Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཧ་ཤང་དང་འབྲེལ་བའི་དྲིས་ལན་ཁ་ཐུག་མ།

Posted on 2020-10-12 By ཁ་བརྡ 4 Comments on ཧ་ཤང་དང་འབྲེལ་བའི་དྲིས་ལན་ཁ་ཐུག་མ།

རྫ་ཚེ་རིང་བཀྲ་ཤིས།
 
བཀུར་འོས་གཡུ་སྨྱོན་ཧེ་རུ་ཀ་ལགས། ཁྱེད་ཀྱིས་ང་ལ་སྐུར་བའི་དྲི་བ་དེ་བཀྲ་ཤིས་དཔལ་འབྱོར་ཟེར་བ་ཞིག་གིས་བོད་ཕྲན་བརྒྱུད་ང་ལ་བཏང་འདུག་པ་ད་ལྟ་རང་མཐོང་བྱུང་། སྤྱིར་ལོ་སྔ་མ་དག་ཏུ་ཕྲན་གྱིས་བསྒྱུར་བའི་སྟེགས་མདོ་དང་སྟེགས་མདོའི་སྟོང་ཐུན་སོགས་ལས་འཕྲོས་པའི་དྲི་བ་ཚད་ལྡན་དེ་འདྲ་འགའ་འབྱོར་བྱུང་སྟེ། ད་བར་དངོས་སུ་ལན་འདེབས་མ་ཐུབ་པར་དེ་མུར་ལུས་སོང་། འོན་ཀྱང་། གུས་མེད་ཞུས་པ་མིན། དྲི་བ་དེ་དག་ད་དུང་ཡང་ཉར་ཚགས་བྱས་ནས་བསྡད་ཡོད།

དོ་ནུབ་འདིར་ཁ་ཐུག་ཁྱེད་ཀྱི་དྲི་བ་དེར་ལན་སྟབས་བདེ་ཞིག་འབུལ་རྒྱུ་ཡིན། དེ་ཡང་གུས་པའི་ངོས་ནས་བོད་ལ་ཡོངས་གྲགས་ཧ་ཤང་གི་ལྟ་བ་ཞེས་གྲགས་པའི་བོད་དུ་ཕེབས་མཁན་ཧ་ཤང་མ་ཧཱ་ཡན་གྱི་ལྟ་གྲུབ་དེ་དག་སྤྱིའི་ཆ་ནས་ལྟ་བ་ཡང་དག་པ་ཞིག་ཡིན་པའི་ཡིད་ཆེས་བྱེད་བཞིན་ཡོད། དེ་ཡང་སྤྱིའི་ཆ་ནས་ཟེར་དོན་བྱེ་བྲག་གི་འཛིན་མཚམས་ཕྲ་བ་རེ་རེ་ནས་སྐྱོན་མེད་ཡང་དག་ཡིན་མིན་ནི་ང་ལྟ་བུས་བཤད་ཐུབ་པ་ཞིག་མ་རེད། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་བསམ་གཏན་མིག་གི་སྒྲོན་མ་སོགས་ཚད་ཐུབ་ཀྱི་ཡིག་རྙིང་དང་། དེ་མིན་དཔྱད་གཞི་མང་པོ་ཞིག་གི་ཐོག་ནས་ཁོང་གི་ལྟ་བ་དེ་ཡང་དག་པ་ཞིག་ཡིན་པ་ནི་ཁུངས་སྐྱེལ་ཐུབ་པ་ཞིག་ཏུ་མཐོང་མོད། དེ་ལས་ལྡོག་སྟེ་བོད་ཀྱི་སློབ་དཔོན་འགའ་ཞིག་གིས་ཧ་ཤང་ལ་ཆེས་ཆེར་སྨད་པ་དེ་དག་ནི་བསམ་ཚོད་ཀྱི་དགག་པ་ཙམ་ལས། སྔ་རྒོལ་གྱི་བཞེད་བཞུང་ལེགས་པར་གཟིགས་ནས་གསུངས་པ་ཞིག་ཨེ་ཡིན་སྙམ་ཞིང་། མ་མཐའ་ཡང་སྔ་རྒོལ་གྱི་བཞེད་བཞུང་ཆ་ཚང་ལེགས་པར་དྲངས་ནས་དབྱེ་ཞིབ་བྱས་པ་ཞིག་ད་བར་མ་མཇལ།

བོད་ཀྱི་མཁས་པ་དག་གི་ཁྲོད་ནས་ཧ་ཤང་གི་གཞུང་ཡང་དག་པ་ཡིན་པར་བཞེད་མཁན་གྱི་ཕྱོགས་ཀྱི་མཁས་གྲུབ་དུ་མ་ཞིག་གི་གསུང་དངོས་སྟེགས་མདོའི་སྟོང་ཐུན་ཉི་ཟླའི་འོད་ཟེར་དུ་བྲིས་ཟིན་པ་དེ་ཀ་ལགས། ད་དུང་དེར་མ་འཁོད་པ་ཇོ་ནང་ཀུན་མཁྱེན་སྒྲོལ་བའི་མགོན་པོ་དང་རིག་འཛིན་འཇིགས་མེད་གླིང་པ་སོགས་ཀྱང་ཧ་ཤང་གི་ལུགས་འདི་ལ་དྲང་ཕྱོགས་ཀྱི་ངོས་འཛིན་གནང་ཡོད། སྐབས་དོན་དངོས་ནི། སྤྱིར་གུས་པས་སྟེགས་མདོའི་སྟོང་ཐུན་དུ། ཧ་ཤང་མ་ཧཱ་ཡན་གྱི་དགོངས་པ་དེ་ཉིད་དབུ་མ་ཐལ་འགྱུར་དང་འདྲ་བར་རྣམ་གྲངས་མིན་པའི་དོན་དམ་ལ་ཅིག་ཅར་དུ་འཇུག་པའི་འཇོག་སྒོམ་གྱི་མན་ངག་གམ། མདོའི་བསྒོམ་རིམ་ཟབ་མོ་ཞིག་ཡིན་པར་ཁས་བླངས་པ་དེ་བདེན་པ་རེད།

དེ་བཞིན་དུ། མཁན་ཆེན་ཞི་བ་འཚོ་རང་རྒྱུད་པ་ཡིན་པ་དེའང་སྤྱིར་བཏང་རྩོད་མེད་ཡོངས་གྲགས་རེད། རང་རྒྱུད་ཤར་གསུམ་གྱི་མཁན་པོའི་གྲས་ཡིན་པར་མ་ཟད། རྣལ་འབྱོར་སྤྱོད་པའི་དབུ་མ་རང་བརྒྱུད་པའི་ཤིང་རྟའི་སྲོལ་འབྱེད་ཀྱང་རེད། ཡིན་ན་ཡང་། ཁོང་གིས་ཐལ་འགྱུར་བ་ཁས་ལེན་མི་ལེན་ནི་རེ་ཞིག་ཁ་ཚོན་ཆོད་དཀའ་བ་ཞིག་རེད། འཇམ་མགོན་མི་ཕམ་པ་སོགས་ཀྱིས་ཐལ་རང་དགོངས་པ་དབྱེར་མེད་དུ་བསྒྲུབས་པ་སོགས་ལ་ལྟོས་ན་མཐར་རྣམ་གྲངས་མ་ཡིན་པའི་དོན་དམ་སྤྲོས་པ་ཀུན་བྲལ་དུ་ལ་ཟློ་བའི་བཞེད་ཕྱོགས་ཤིག་འཛིན་གྱི་ཡོད་མོད། གང་ལྟར་གྲུབ་མཐའི་དབང་དུ་བཏང་ན་ནི་རང་རྒྱུད་པ་འཁྲུལ་མེད་ཅིག་རེད་ལ། སློབ་དཔོན་ཆེན་པོ་པདྨའི་ངང་ཚུལ་ཡང་དེ་དང་གཅིག་པ་རེད།

ལར་འཕགས་ཡུལ་དུ་མཁས་པ་ཁོང་དག་གིས་ལྟ་གྲུབ་ཀྱི་རྩོད་པ་གནང་སྐབས་སོ་སོའི་ལུགས་སོ་སོས་བསྐྱངས་པ་ལས་དོན་གྱིས་གཅིག་པ་རེད་ཟེར་ནས་དག་སྣང་སྦྱོང་རེས་བྱས་ནས་བཞུགས་པ་དེ་འདྲ་རང་ཡང་མིན་པ་ནི་འཇུག་པའི་ཀླུ་སྒྲུབ་བློ་མཚོ་སོགས་ཀྱི་ཐད་ཀྱི་རང་འགྲེལ་གྱི་ཚིག་འགྲོས་འགྲོས་ལ་བལྟས་ནའང་ཤིན་ཏུ་གསལ། མཁས་ཤིང་གྲུབ་པ་བརྙེས་པའི་འཕགས་ཡུལ་གྱི་སློབ་དཔོན་རྩོད་མེད་ཡིན་ན་ཡང་། གྲུབ་མཐའ་ནི་ཚང་མ་ཐལ་འགྱུར་བ་དང་། བོད་དག་དང་འདྲ་བར་གྲུབ་མཐའ་མཐོ་ཤོས་སུ་གྲགས་པ་དེའི་ཕྱོགས་འཛིན་བྱེད་མཁན་ཡིན་པར་ཁས་འཆེ་བའི་ངེས་པ་གང་ཡང་མི་འདུག །བིར་ཝ་བ་ལྟ་བུ་གྲུབ་པའི་སློབ་དཔོན་ཆེན་པོའང་གྲུབ་མཐའ་ནི་སེམས་ཙམ་པ་རང་ཡིན་པར་གསུངས་སྲོལ་ཡོད་པ་ལྟ་བུ་རེད། འཕགས་ཡུལ་དུའང་། ཐལ་རང་དང་སེམས་ཙམ་སོགས་ཀྱི་ལུགས་འཛིན་པའི་རྒྱན་དྲུག་སོགས་མཁས་པ་རྩོད་མེད་བྱུང་བ་དག་ཀྱང་། གྲུབ་མཐའ་གང་གི་ལུགས་འཛིན་པ་ཞིག་ཡིན་པ་དེ་མཁས་གྲུབ་དེའི་དོན་གྱི་དགོངས་མཉམ་དང་རྒྱུད་ཚོད་དེ། ཕལ་སྐད་ཀྱིས་ཞུས་ན་བླ་མ་སུ་བཟང་གི་ཚད་འཇལ་བྱེད་ཅིག་ཡིན་པའི་ངེས་པ་ཡོད་པ་དེ་འདྲ་མ་རེད་དྲན་གྱི་ཡོད། མདོར་ན། འཕགས་ཡུལ་དུ་མཁས་གྲུབ་ཀྱི་སློབ་དཔོན་རྩོད་མེད་དག་གི་ནང་དུའང་གྲུབ་མཐའི་ཆ་ནས་ཧ་ཅང་མི་འདྲ་བ་ཡོང་ཆོག་ན། བོད་དུའང་དེ་ནང་བཞིན་ཡོང་ལོས་ཆོག །མཁན་ཆེན་ཡབ་སྲས་ཀྱི་རྩོད་ཟླར་གྱུར་པ་ཙམ་གྱིས་གྲུབ་མཐའ་དམན་པ་ཞིག་ཡིན་དགོས་ངེས་ལྟ་བུའང་ཅིས་ཀྱང་མེད་པ་རེད།

ཁྱེད་ཀྱི་དོགས་པ་གཙོ་བོ་དེ། གལ་ཏེ་ཧ་ཤང་གི་ལྟ་གྲུབ་དེ་དབུ་མ་ཐལ་འགྱུར་པ་དང་འདྲ་བ་ཞིག་ཡིན་ན། མཁན་ཆེན་གྱིས་ཀ་མ་ལ་ཤཱི་ལ་གདན་དྲངས་ནས་ལོག་པ་སུན་འབྱིན་དགོས་ཚུལ་ལུང་དུ་བསྟན་པ་དེས་མཁན་ཆེན་གྱིས་ཧ་ཤང་གི་ལྟ་བ་དེ་ལྟ་ལོག་ཏུ་བཞེད་ཀྱི་ཡོད་པ་རེད་དམ། དེ་ཡོད་ན་སློབ་དཔོན་ཆེན་པོ་པདྨའི་རྫོགས་ཆེན་གྱི་ལྟ་བའང་ཐལ་འགྱུར་དུ་གནས་དགོས་པས་དེ་ལ་མཁན་ཆེན་གྱིས་ཅིའི་ཕྱིར་ལྟ་ལོག་ཏུ་མ་གཟིགས་པ་རེད་ཅེས་པ་དེ་རེད་འདུག

ངས་བསམ་ན། ཀ་མ་ལ་ཤཱི་ལ་དང་ཧ་ཤང་དངོས་སུ་རྩོད་པ་བྱས་ཡོད་མེད་ཀྱང་ད་དུང་ཁ་ཚོད་བཅད་ནས་བཤད་ཐུབ་པ་ཞིག་མ་རེད་ལ། ལུང་བསྟན་དེ་འདྲ་ཞིག་མཁན་ཆེན་གྱིས་གནང་ཡོད་མེད་ཀྱང་ད་དུང་ཞིབ་འཇུག་བྱ་དགོས་པ་ཞིག་རེད། གལ་ཏེ་ཡོད་པའི་དབང་དུ་བཏང་ཡང་། དེ་ནི་ཀ་མ་ལ་ཤཱི་ལ་བོད་དུ་ཕེབས་སྐབས་ཙམ་གྱི་དུས་དེར་བོད་དུ་རྒྱ་དཀར་ནག་གི་ནང་པའི་ལུགས་གཉིས་སྤེལ་ནས་དེའི་དབང་གི་ནང་ཁུལ་མི་མཐུན་པ་སོགས་དང་ཤོག་ཁག་གི་རྩོད་པ་སོགས་ཕྱོགས་རིས་ཀྱི་རྩོད་པ་མང་པོ་ཞིག་འབྱུང་མགོ་བརྩམས་པ་གསལ་པོ་ཡིན་པས། བོད་དུ་རིམ་གྱིས་པའམ། སྐབས་དེར་རྒྱ་གར་ནས་ཐད་ཀར་བརྒྱུད་པའི་རང་རྒྱུད་ཀྱི་ལུགས་དེ་ཉིད་སྤེལ་ན་འོས་འཚམས་ཆེ་ཤོས་ཡིན་པ་དང་། དེ་ཉིད་མཐའ་བརྟན་པོ་ཡོང་བ་སོགས་ལ་མཁན་ཆེན་གྱིས་ཕྱི་མཐའ་གཟིགས་པའི་མངོན་ཤེས་ཀྱིས་ཁོང་གི་ལུགས་དེ་ཉིད་མུ་མཐུད་བོད་ཀྱི་གཙོ་རྒྱུག་ནང་པའི་ཆོས་བརྒྱུད་ཀྱི་ངོ་བོར་གནས་རྒྱུའི་དགེ་མཚན་གཟིགས་པ་ཞིག་ཡིན་པར་ངོས་འཛིན་བྱས་ན་ཆོག་མོད། དེ་ཡང་རྒྱ་ནག་ནས་བརྒྱུད་པའི་བསམ་གཏན་པའི་ཆོས་བརྒྱུད་དེ་ངོ་བོའི་ཆ་ནས་ལྟ་ལོག་རང་ཞིག་ཡིན་པར་བཞེད་ཀྱི་ཡོད་པའི་རྒྱུ་མཚན་དུ་མི་འགྲོ མ་ཟད་གཞག་ཐབས་ཀྱི་ཆ་ནས་འཇོག་སྒོམ་དང་དཔྱད་སྒོམ་གང་འོས་སོགས་ཀྱི་རྩོད་པ་ཞིག་ལས་ལྟ་བ་རང་ལྡོག་གི་རྩོད་པ་ཞིག་ཡིན་པ་ནི་བསྒོམ་རིམ་གསུམ་ཆར་ལ་བལྟས་ནའང་ཡེ་མི་གསལ་ཞེས་བཤད་ཐུབ་པ་ལྟ་བུར་འདུག

ལར་ངས་ཀྱང་དོན་གྱི་བབ་བ་བསམ་ནས། ་བསམ་གཏན་ཅིག་ཅར་བའི་གཞུང་སྤྱི་འགྲོས་ལ་གོ་བ་ལེན་སྟངས་ལྟར། ཧ་ཤང་མ་ཧཱ་ཡན་གྱི་བཞེད་པའང་། ཐལ་འགྱུར་བ་དང་ཉེ་བའི་མདོའི་མན་ངག་གི་འཆད་ཚུལ་ཐུན་མོང་མིན་པ་ཞིག་ཏུ་ངོས་འཛིན་བྱས་པ་ལས་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པ་སོགས་ཀྱིས་རྩ་ཤེས་ཀྱི་དགོངས་པ་འགྲེལ་ཚུལ་ལས་བྱུང་བའི་ཐལ་འགྱུར་བའི་གྲུབ་མཐའ་ངོ་ཏི་དེ་ཡིན་པ་ནི་ནམ་ཡང་སྨྲས་མེད། ཕྱོགས་གཞན་ཞིག་ནས། མཁན་ཆེན་ཡབ་སྲས་ཀྱིས་ཟླ་གྲགས་རྗེས་འབྲངས་དང་བཅས་པ་དང་། མ་ཧཱ་ཡན་ལ་གཟིགས་སྟངས་མི་འདྲ་ས་གཙོ་བོ་ཞིག་ནི། ལྟ་བའི་རང་ལྡོག་ནས་མ་ཡིན་པར་ལྟ་བ་འཚོལ་སྟངས་ཀྱི་ངོས་ནས་ཡིན་ཆོག་པ་ཞིག་རེད། དེ་ནི་ཀ་མ་ལ་ཤཱི་ལས། སོ་སོར་རྟོག་པའི་ཤེས་རབ་མེད་པར་ཡིད་ལ་བྱ་བ་མེད་པ་དང་དྲན་པ་མེད་པར་བྱེད་མི་ནུས་ཏེ། སོགས་ཀྱིས་ཤེས་ནུས་པ་ཡོད། ད་དུང་ཁ་གསལ་ཙམ་བཤད་ན། ཧ་ཤང་མ་ཧཱ་ཡན་དང་ཁོང་གི་བརྒྱུད་པ་བོད་དུ་གནས་མ་ཐུབ་པ་དེ་ནི་ལམ་ཉམས་ལེན་གྱི་འཁྲིད་སྟངས་དེ་གདུལ་བྱ་ཐུན་མོང་པ་ལ་འཚམས་པའི་རིམ་གྱིས་པ་ལྟར་མ་ཡིན་པས་ཡོངས་ཁྱབ་ཏུ་སྤེལ་ན་རྙོག་དྲ་འགའ་རེ་ཡོང་སྲིད་པ་ཞིག་ཡིན་པ་འདི་ཧ་ཤང་གི་རྗེས་འབྲང་མང་པོས་འདུས་བྱས་ཀྱི་དགེ་སྦྱོར་གཞན་ལ་གལ་ཆུང་དུ་བྱས་ནས་བསྒོམ་ཁོ་ནར་གཙོ་བོར་གཞོལ་ན་ཆོག་པའི་གོ་བ་ལེན་སྟངས་ཀྱིས། སྐབས་དེའི་རྒྱལ་པོ་དང་བཅས་པའི་སྤྱི་ཚོགས་ལ་བག་ཆགས་ཡག་པོ་ཞིག་མ་བཞག་པ་དང་གཅིག དུས་ཐུང་ནང་ཧ་ཤང་གི་རྗེས་འཇུག་པ་འཕེལ་ཚད་མྱུར་བ་དང་གཉིས་ཏེ། དུས་ཐུང་ནང་བོད་ཐམས་ཅད་ཁོང་གི་རྗེས་འབྲངས་སུ་སོང་ནས་མཁན་པོའི་ལུགས་བྱེད་མཁན་ཉུང་ཤས་ལས་མེད་པ་ལྟ་བུ་ཞིག་བྱུང་ཞེས་ཡིག་ཆ་དག་ཏུ་གསལ་བ་དེར་བལྟས་ན། ཁོང་གི་བརྒྱུད་པ་ཤུགས་ཆེན་པོ་འཕེལ་བ་དེ་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་དང་། འཕགས་ཡུལ་ནས་ཐད་ཀར་བླངས་པའི་ནང་ཆོས་ཀྱི་བརྒྱུད་པ་ལ་གཙིགས་སུ་འཛིན་པའི་བཙན་པོ་ཡབ་ཀྱི་དུས་ཀྱི་ལོ་ཙཱ་དང་མཁས་པ་སོགས་རྒན་པ་དག་གི་ངོས་ནས་ཅུང་ཟད་དང་ལེན་བྱ་མི་ཐུབ་པའི་ཉེན་ཁ་ཞིག་ཏུ་གྱུར་ཡོད་པ་ཚོད་དཔག་ཐུབ་པ་ཞིག་སྟེ། ཧ་ཤང་བོད་ནས་ཕྱིར་ཕུད་པ་འདི་ལ་རྒྱུ་རྐྱེན་མང་པོ་ཞིག་ཡོད་པའི་ངོས་འཛིན་དགོས་ཚུལ་སྔར་ངས་སྟོང་ཐུན་དུ་བྲིས་ཟིན་པ་ལྟར་ཡིན།

ལར་ནས་དེང་དུས་ཀྱི་ཞིབ་འཇུག་པ་དང་། ལོ་རྒྱུས་ལ་གྱི་དོན་རྐྱེན་རྙིང་པར་ཕྱིར་རྟོག་བྱེད་མཁན་ཞིག་གི་ངོས་ནས་བཤད་ན་ཡང་། ང་ཚོས་བསམ་ཡས་ཆོས་རྩོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་གསུང་ཚུལ་འདི་དག་ལྟ་བ་རྣམ་དག་ཡིན་མིན་གྱི་རྩོད་པ་ཁོ་ན་ཞིག་ཏུ་ངོས་འཛིན་བྱེད་པའི་ནམ་རྒྱུན་གྱི་བསམ་བློ་གཏོང་སྟངས་དེར་འགྱུར་བ་གཏོང་དགོས་ངེས་ཤིག་ཆགས་ཡོད། ཧ་ཤང་གི་ལྟ་བ་ཡང་དག་པ་ཡིན་མིན་དེ། ད་ཆ་ང་ཚོའི་མཐོང་དུ་ཡོད་པའི་ཧ་ཤང་རང་གི་གཞུང་དང་གཅིག །དེའི་རྒྱབ་ལྗོངས་སུ་གྱུར་པའི་བསམ་གཏན་ཅིག་ཅར་བའི་གཞུང་དག་དང་གཉིས། ཧ་ཤང་མ་ཧཱ་ཡན་དང་དུས་ཐོག་མཉམ་པའི་བོད་ཀྱི་མཁས་པས་མཛད་པའི་ཚད་ལྡན་གྱི་བསྟན་བཅོས་དུ་ཇི་ལྟར་དཀྲལ་བ་དང་གསུམ་ལ་གཙོ་བོ་བྱེད་དགོས་པ་ལས། ཆོས་འབྱུང་ཞིག་ཏུ་མཁན་ཆེན་གྱིས་དེ་ལྟར་ལུང་བསྟན་པ་རེད་ཅེས་གསུངས་པ་ཙམ་ཞིག་གིས་ཧ་ཤང་ལ་འཛིན་པའི་ངོས་འཛིན་གྱི་ཚད་གཞིར་སྡོམ་ཚིག་སྐྱོན་པ་ནི་དྲང་མོ་དྲང་བཞག་གི་ཞིབ་འཇུག་གནང་སྟངས་ཤིག་ཡིན་མིན་ནི་མ་བཤད་ཀྱང་གོ་བ་ལེན་ཐུབ་པ་ཞིག་རེད་སྙམ།

དེ་ཡང་། བོད་ལ་འཆར་ཅན་གྱི་ལོ་རྒྱུས་ཀྱི་བཤད་སྒྲོས་ཤིག་ལ། གང་ཞིག་རང་གི་སྒྲུབ་ཕྱོགས་དེ་ཡང་དག་པ་ཡིན་པ་དང་། གཞན་ཕྱོགས་དེ་བདུད་དང་ལོག་ལྟ་སོགས་ངན་ཚད་སྡུག་ཚད་ཡིན་བསྡད་པ་ལྟ་བུ་ཕྱོགས་གཅིག་ཁོ་ནའི་བཤད་ཚུལ་ཞིག་བན་བོན་གྱི་བར་དང་། ཀ་ཤཱི་དང་ཧ་ཤང་གི་བར། བསྟན་པ་སྔ་དར་དང་ཕྱི་དར་གྱི་བར་སོགས་ལའང་ཧ་ཅང་ཤུགས་ཆེན་པོ་ཞིག་ཡོད་པ་འདི་ཡིན་པས། དེ་བས་ཀྱང་བོད་རང་གི་ཕྱོགས་གཅིག་གི་འཆད་སྟངས་ཀྱིས་ཧ་ཤང་གི་གཞུང་ལུགས་ལ་སྡོམ་ཚིག་འཇོག་མི་རུང་བ་འདི་གལ་ཆེན་པོ་ཞིག་ཡིན། གལ་ཏེ་དེ་ལྟ་བུའི་ཕྱོགས་གང་རུང་ཞིག་གི་བཤད་སྟངས་ཁོ་ན་ལ་གཞི་བཅོལ་བའི་ཞིབ་འཇུག་གི་བྱ་ཐབས་ཤིག་གིས་སྡོམ་ཚིག་ཅིག་བཏོན་པའི་དབང་དུ་བཏང་ཡང་། དེ་ལ་དེང་རབས་ཀྱི་རྒྱལ་སྤྱིའི་ཞིབ་འཇུག་པ་དག་གིས་ནི་ནམ་ཡང་ངོས་ལེན་བྱེད་མི་སྲིད་པ་ཞིག་རེད། འདི་ཡང་གོ་དགོས་པ་ཞིག་ཡིན་སྲིད། རྫོགས་སོ།།

སྤྱི་ལོ་༢༠༢༠ ཟླ་ ༡༠ ཚེས་༡༢ ལ། རྫ་ཚེ་རིང་བཀྲ་ཤིས་ཀྱིས་འཕྲལ་མར་བྲིས་ཏེ་སྤྲིངས་སོ།།

སྣ་ཚོགས།

Post navigation

Previous Post: ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 8
Next Post: བསམ་བློ་ཡུན་རིང་བཏང་རྗེས་ཀྱི་ཐག་གཅོད་ཅིག

Comments (4) on “ཧ་ཤང་དང་འབྲེལ་བའི་དྲིས་ལན་ཁ་ཐུག་མ།”

  1. ཀརྡོ་རབ་འབྱམས་པ་ says:
    2020-10-13 at 10:21 am

    ་་་་་་་་་་་་་ སྐབས་དོན་དངོས་ནི། སྤྱིར་གུས་པས་སྟེགས་མདོའི་སྟོང་ཐུན་དུ། ཧ་ཤང་མ་ཧཱ་ཡན་གྱི་དགོངས་པ་དེ་ཉིད་དབུ་མ་ཐལ་འགྱུར་དང་འདྲ་བར་རྣམ་གྲངས་མིན་པའི་དོན་དམ་ལ་ཅིག་ཅར་དུ་འཇུག་པའི་འཇོག་སྒོམ་གྱི་མན་ངག་གམ། མདོའི་བསྒོམ་རིམ་ཟབ་མོ་ཞིག་ཡིན་པར་ཁས་བླངས་པ་དེ་བདེན་པ་རེད། ་་་་་་་་་་

  2. ཀརྡོ་རབ་འབྱམས་པ་ says:
    2020-10-13 at 10:35 am

    བོད་པས་བློ་ངོར་འཆར་བའི་ཧ་ཤང་མ་ཧྰ་ཡ་ན་ཡང་། ནང་པ་སངས་རྒྱ་པའི་བསྟན་པ་རྣམ་དག་ཅིག་ཡིན་པ་ནི་རྩོད་པ་མེད་ཀྱང་།
    དེ་དག་གིས་འདོད་པའི་གཅིག་ཅར་བ་དང་། རིམ་གྱིས་པ་གཉིས་ནི། བོད་འགྱུར་ནང་གི་ནང་པའི་ཞི་གནས་དང་ལྷག་མཐོང་དང་མཉམ་མམ་མི་མཉམ་ཞེས་དྲིས་ན། རྒྱ་ཧ་ཤང་གདོང་ནག་འཚུབ་བེར་བྲོས་འགྲོ་སྲིད་སྙམ་མོ།།

  3. ཀརྡོ་རབ་འབྱམས་པ་ says:
    2020-10-13 at 10:44 am

    ང་ཚོས་ཤེས་པའི་ཧ་ཤང་གིས་ནི། སྤྲིན་པ་དཀར་ནག་གཉིས་པོས་ཟླ་ཉི་སྒྲིབ་པ་མཚུངས་པ་ལྟར། དགེ་མི་དགེའི་སེམས་གཉིས་ཀས་གནས་ལུགས་སྒྲིབ་པ་མཚུངས་པར་འདོད་པས་ཆད་མཐའ་འམ། ལོག་ལྟར་གྱུར་པ་ནི། ང་ཚོས་མཐོང་ཕྱོགས་ཀྱིས་མཐར་སྤྲོད་བཏང་བ་རེད།
    རྫ་ཚེ་ལགས་ཀྱིས། མཁན་ཆེན་གྱིས་ལུང་བསྟན་དང་། ཀ་མ་ལ་ཤི་ལས་ཧ་ཤང་རྩོད་པ་ཕམ་པར་བྱས་པའི་ལོ་རྒྱུས་ཚ་པོ་ཚ་པོ་དང་། ལོ་རྒྱུས་རྫུན་བཟོ་མི་དགོས་པའི་ལོ་རྒྱུས་སོས་པ་སོས་རྐྱང་འདི་ཁས་བླངས་མི་ཐུབ་པ་ནི། རྒྱ་ཡི་ནང་པའི་དཀོར་གྱིས་སྒྲིབ་ཆེ་དྲགས་པ་མ་གཏོགས། དེང་གི་ཕྱི་ནང་གི་མཁས་པ་སུས་ཀྱང་དོར་དུ་མི་རུང་ལོ་རྒྱུས་གང་ཆེན་ཞིག་རེད་དོ། །དྲ་གྲོགས་རྫ་ཚེ་ལགས།། །།

  4. ཀརྡོ་རབ་འབྱམས་པ་ says:
    2020-10-14 at 12:34 am

    ་་་་་་་་་་་་་་་ ངས་བསམ་ན། ཀ་མ་ལ་ཤཱི་ལ་དང་ཧ་ཤང་དངོས་སུ་རྩོད་པ་བྱས་ཡོད་མེད་ཀྱང་ད་དུང་ཁ་ཚོད་བཅད་ནས་བཤད་ཐུབ་པ་ཞིག་མ་རེད་ལ། ལུང་བསྟན་དེ་འདྲ་ཞིག་མཁན་ཆེན་གྱིས་གནང་ཡོད་མེད་ཀྱང་ད་དུང་ཞིབ་འཇུག་བྱ་དགོས་པ་ཞིག་རེད། ་་་་་་་་་་་་
    ་
    ཟེར་བ་ལ། དགག་གཞག་བྱས་པ་ཡིན་ནོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme