནང་དུའང་། བོད་མི་ཡོངས་ཀྱི་སྤྱི་ནོར་དུ། ༸སྐྱབས་མགོན་༸ཏྭ་ལའི་བླ་མ་བཞུགས། ཅེས་པའང་མི་དྲན་ནམ།

  4. པ་རྡོ་རེ། says:
    2021-05-24 at 12:43 am

    བདེན་ནོ།། འོན་ཀྱང་༸གོང་ས་མཆོག་ལ་སྙན་བསུན་མ་མཛད་ན་ལེགས་སྙམ། ཁོང་བློ་བདེ་པོར་བཞུགས་སུ་འཇུག་ནས་ངོས་བོད་མི་རྣམས་ཀྱིས་བདེན་མཐའ་གསལ་བ་ཞིག་གནང་དགོས། ང་ཚོའི་ཁྲིམས་དཔོན་གསུམ་པོའང་བོད་མི་ཞིག་ཡིན་པས་ཁོང་རྣམ་པས་དེ་ལྟར་གནང་རྒྱུ་ཡིན་པ་ཡིད་ཆེས་དང་སྤོབས་པའང་ཡོད། ང་ཚོའི་བོད་མི་བསམ་ཡོད་ཅན་ནམ་རྒས་ཡོལ་ལམ་ལས་ཟུར་བ་ཡོངས་ཀྱི་རྣམ་དཔྱོད་ལ་གཟིགས་ནས་ཆོལ་ཁ་དང་ཕྱོགས་རིས་ཀྱི་དུག་གིས་ཁེངས་པའི་བོད་མི་ཐ་ཤལ་དག་ལ་བསླབ་བྱ་ཞིག་འབྱུང་གི་མི་འདུག་གམ། དྷ་རམ་ས་ལར་བཙན་བྱོལ་གཞུང་སུས་ཟིན་ཀྱང་༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་མཁན་ཞིག་དང་བོད་སྤྱི་པའི་ལས་དོན་སྒྲུབ་མཁན་ཞིག་དགོས་པ་ཡིན། དེ་མིན་འབུམ་རམས་པ་སོགས་ཀྱི་ལག་འཁྱེར་ཆེན་པོ་ཡོད་མཁན་གྱིས་ལས་ཀ་བྱེད་སྟངས་འདི་ལྟར་ཡིན་ན། སྐད་གྲགས་ཅན་གྱི་ལག་འཁྱེར་དེ་རིགས་མེད་པའི་བོད་མི་ཞིག་གིས་གཞུང་འཛིན་གནང་ན་དགའ་བ་ཡིན།

  5. གཡུ་སྒང་དགེ་འདུན། says:
    2021-05-29 at 11:02 pm

    བོན་རྒྱ་བསྟན་འཛིན་རབ་རྒྱས་ཧ་ལས་ཡག་པོ་བྲིས་འདུག་པར་ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme