Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུང་དཀར་ཚིག་མཛོད་ལས་འབྱུང་བའི་ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར་ལ་དཔྱད་པ།

Posted on 2020-11-27 By ཁ་བརྡ 3 Comments on དུང་དཀར་ཚིག་མཛོད་ལས་འབྱུང་བའི་ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར་ལ་དཔྱད་པ།

ལྕང་སྐྱ་དགེ་འདུན་བཀྲ་ཤིས།
 
༢༠༢༠ ལོའི་ཟླ ༡༠ ཚེས ༣ ཉིན། ང་རང་དགེ་ལྡན་བསྟན་པའི་ཆུ་མགོ་དཔལ་ལྡན་བྱ་ཁྱུང་དགོན་པར་རིག་གནས་འཆད་ཁྲིད་དུ་སླེབས་དུས། <བྱ་ཁྱུང་འཇམ་མགོན་ཤེས་རིག་སློབ་གླིང>ནས། ཁྲིད་གཞི་ལ་ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱིས་བརྩམས་གནང་མཛད་པའི་<རྟགས་ཀྱི་འཇུག་པའི་དགོངས་འགྲེལ་རབ་གསལ་སྣང་བ>ཞེས་པ་བདམས་ཡོད། ངས<རབ་གསལ་སྣང་བ>འཆད་ཁྲིད་ཀྱི་ཐོག་མར། སློབ་བུ་ཚོར་ཁྲིད་དེབ་ཀྱི་རྩོམ་པ་པོ་ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱི་སྐུ་ཚེ་གང་བོར་མཛད་འཕྲིན་ཇི་ལྟར་གནང་བ་རགས་བསྡུས་ཤིག ངོ་སྤྲོད་ཞིག་གནང་དགོས་བསམས་ཏེ། དུང་དཀར་ཚིག་མཛོད་ཀྱི་ཁ་ཕྱེས་ནས་ལྟ་སྐབས། ངས་སྔོན་ཆད་ཤེས་མྱོང་ཚོར་གསུམ་ཏོག་ཙམ་ཡོད་པའི་ཨ་ཀྱཱ་ཡོངས་འཛིན་གྱི་རྣམ་ཐར་དང་ཡེ་མི་མཐུན་པ་མང་དུ་བྱུང་བས། དོགས་པ་སྐྱེས་ཏེ། རྒྱུ་ཆ་བཙལ་ནས་དཔེ་ཀློག་ལ་ཞུགས་པ་ཡིན། ཧ་ལས་པ་ཞིག་ལ། དུང་དཀར་ཚིག་མཛོད་ལས་ཁ་བྱང་དུ། <ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་བམ་དབྱངས་ཅན་དགའ་བའི་བློ་གྲོས།> ཞེས་བྲིས་ཡོད་ནའང་། ཡང་སྙིང་དུ། རྐ་ཕུག་པཎྜི་ཏ་བློ་བཟང་དོན་གྲུབ་ཀྱི་རྣམ་པར་ཐར་བ་བརྒྱ་ཆའི་དགུ་བཅུ་ཙམ། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར་སྟེང་བཞག་སྟེ་བརྩམས་གནང་མཛད་ཡོད་པ་ཚོར།

དེ་བས། ངས་དཔེ་ཀློག་གི་དཔྱད་འབྲས་སྡོམ་དུ་བསྡུས་ཏེ། གཤམ་དུ་ངོ་སྤྲོད་བྱེད་པ་ལ། ཚན་པ་དགུའི་སྒོ་ནས་གསལ་བཤད་ཅིག་བྱ་སྟེ།

དང་པོ། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར།

གཉིས་པ། རྐ་ཕུག་པཎྜི་ཏ་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར།

གསུམ་པ། ཨ་ཀྱཱ་ཡོངས་འཛིན་དང་རྐ་ཕུག་པཎྜི་ཏ་གཉིས་མི་གཅིག་མ་ཡིན་པའི་སྒྲུབ་བྱེད།

བཞི་བ། ཨ་ཀྱཱ་ཡོངས་འཛིན་དང་རྐ་ཕུག་པཎྜི་གཉིས་ནོར་སོ་འབྱུང་བའི་མཚུངས་ཆོས།

ལྔ་བ། ཨ་ཀྱཱ་ཡོངས་འཛིན་གྱི་ཕྱག་རྗེས་ཆེ་ཁག

དྲུག་པ། རྐ་ཕུག་པཎྜི་ཏའི་ཕྱག་རྗེས་ཆེ་ཁག

བདུན་པ། དུང་དཀར་ཚིག་མཛོད་ཤོག་ངོས ༢༡༨༩—༢༡༩༠ བར། ཨ་ཀྱཱ་ཡོངས་འཛིན་གྱི་རྣམ་ཐར་བཀོད་པའི་ནང་མ་དག་པ་ཁོལ་དུ་ཕྱུང་བ།

བརྒྱད་པ། དུང་དཀར་ཚིག་མཛོད་ཤོག་ངོས ༢༡༨༩—༢༡༩༠ བར། ཨ་ཀྱཱ་ཡོངས་འཛིན་གྱི་རྣམ་ཐར་བཀོད་པའི་ནང་དག་པའི་ཆ་གང་དག་ཡོད་པ།

དགུ་བ། <ཞྭ་སེར་བསྟན་པའི་སྒྲོན་མེ་རྗེ་ཙོང་ཁ་པ་ཆེན་པོས་གཙོས་སྐྱེས་ཆེན་དམ་པ་རིམ་བྱུང་གི་གསུང་འབུམ་དཀར་ཆག་ཕྱོགས་གཅིག་ཏུ་བསྒྲིགས་པའི་དྲི་མེད་ཟླ་ཤེལ་གཙང་མའི་མེ་ལོང> གི་འཁྲུལ་གཞི་ལ་བསྟེན་ཏེ། མང་དག་ཅིག་ནོར་བ་རྒྱུན་འབྱམས་སུ་བྱུང་བ།

དང་པོ། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར།

ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ནི། མདོ་སྨད་ཙོང་ཁའི་ཡུལ་གྱི་ཤར་ཕྱོགས་རྨ་ཆུའི་བྱང་འགྲམ་དུ། བོད་སོག་འདྲེས་མར་འདུས་སྡོད་གནང་བའི་ཟན་ཁྲོན་ཐང་ཀྱཱ་སྡེ་བར། སྤྱི་ལོ ༡༧༧༤ ལོར་ཧོར་གྱི་རུས་སུ་སྐུ་འཁྲུངས། མཚན་གཞན་དུ་དབྱངས་ཅན་དགའ་བའི་བློ་གྲོས་ཀྱང་ཟེར།

ཆུང་ངུའི་དུས་ནས་རྗེ་སྐུ་འབུམ་དགོན་པའི་ཚོགས་གྲལ་དུ་ཞུགས་ཏེ། ཡི་གེ་འབྲི་ཀློག་ལ་སྦྱངས། མཁས་དབང་འཕྲིན་ལས་བཟང་བོ་དང་ངག་དབང་བཟོད་པ་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲུག་ལྷག་དགེ་རྒན་དུ་བསྟེན་ཏེ། མདོ་སྔགས་ཀྱི་གཞུང་ལུགས་ལ་སྦྱངས་བརྩོན་གནང་ནས། སྐུ་འབུམ་དུ་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་བཅའ་བཞག་སྟེ། རབ་འབྱམས་པའི་མཚན་རྟགས་བླངས།

ཁྱད་པར་དུ། རྭ་སྒྲེང་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པ་རབ་རྒྱས་དང་། འཇམ་བཞད་འཇིགས་མེད་དབང་བོ། ཤིང་བཟའ་བློ་བཟང་དར་རྒྱས་སོགས་ཡུན་རིང་བསྟེན་ནས། སྒྲ་སྙན་ངག སྡེབ་སྦྱོར། སུམ་རྟགས་སོགས་ཐུན་མོང་གི་རིག་གནས་དང་། མདོ་སྔགས་སོགས་ནང་ཆོས་ལ་སྦྱངས་པ་མཐར་ཕྱིན་མཛད་དེ། མཁས་པའི་སྙན་པ་འཐོབ།

དགུང་གྲངས་ལྔ་བཅུ་བ་སྤྱི་ལོ ༡༨༢༣ ལོར། སྐུ་འབུམ་དགོན་པའི་ཨ་ཀྱཱ་ཡེ་ཤེས་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་མཛད་པ་ནས་བཟུང་། མཚན་ལ་ཨ་ཀྱཱ་ཡོངས་འཛིན་ཞེས་ཡོངས་གྲགས་སུ་གྱུར།

དགུང་གྲངས་ང་དྲུག་གི་སྟེང་རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས་ཏེ། གནས་བསྟོད་དང་འབྲེལ་བའི་མགུར<འཇམ་དཔལ་དགྱེས་པའི་མཆོད་སྤྲིན>ཞེས་པ་མཛད།

དགུང་གྲངས་ང་བཞི་བ ༡༨༢༧ ལོར། སྐུ་འབུམ་བྱམས་པ་གླིང་གི<པར་ཁང་ངོ་མཚར་རིན་ཆེན་གླིང>དུ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་པར་སྐྲུན་བགྱིད་པ་ལ། ཁོང་གིས་ཞུས་ཆེན་པའི་འགན་བཞེས་གནང་སྟེ། ལོ་ངོ་དྲུག་གི་རིང་ཡོངས་འགྲུབ་གནང་།

བོད་སོག་གི་དཔྱོད་ལྡན་མང་བོས། འདི་བ་དགེ་བའི་བཤེས་གཉེན་དུ་བསྟེན་པས། སྔར་ལས་ལྷག་པའི་མཁས་པའི་གྲགས་པ་འབར། ཁོང་གིས་སྐུ་འབུམ་སྨན་པ་གྲྭ་ཚང་གི་ཁྲི་རབས་བཞི་བ་ཨ་ཀྱཱ་ཞབས་དྲུང་བློ་བཟང་ངག་དབང་བསྟན་འཛིན་ལ་རབ་བྱུང་བསྒྲུབས་ཤིང་དཔེ་ཁྲིད་གནང་། དམ་པ་འདིའི་སྐུ་ཚེ་ཧྲིལ་བོ་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་། གདུལ་བྱ་མང་བོ་དམ་པའི་ཆོས་ཀྱིས་བསྐྱངས་པས་མཛད་རྗེས་ཤིན་ཏུ་ཆེ།

ཁོང་གི་བརྩམས་ཆོས་ལ། སྐྱེས་རབས་སོ་བཞི་བའི་སྙིང་བསྡུས་རྒྱལ་སྲས་འཇུག་ངོགས། གཞི་སྐུ་གསུམ་གྱི་རྣམ་བཞག་རབ་གསལ་སྒྲོན་མེ། ས་སྐྱ་ལེགས་བཤད་ཀྱི་བརྡ་བཀྲོལ། རྟགས་འཇུག་གི་དགོངས་འགྲེལ་རབ་གསལ་སྣང་བ། སྙན་ངག་གི་བསྟན་བཅོས་མུ་ཏིག་ཕྲེང་བ་སོགས། མདོར་ན། ནང་ཆོས། སུམ་རྟགས། སྡེབ་སྦྱོར། བརྡ་འགྲེལ། སྒྲ་རིག སྙན་ངག་སོགས་སྐུ་འབུམ་པར་མ་གླེགས་བམ་གཉིས་བཞུགས་ལ། ཁྱོན་བསྡོམས་ཆོས་ཚན་ང་གཉིས་བཞུགས།

དམ་པ་འདི་ཉིད་དགུང་ལོ་བདུན་ཅུ་ལྷག་བཞུགས་པ་ལོ་རྒྱུས་སོགས་གུང་བསྒྲིགས་ན་ཤེས་རྟོགས་བྱུང་ཡང་། འདས་ལོ་དངོས་མ་ཁ་གསལ་དུ་བཀོད་པ་མ་མཐོང་ངོ་།།

གཉིས་པ། རྐ་ཕུག་པཎྜི་ཏ་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར།

རྐ་ཕུག་པཎྜི་ཏ་བློ་བཟང་དོན་གྲུབ་ནི། མདོ་སྨད་གཙན་ཚ་གདོང་སྣ་ཞེས་པ། བི་ཀྱ་ཟེར་བའི་རིགས་ལས་ཡབ་ལོ་ལོ་དང་། ཡུམ་འབའ་གོ་གཉིས་ཀྱི་སྲས་སུ་སྤྱི་ལོ ༡༧༤༠ ལོར་སྐུ་འཁྲུངས། རྐ་ཕུག་སྒོམ་ཆུང་ཞུ་བའི་སྐུ་ཕྲེང་གསུམ་པ་ཡིན་པར་བཤད། འགའ་ཞིག ཆེ་ཤོས་ལྷ་བཟོའི་སྐུ་སྐྱེ་རུ་ངོས་འཛིན་པའང་ཡོད།

སྐུ་ན་ཕྲ་དུས་ལྷ་རི་སྔགས་རིམ་པ་གྲུབ་དབང་བློ་བཟང་འབྱུང་གནས་ལ་མཇལ་བར། ཁོང་གི་ཕྱག་དྲིལ་རྩེ་ལྔ་ཞིག་ཡོད་པ་མཐོང་བས། ང་ལའང་འདི་འདྲ་ཞིག་ཡོད་ཟེར་ནས། སོར་མོ་རྣམས་རིལ་བོ་བྱས་ཏེ་གྱེན་དུ་ཕྱོགས་ནས་བསྟན་པས། སྐུ་གོང་མའི་ཕྱག་དྲིལ་རྩེ་དགུ་ཡིན་པས་བརྡར་གོ་བ་དང་། ད་དུང་ང་རྐ་ཕུག་ཁྱུག་ལི་ཚང་གི་ཡིན། ངའི་གོན་རྒྱུ་འགའ་ཞིག་སྒམ་ནང་ན་བལྟེབས་ནས་བཞག་ཡོད་སོགས་གསུངས་པ་དང་།
མ་ཟད། སྐུ་གོང་མའི་དབོན་པོ་བླ་མ་ཟེར་བ་སྔར་སྨ་ར་འདུག་པ་དེ། སྨ་ར་བཞར་ཡོད་པ་མཐོང་ནས་ཡབ་ཀྱི་ཨ་འབྱོག་ནང་འདི་ལ་ཁ་སྤུ་མེད་པ་ཅི་རེད་གསུངས་པ་སོགས་དན་རྟགས་མང་དུ་བྱུང་བས། ཀུན་ཡ་མཚར་ཏེ་རྐ་ཕུག་སྒོམ་ཆུང་བའི་ཡང་སྤྲུལ་དུ་ངོས་འཛིན་གནང་།

དགུང་ལོ་བདུན་གྱི་སྟེང་ལྷ་རི་བ་གྲུབ་དབང་བློ་བཟང་འབྱུང་གནས་ལས་རབ་ཏུ་བྱུང་སྟེ། མཚན་ལ་བློ་བཟང་དོན་གྲུབ་ཞེས་གསོལ།

དགུང་ལོ་བཅོ་ལྔ་བར་བྱ་ཁྱུང་དགོན་པར་ཕེབས་ཏེ་ཆོས་གྲྭར་ཞུགས། དགེ་བཤེས་གཟི་ལུང་དཔོན་ཆུང་དང་ཁོ་ཚེ་བློ་བཟང་བསོད་ནམས་གཉིས་དགེ་རྒན་དུ་བསྟེན་ནས་བསྡུས་གྲྭ་སོགས་ལ་སྦྱངས། བདེ་ཁང་བློ་བཟང་རབ་བརྟན་ལས་དགེ་ཚུལ་གྱི་སྡོམ་པ་མནོས།

དགུང་ལོ་ཉེར་བདུན་སྟེང་དབུས་གཙང་དུ་ཕེབས་ཏེ། འབྲས་སྤུངས་སྒོ་མང་དུ་ཞུགས། རྒྱལ་བ་འཇམ་དཔལ་རྒྱ་མཚོ་དང་། ཡོངས་འཛིན་ཁྲི་ཆེན་མཚམས་རིང་བ་ངག་དབང་ཆོས་གྲགས་སོགས་ལ་མཇལ། དཔོན་སློབ་དགེ་འདུན་བདེ་ཆེན་ལས་བསྙེན་པར་རྫོགས།

དགུང་ལོ་ཉེར་བརྒྱད་སྟེང་སླར་བྱ་ཁྱུང་དུ་བྱོན། མདོ་སྔགས་རིག་གནས་དང་བཅས་པ་ལ་ནང་བྱན་ཆུད་པར་སྦྱངས་པར་མ་ཟད། ནས་འབྲུ་གཅིག་གི་སྟེང་དེ་བཞིན་གཤེགས་པའི་སྐུའི་སྐྱེ་མཆེད་ལེགས་པར་དོད་པ་སོགས་ཀྱི་ཕྱག་རྩལ་མངའ་བས། བཟོ་བོ་མཁས་པའི་ཚད་དུ་འཇོག

ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་། ཆུ་བཟང་། ཐུའུ་བཀྭན། ཨ་རིག་དགེ་བཤེས་ཆེན་མོ། གསེར་ཁང་བ། གཡེར་གཤོང་དགེ་འདུན་ཟླ་གྲགས་སོགས་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔ་དང་། ཆོས་བཀའ་རྒྱ་ཆེར་གསན་ཅིང་། ཐུན་མོང་བའི་རིག་གནས་སུམ་རྟགས་དག་གསུམ་དང་། སྒྲ་སྙན་སྨན་རྩིས་སོགས་སྦྱངས་པ་མཐར་ཕྱིན་མཛད་དེ། ངེས་དོན་གྱི་པཎྜི་ཏ་ཆེན་པོར་གྱུར།

དུས་རྒྱུན་སློབ་ཁྲིད་ཞུས་པ་རྣམས་ལ། དགྱེས་བཞིན་དང་ལེན་བྱེད་ཅིང་། དབང་རྟུལ་དག་ལ་ཐབས་མཁས་ཀྱི་མཛད་པ་གནང་སྟེ་འཆད་ཁྲིད་བགྱིས་པ་སོགས། གཞུང་དོན་བདེ་བླག་གིས་རྟོགས་པར་མཛད་པའི་ཁྲིད་ཐབས་མངའ།

དགུང་ལོ་བཞི་བཅུའི་སྟེང་མགུར་རྣམ་རྒྱལ་གླིང་གི་ཁྲི་བསྐྱངས། བླ་བྲང་གསར་བཞེངས་གནང་། དགུང་ལོ་ཞེ་དྲུག་སྟེང་ལ་མོ་བདེ་ཆེན་ནས་ལྷ་མདུན་བླ་མར་བསྐོས། དགུང་ལོ་ང་བཞིའི་སྟེང་རྐ་ཕུག་རྫོང་ནང་དགོན་པ་གསར་འདེབས་མཛད། དགུང་ལོ་ང་ལྔའི་སྟེང་གནམ་རྫོང་རྩེའི་རི་ཁྲོད་པ་རྣམས་དང་། བཀྲ་ཤིས་ཐང་གི་རི་ཁྲོད་པ་རྣམས་བསྲེས་ཏེ། བཀྲ་ཤིས་རྣམ་རྒྱལ་གླིང་བཏབ།

དགུང་ལོ་རེ་གཉིས་སྟེང་བྱ་ཁྱུང་སྨན་པ་གྲྭ་ཚང་གི་ཁྲི་སྐྱོང་སྐབས། ཆོས་རྗེ་རྒྱ་ནག་པ་དར་རྒྱས་རྒྱ་མཚོ་སྨད་ནས་སླེབས་ཏེ། དུས་འཁོར་གྲྭ་ཚང་འཛུགས་དགོས་པར་ཞུས་པས། དུས་འཁོར་གྲྭ་ཚང་ཟུར་དུ་མི་དགོས་པར། སྨན་པ་གྲྭ་ཚང་དུས་འཁོར་གྲྭ་ཚང་དུ་བསྒྱུར་ཆོག་པར་གྲོས་འཆམ་སྟེ། དུས་འཁོར་ཆོག་ཆེན་ཞལ་འདོན་དུ་བཙུགས་པ་སོགས་ཕྱག་རྗེས་ཤིན་ཏུ་ཆེ།

དགུང་ལོ་རེ་བཞི་བར་བྱ་ཁྱུང་གི་མཁན་རབས་ཞེ་དགུ་བར(གཞན་དུ་ཞེ་བདུན་པ་ཟེར་བའང་ཡོད)བཞུགས། ཁྱུང་ཕྲུག་པའི་ཕར་ཕྱིན་སྐབས་དང་པོ་པར་དུ་བརྐོས། ལྷ་ཁང་ཆེན་མོར་ཞིག་གསོ་གནང་། སྔ་ཕྱིར་དབང་ལུང་རྗེས་གསུམ་གྱི་ཆོས་སྦྱིན་དང་། མང་འགྱེད་ཚད་མེད་བཏང་། ལོ་གཉིས་ནས་ཁྲིར་གནང་བ་ཞུས།

རྒྱུད་པ་གྲྭ་ཚང་གིས་ཞུས་ངོར། བདེ་མཆོག་གི་དབང་དང་། སྔགས་བཏུའི་རྗེས་གནང་སྩལ། གསང་སྔགས་བསྟན་རྒྱས་གླིང་དང་གནམ་རྫོང་སོགས་སུའང་རྟེན་བཞེངས་གནང་། བརྩམས་ཆོས་ལ། པོ་ཏི་གཉིས་ཙམ་བཞུགས་པར་རྣམ་ཐར་ལས་བཤད་ཀྱང་། ད་ལྟ་ཆོ་ག་དང་བསང་ཆོག་འགའ་རེ་མ་གཏོགས་མི་བཞུགས་པར་བཤད།

དེ་ལྟར་མཛད་འཕྲིན་ཇི་སྙེད་ཅིག་བསྐྱངས་ཏེ། དགུང་གྲངས་གྱ་བརྒྱད་པ་སྤྱི་ལོ ༡༨༢༧ ལོར་སྐུ་གཤེགས། འདི་བ་ཆེ་ཤོས་ལྷ་བཟོའི་སྐུ་སྐྱེ་ཡིན་པར་ཡང་བཤད། རྣམ་ཐར་རྒྱས་པ་ཁོང་གི་དངོས་སློབ་ཇུ་ནང་ངག་དབང་སྙན་གྲགས་ཀྱིས་མཛད་པ་སྡེབ་བཅུ་དགུ་ཙམ་མཆིས་པ། རྐ་ཕུག་དགོན་དུ་བཞུགས།

གསུམ་པ། ཨ་ཀྱཱ་ཡོངས་འཛིན་དང་རྐ་ཕུག་པཎྜི་ཏ་གཉིས་མི་གཅིག་མ་ཡིན་པའི་སྒྲུབ་བྱེད།

༡ འཁྲུངས་འདས་མི་གཅིག་པ། ཨ་ཀྱཱ་ཡོངས་འཛིན ༡༧༧༤ འཁྲུངས། འདས་ལོ་མི་གསལ།

རྐ་ཕུག་པཎྜི་ཏ ༡༧༤༠ འཁྲུངས། ༡༨༢༧ འདས།

༢ འཁྲུངས་ཡུལ་མི་གཅིག་པ། ཨ་ཀྱཱ་ཡོངས་འཛིན་གྱི་འཁྲུངས་ཡུལ། མདོ་སྨད་ཙོང་ཁའི་ཡུལ་གྱི་ཤར་ཕྱོགས་རྨ་ཆུའི་བྱང་འགྲམ་དུ། བོད་སོག་འདྲེས་མར་འདུས་སྡོད་གནང་བའི་ཟན་ཁྲོན་ཐང་ཀྱཱ་སྡེ་བ་ཡིན།

རྐ་ཕུག་པཎྜི་ཏ་འཁྲུངས་ཡུལ། མདོ་སྨད་གཙན་ཚ་གདོང་སྣ་ཞེས་པ། བི་ཀྱ་ཟེར་བའི་རིགས་ལས་འཁྲུངས།

༤ དགེ་རྒན་མི་གཅིག་པ། ཨ་ཀྱཱ་ཡོངས་འཛིན་གྱི་དགེ་རྒན། མཁས་དབང་འཕྲིན་ལས་བཟང་བོ་དང་། ངག་དབང་བཟོད་པ། རྭ་སྒྲེང་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པ་རབ་རྒྱས་དང་། འཇམ་བཞད་འཇིགས་མེད་དབང་བོ། ཤིང་བཟའ་བློ་བཟང་དར་རྒྱས་སོགས་བསྟེན།

རྐ་ཕུག་པཎྜི་ཏའི་དགེ་རྒན། དགེ་བཤེས་གཟི་ལུང་དཔོན་ཆུང་དང་། ཁོ་ཚེ་བློ་བཟང་བསོད་ནམས། འཇམ་བཞད་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་བོ། ཆུ་བཟང་། ཐུའུ་བཀྭན། ཨ་རིག་དགེ་བཤེས་ཆེན་མོ། གསེར་ཁང་བ། གཡེར་གཤོང་དགེ་འདུན་ཟླ་གྲགས་སོགས་བསྟེན།

རྐ་ཕུག་པཎྜི་ཏའི་དགེ་རྒན་བགྲང་སྐབས། ཨ་ལགས་ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབས་སུ། འཇམ་དབྱངས་བཞད་པ་ཞེས་འབྱུང་ཡང་། དེ་ནི་མིན་པར་སེམས་ཏེ། དེ་ལྟར་ན། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྤྱི་ལོ ༡༧༢༡ ལོར་སྐུ་གཤེགས་ལ། རྐ་ཕུག་པཎྜི་ཏ་སྤྱི་ལོ ༡༧༤༠ ལོར་སྐུ་འཁྲུངས་བས་ན། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་གཤེགས་ནས་ལོ་ངོ་ཉི་ཤུ་འགོར་རྗེས་སུ། རྐ་ཕུག་པཎྜི་ཏ་སྐུ་འཁྲུངས་པས་སོ།།

དེ་བས་ན། རྐ་ཕུག་གི་དགེ་རྒན་ནི་ཁོ་རང་ལས་ལོ་ངོ་བཅུ་གསུམ་ལས་འཁྲུངས་སྔ་བ་སྟེ། སྤྱི་ལོ ༡༧༢༨ ལོར་འཁྲུངས་པའི་འཇམ་བཞད་སྐུ་ཕྲེང་གཉིས་པ་ཡིན་དགོས་སོ།།

༥ སློབ་གཉེར་བྱ་ས་མི་གཅིག་པ། ཨ་ཀྱཱ་ཡོངས་འཛིན་གྱིས། སྐུ་འབུམ་བྱམས་པ་གླིང་དུ་སློབ་གཉེར་མཛད།

རྐ་ཕུག་པཎྜི་ཏས། བྱ་ཁྱུང་དགོན་པ་དང་། འབྲས་སྤུངས་སྒོ་མང་ནས་སློབ་གཉེར་གནང་།

བཞི་བ། ཨ་ཀྱཱ་ཡོངས་འཛིན་དང་རྐ་ཕུག་པཎྜི་ཏ་གཉིས་ནོར་སོ་འབྱུང་བའི་མཚུངས་ཆོས།

༡ འཁྲུངས་ཡུལ་མདོ་སྨད་རྨ་ཆུའི་འགྲམ་རྒྱུད་ལ་གཏོགས་པ།

༢ ཨ་ཀྱཱ་ཡོངས་འཛིན་དང་རྐ་ཕུག་པཎྜི་གཉིས་ཀྱི་མཚན་ལ་བློ་བཟང་དོན་གྲུབ་ཟེར་བ།

༣ ཁོང་རྣམ་གཉིས་ལ་གསུང་རྩོམ་པོ་ཏི་གཉིས་རེ་ཡོད་པ།

ལྔ་བ། ཨ་ཀྱཱ་ཡོངས་འཛིན་གྱི་ཕྱག་རྗེས་ཆེ་ཁག

༡ སྐུ་འབུམ་དུ་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་བཅའ་བཞག་པ། རབ་འབྱམས་པའི་ཐོབ་རྟགས་བླངས་པ།

༢ ཨ་ཀྱཱ་ཡེ་ཤེས་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་དུ་བཞུགས་པ།

༣ རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས་ཏེ་གནས་བསྟོད་གནང་བ།

༤ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་པར་སྐྲུན་བགྱིད་པ་ལ། ཞུས་ཆེན་གྱི་འགན་བཞེས་གནང་སྟེ། ལོ་ངོ་དྲུག་གི་རིང་ཡོངས་འགྲུབ་གནང་བ།

༥ བརྩམས་ཆོས་ལ། སུམ་རྟགས། སྡེབ་སྦྱོར། སྒྲ་རིག་སོགས་སྐུ་འབུམ་པར་མ་གླེགས་བམ་གཉིས་བཞུགས་པ་བཅས་སོ།།

དྲུག་པ། རྐ་ཕུག་པཎྜི་ཏའི་ཕྱག་རྗེས་ཆེ་ཁག

༡ དབུས་གཙང་དུ་ཕེབས་ཏེ། འབྲས་སྤུངས་སྒོ་མང་དང་། བྱ་ཁྱུང་དུ་མདོ་སྔགས་རིག་གནས་དང་བཅས་པ་ལ་ནང་བྱན་ཆུད་པར་སྦྱངས་ཏེ། པཎྜི་ཏའི་མཚན་སྙན་གྲགས་པ།

༢ ནས་འབྲུ་གཅིག་གི་སྟེང་དེ་བཞིན་གཤེགས་པའི་སྐུའི་སྐྱེ་མཆེད་ལེགས་པར་དོད་པ་སོགས་བཟོ་བོ་མཁས་པའི་ཚད་དུ་འཇོག་པ།

༣ རྐ་ཕུག་རྫོང་ནང་དགོན་པ་གསར་འདེབས་མཛད་པ་དང་། གནམ་རྫོང་རྩེའི་རི་ཁྲོད་པ་རྣམས་དང་། བཀྲ་ཤིས་ཐང་གི་རི་ཁྲོད་པ་རྣམས་བསྲེས་ཏེ། བཀྲ་ཤིས་རྣམ་རྒྱལ་གླིང་ཕྱག་བཏབ་པ།

༤ མགུར་རྣམ་རྒྱལ་གླིང་གི་ཁྲི་བསྐྱངས་པ། ལ་མོ་བདེ་ཆེན་ནས་ལྷ་མདུན་བླ་མར་བསྐོས་པ།

༥ བྱ་ཁྱུང་གི་མཁན་ཁྲིར་བཞུགས་པ། བྱ་ཁྱུང་སྨན་པ་གྲྭ་ཚང་དུ་དུས་འཁོར་ཆོག་ཆེན་ཞལ་འདོན་དུ་བཙུགས་པ།

བདུན་པ། དུང་དཀར་ཚིག་མཛོད་ཤོག་ངོས ༢༡༨༩—༢༡༩༠ བར། ཨ་ཀྱཱ་ཡོངས་འཛིན་གྱི་རྣམ་ཐར་བཀོད་པའི་ནང་མ་དག་པ་ཁོལ་དུ་ཕྱུང་ན།

༡ བི་ཀྱ་ཟེར་བའི་རིགས་ལས་ཡབ་ལོ་ལོ་དང་། ཡུམ་འབའ་གོ་གཉིས་ཀྱི་སྲས་སུ་འཁྲུངས་པ། རྐ་ཕུག་པཎྜི་ཏ་བློ་བཟང་དོན་གྲུབ་ཡིན་པ་ལས། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་མིན།

༢ རབ་བྱུང་བཅུ་གཉིས་པའི་ལྕགས་སྤྲེལ ༡༧༤༠ སྐུ་འཁྲུངས་པ་ནི། རྐ་ཕུག་པཎྜི་ཏ་བློ་བཟང་དོན་གྲུབ་ཡིན་པ་ལས། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་མིན། རྐ་ཕུག་པཎྜི་ཏ་བློ་བཟང་དོན་གྲུབ་འཁྲུངས་ནས་ལོ་ངོ ༣༤ རྗེས་སུ་ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་འཁྲུངས།

༣ ལྷ་རི་བ་བློ་བཟང་འབྱུང་གནས་ལས་རབ་ཏུ་བྱུང་སྟེ། མཚན་ལ་བློ་བཟང་དོན་གྲུབ་ཞེས་གསོལ་བ་ནི། རྐ་ཕུག་པཎྜི་ཏ་བློ་བཟང་དོན་གྲུབ་ཡིན་པ་ལས། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་མིན།

༤ བྱ་ཁྱུང་དགོན་དུ་ཆོས་ཞུགས་མཛད་དེ་སློབ་གཉེར་གནང་བ་རྐ་ཕུག་པཎྜི་ཏ་བློ་བཟང་དོན་གྲུབ་ཡིན་པ་ལས། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་མིན།

༥ དགུང་ལོ་ཉེར་བདུན་སྟེང་འབྲས་སྤུངས་སྒོ་མང་དུ་བྱོན་ཏེ་སློབ་གཉེར་གནང་བ་རྐ་ཕུག་པཎྜི་ཏ་བློ་བཟང་དོན་གྲུབ་ཡིན་པ་ལས། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་མིན།

༦ ནས་འབྲུ་གཅིག་གི་སྟེང་དེ་བཞིན་གཤེགས་པའི་སྐུའི་སྐྱེ་མཆེད་ལེགས་པར་དོད་ཐུབ་པའི་བཟོ་བོ། རྐ་ཕུག་པཎྜི་ཏ་བློ་བཟང་དོན་གྲུབ་ཡིན་པ་ལས། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་མིན།

༧ མགུར་རྣམ་རྒྱལ་གླིང་གི་ཁྲི་བསྐྱངས་པ་དང་། རྐ་ཕུག་རྫོང་ནང་དགོན་པ་འདེབས་མཁན། བྱ་ཁྱུང་སྨན་པ་གྲྭ་ཚང་དུ་དུས་འཁོར་ཆོག་ཆེན་ཞལ་འདོན་དུ་བཙུགས་པ། བྱ་ཁྱུང་གི་མཁན་རབས་ཞེ་དགུ་བར་བཞུགས་པ་སོགས་ནི། རྐ་ཕུག་པཎྜི་ཏ་བློ་བཟང་དོན་གྲུབ་ཡིན་པ་ལས། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་མིན།

༨ དགུང་ལོ་བརྒྱད་ཅུ་གྱ་བརྒྱད་པ་རབ་བྱུང་བཅུ་བཞི་བའི་མེ་ཕག ༡༨༢༧ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་རྐ་ཕུག་པཎྜི་ཏ་བློ་བཟང་དོན་གྲུབ་ཡིན་པ་ལས། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་མིན།

བརྒྱད་པ། དུང་དཀར་ཚིག་མཛོད་ཤོག་ངོས ༢༡༨༩—༢༡༩༠ བར། ཨ་ཀྱཱ་ཡོངས་འཛིན་གྱི་རྣམ་ཐར་བཀོད་པའི་ནང་དག་པའི་ཆ་ལ།

༡ འཁྲུངས་ཡུལ། མདོ་སྨད་ཙོང་ཁའི་ཡུལ་གྱི་ཤར་ཕྱོགས་རྨ་ཆུའི་བྱང་འགྲམ་དུ། བོད་སོག་འདྲེས་མར་འདུས་སྡོད་གནང་བའི་ཟན་ཁྲོན་ཐང་ཀྱཱ་སྡེ་བ་ཡིན་པ།

༢ སྐུ་འབུམ་དགོན་པའི་ཨ་ཀྱཱ་ཡེ་ཤེས་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་མཛད་པ་ནས་བཟུང་། མཚན་ལ་ཨ་ཀྱཱ་ཡོངས་འཛིན་ཞེས་ཡོངས་གྲགས་སུ་གྱུར་བ།

༣ རྗེ་ཡབ་སྲས་ཀྱི་གསུང་འབུམ་དཔར་དུ་འགོད་རྒྱུ་ལ་ཞུ་དག་ལེགས་པར་མཛད་པ།

༤ བཀའ་རྩོམ་གྱི་སྐོར་ལ། མཁས་པ་བླུན་པོ་བརྟག་པའི་བསྟན་བཅོས་དགེ་ལྡན་ལེགས་བཤད་པདྨ་དཀར་བོའི་ཆུན་པོའི་འགྲེལ་བ་ཉི་མའི་འོད་ཟེར་ནས། རྟགས་ཀྱི་འཇུག་པའི་དཀའ་གནད་བདག་གཞན་དང་བྱ་བྱེད་ལས་གསུམ་གྱི་ཁྱད་པར་ཞིབ་ཏུ་ཕྱེས་པ་ཉུང་གསལ་འཕྲུལ་གྱི་ལྡེ་མིག་སོགས་པོད་འབྲིང་གཉིས་ལྷག་མཛད་པ་རྣམས་དག་པའི་ཆའོ།།

དགུ་བ། ༢ སྤྱི་ལོ ༡༩༩༠ ལོའི་ཟླ ༤ བར། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་མཛད་པའི<ཞྭ་སེར་བསྟན་པའི་སྒྲོན་མེ་རྗེ་ཙོང་ཁ་པ་ཆེན་པོས་གཙོས་སྐྱེས་ཆེན་དམ་པ་རིམ་བྱུང་གི་གསུང་འབུམ་དཀར་ཆག་ཕྱོགས་གཅིག་ཏུ་བསྒྲིགས་པའི་དྲི་མེད་ཟླ་ཤེལ་གཙང་མའི་མེ་ལོང>ཞེས་པའི་འཁྲུལ་གཞི་འདི་ལ་བརྟེན་ཏེ། མང་དག་ཅིག་ནོར་བ་རྒྱུན་འབྱམས་སུ་གྱུར་ཡོད་པ་ནི།

༡ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས། སྤྱི་ལོ ༡༩༩༣ ལོའི་ཟླ ༡༢ བའི་ནང་པར་དུ་བསྐྲུན་པ། དོན་རྡོར་དང་བསྟན་འཛིན་ཆོས་གྲགས་ཀྱིས་བསྒྲིགས་པའི<གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ> ཞེས་པར། ཁོང་གིས་རྗེ་ཡབ་སྲས་གསུམ་གྱི་ཤིང་པར་བརྐོ་དུས། ཞུས་ཆེན་གྱི་འགན་བཞེས་པ་དང་། བཀའ་རྩོམ་གྱི་དཀར་ཆག་འགའ་ཤས་དག་པ་མ་གཏོགས་ནོར་བ་ཇི་ལྟ་བ་བཞིན་དུ་སྣང་བ་དང་།

༢ ༢༠༠༢ ལོར་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་གནང་བའི་དུང་དཀར་ཚིག་མཛོད་དུ་འང་། <གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ> ཞེས་པ་དང་ཡིག་རྡོག་གཅིག་གིས་དམན་ལྷག་མེད་པར། བྲིས་བཤུས་གནང་ཡོད་པ་དང་།

༣ ཡང་ཨ་ཀྱཱ་ཡོངས་འཛིན་གྱི་སྔགས་ཀྱི་དཔེ་ཆ་ཞིག་པར་སྐྲུན་གནང་ཡོད་པ་དེའི་དབུར་ཡང་། ཁོང་གི་རྣམ་ཐར་དུང་དཀར་ཚིག་མཛོད་ལྟར་འབྲི་གནང་མཛད་ཡོད་པ་སོགས་སོ།།

དཔྱད་རྩོམ།

Post navigation

Previous Post: ཇོ་དཔལ་ལྡན་དང་དགྲ་གནོན་ཁྲོ་ཕུར་ཟེར་བ་སུ་རེད།
Next Post: ཐོལ་རྩོམ།

Comments (3) on “དུང་དཀར་ཚིག་མཛོད་ལས་འབྱུང་བའི་ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར་ལ་དཔྱད་པ།”

  1. སྲིན་པོ་རྫ་རྒན says:
    2020-11-28 at 3:19 pm

    ཞིབ་མོའི་ལུགས་སུ་བྱས་ན། དཔྱད་སྟངས་འདིས་ཀྱང་ཁུངས་འཁྱོལ་དཀའ་བ་ཡིན།

  2. jigwang Abharu says:
    2020-11-28 at 9:04 pm

    འཇམ་དབྱངས་ནོར་བུ་རྩོམ་པ་པོ་ཡིན་ཞེས་མང་པོས་བརྩི་འཇོག་བྱས་ཀྱང་
    ད་ལེན་འཇམ་ནོར་ནས་རྩོམ་པ་པོ་ཞིག་གི་སྐད་ཆ་བཤད་སྟངས་ལ་བལྟས་ན་
    མང་པོ་ཞིག་གིས་ཆ་འཇོག་ཅན་གྱིས་སྐད་ཆ་མ་བཤད་པར་ཕྱོགས་གཅིག་རྐྱང་པས་
    སྐད་ཆ་སྐྱག་རྗུན་བཤད་སོང་ཞེས་མན་ཇུ་ཀྲི་ལ་ལ་བསྡད་མཁན་ཞིག་གིས་བཤད་སོང་བ།
    གསན་ཡོད་ཤག།
    འཇམ་ནོར་གཟབ་དགོས་རང་ཚུགས་ཟིན།
    དཀྱུས་མའི་ཚོགས་ལ་ཕེབས་ཚོད་ཟིན།
    དཀྱུས་མའི་ཚོགས་སུ་ཕེབས་སོང་ན།
    རང་སྐྱོན་རང་གིས་སྟོན་དང་མཚུངས།
    ཁྱིམ་ཆུང་གྲུ་བཞིའི་ནང་ནས་། ཁ་ནས་རང་བཙན་ཟེར་ཞིང།
    ལས་རྒྱུ་བྱེད་རྒྱུ་མེད་པར་། དབུ་ལམ་སྐྱོན་བརྗོད་བྱས་པ།
    འདི་ནི་བཟང་སྤྱོད་མིན་ལ། ངན་སྤྱོད་མིན་ན་ཅི་ཡིན།

  3. lobsang says:
    2020-12-01 at 4:18 am

    འཇམ་དབྱངས་ནོར་བུ་རྩོམ་པ་པོ་གཅིག་ཡིན་རྒྱུ་རེད་དེ་་་་མི་གཡག་པོ་དང་ཐང་ཐང་གཅིག་གཏན་མ་རེད་་་་་ཆོལ་ཞེན་ཤུགས་ཆེན་ཡོད་པ་མ་ཟིན་ཨ་མདོ་མི་མང་ཁྱོན་ནས་དགའ་གི་མ་རེད་ལ་མདོ་སྨད་མི་མང་ལ་ཁྱད་གསོལ་བྱས་པ་དཔང་རྟགས་མང་པོ་ཡོད་རེད་་་་་གླད་སྟོང་ཁ་ཤེས་ཀྱིས་ཁོང་གི་སྐུབ་ལྯག་གི་ཡོད་པ་རེད་འདུག་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme