Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གངས་ཅན་པའི་ཕུགས་བསམ།

Posted on 2020-09-16 By ཁ་བརྡ 16 Comments on གངས་ཅན་པའི་ཕུགས་བསམ།

སྐལ་རྡོར། (༢༠༢༡ ལོའི་སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ།)
 
ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོའི་གཞུང་གིས་དྲག་པོའི་བཙན་གནོན་གྱིས་བོད་འདི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་བཟོད་དཀའ་བའི་གནས་སྟངས་ཤིག་གི་འོག་ཏུ་བཅུགས་ནས་མཐར་རང་ཅག་བོད་མི་ཡོངས་ཀྱི་སྲོག་རྩ་༧གོང་ས་༧སྐྱབས་མགོན་ཆེན་པོ་གཙོས་པའི་སྐུ་འཁོར་དང་། བོད་མི་སྐྱ་སེར་ཕོ་མོ་སྟོང་ཕྲག་མང་པོ་རྒྱ་གར་དུ་བཙན་བྱོལ་ལ་གྱར་དགོས་བྱུང་བ་རེད། སྐབས་དེར་བོད་མི་རྣམས་ཀྱིས་ངོ་ཤེས་པ་ནི་གནམ་དང་ས་མ་གཏོགས་མེད་པའི་དུས་སུ་བཀའ་དྲིན་གཞལ་མཐའ་བྲལ་བའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་སྔོན་གཟིགས་ཀྱིས་འཆར་འགོད་དང་བཀའ་སློབ་ལམ་སྟོན་འོག་ཏུ་བཀའ་དྲིན་ཅན་གྱི་བོད་མི་རྒན་རབས་པ་རྣམས་ཀྱིས་ལྷག་བསམ་རྣམ་དག་དང་སྐུ་ངལ་འཛེམས་མེད་ངང་རང་ནུས་གང་ཡོད་ཀྱིས་༧རྒྱལ་བའི་བཀའ་བཞིན་བསྒྲུབས་ཡོད། སྐུ་གཤེགས་ཟིན་པའི་བདག་གི་ཕ་དམ་པའང་དེའི་ཚོའི་ནང་ནས་གཅིག་ཡིན། བདག་གི་ཕ་དམ་པ་ནི་སྤྱི་སེམས་རྣམ་པར་དག་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྒན་གྲས་ཤིག་ཡིན། ཁོང་ནམ་རྒྱུན་ལྡི་ལི་སོགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་སྐབས་ཧ་ཅང་སྟབས་བདེ་གནང་གི་རེད། ཁང་གླ་མི་དགོས་པའི་ཆེད་དུ་ལྡི་ལི་དོན་གཅོད་ལས་ཁུངས་སུ་འདུག་པ་དང་། ཚོགས་འདུ་སོགས་ལ་ཕེབས་སྐབས་སྤྱི་སྤྱོད་རླངས་འཁོར་གྱི་ནང་ཕེབས་ནས་ཚོགས་ཁང་གི་ཉེ་སར་སླེབས་སྐབས་གཞི་ནས་གླ་འཁོར་དུ་བསྡད་དེ་རྒྱ་གར་དཔོན་རིགས་ཚོ་དང་འདྲ་མཉམ་ལྟར་ཚོགས་འདུར་ཕེབས་ཀྱི་ཡོད། པཱ་ལགས་དམ་པའི་མི་རབས་རྣམས་ནི་ཁོག་རྒྱ་ཡངས་པ་དང་།འཇིགས་ཞུམ་བྲལ་བའི་སྙིང་སྟོབས་ཅན་གྱི་མི་རབས་ཤིག་རེད།

བོད་མིའི་རང་དབང་འཐབ་རྩོད་ཀྱི་ཆེད་དུ་ཁྲག་དང་རྔུལ་ཆུ་ཚོད་མེད་བཏང་བའི་ཕ་དམ་པ་གཙོས་ཁོང་ཚོའི་མི་རབས་ཀྱི་རྒྱལ་གཅེས་སྙིང་སྟོབས་དང་ལྷག་བསམ་དེ་དག་མི་རབས་གསར་བའི་སྙིང་ཁམས་སུ་བསྐྱར་གསོ་བྱེད་རྒྱུ་ནི་ངའི་རེ་བའི་ཕུགས་བསམ་ཡིན། བོད་མིའི་རང་དབང་འཐབ་རྩོད་ཀྱི་ཁྲོད་དུ་ཀུན་སློང་རྣམ་པར་དག་ཅིང་དགོས་དམིགས་གསལ་ཁ་ལྡན་པ་དང་། ༧གོང་ས་མཆོག་གི་བཀའ་དགོངས་ཚུལ་བཞིན་ལག་བསྟར་བྱེད་པ། ལུང་ཚན་ལས་སྤྱི་དོན་གཙོ་བོར་བཟུང་ནས་མཐུན་སྒྲིལ་དམ་སྲུང་བྱེད་པ། བག་འཁུམ་གྱི་གཤིས་ཀ་དོར་ནས་ལས་དོན་ལ་སྤྲོ་སྣང་དང་ཚོར་ཤུགས་ལྡན་པ། རང་གི་ཁེ་ཕན་ལས་སྤྱི་པའི་ཞབས་ཞུ་གཙོ་བར་འཛིན་པ། གཞན་ལ་རྒྱབ་སྐྱོར་དང་སྐུལ་འདེད་བྱེད་པ་ལས་རྐང་པ་མི་འཐེན་པ། བོད་མིའི་རང་དབང་དང་ཐོབ་ཐང་། ཆེ་མཐོང་ཆེད་དུ་ནུས་པ་མཉམ་སྤུངས་བྱེད་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ནི་ངས་ཡུན་རིང་སྙིང་ལ་བཅངས་བའི་ཕུགས་བསམ་ཡིན།

ཕུགས་བསམ་དེ་དག་མངོན་འགྱུར་ཡོང་མི་ཐུབ་པ་རྩ་ནས་མིན། ང་ཚོའི་ཁ་གཏད་རྒྱ་ནག་སྟོབས་ཤུགས་ཆེ་ཞིང་དང་ཁྲིམས་མེད་ལུགས་མེད་ཀྱི་རྒྱལ་ཁབ་ཅིག་ཡིན་ལ་རྒྱལ་ཁབ་དང་ཚོགས་སྡེ་མང་པོས་རྒྱ་གཞུང་ལ་ངོ་སྲུང་གི་སྲིད་ཇུས་ལག་བསྟར་བྱེད་ཀྱིན་ཡོད་མོད། འོན་ཀྱང་ལོ་རྒྱུས་ལ་ཕྱིར་མིག་བལྟས་ན་དེ་ལྟ་བུའི་སྲིད་དབང་དག་གི་མཇུག་འབྲས་ནི་ཕམ་ཁ་ཁོ་ན་ཡིན། ང་ཚོའི་ཕུགས་བསམ་མངོན་འགྱུར་གྱི་འགལ་རྐྱེན་ཆེ་ཤོས་ནི་རྒྱ་ནག་གི་སྟོབས་ཤུགས་མིན་པས་ང་ཚོ་ཆིག་སྒྲིལ་ཐོག་ནུས་པ་མཉམ་སྤུངས་བྱས་ན་རང་ཅག་ལ་བསམ་ཡུལ་ལས་འདས་པའི་སྟོབས་ཤུགས་ཤིག་ཡོད་པ་ཤེས་དགོས།

ནང་ཆོས་ལས་རང་གཞན་ཐམས་ཅད་སྡུག་བསྔལ་གྱི་གནས་ལས་གྲོལ་ཐབས་སུ་ཐོག་མར་རང་ཉིད་ཀྱི་སྟེང་ནས་ལེགས་བཅོས་གཏོང་དགོས་པ་བསྟན་ཡོད། ང་ཚོ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ལས་བསླབ་བྱ་ཐོབ་པའི་ཤེས་རིག་གི་དཔལ་ཡོན་ཕུན་སུམ་ཚོགས་པའི་མི་རིགས་ཤིག་ཡིན་པས་སེམས་ནང་དུ་རྟག་ཏུ་སྤོབས་པ་སྐྱེ་འོས། ༧གོང་ས་མཆོག་ནི་ང་ཚོའི་མགོན་སྐྱབས་ཡིན། ང་ཚོ་ལ་ནང་ཁུལ་གྱི་དཀའ་རྙོག་སེལ་ཐུབ་པ་དང་། བཟང་ཕྱོགས་ཀྱི་འཆར་སྣང་མངོན་འགྱུར་ཐུབ་པའི་ནུས་པ་ཡོད།།

དེས་ན་ང་ཚོས་གནད་དོན་གང་དག་ལ་ཤུགས་སྣོན་བརྒྱག་དགོས་སམ།

ང་ཚོས་ཤུགས་སྣོན་བརྒྱག་དགོས་ས་ནི་བོད་མིའི་རང་དབང་འཐབ་རྩོད་ཀྱི་སྟོབས་ཤུགས་གོང་མཐོར་གཏོང་རྒྱུ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བྱེད་ཕྱོགས་དེང་རབས་ཅན་ལ་བསྒྱུར་རྒྱུ། བཙན་བྱོལ་བོད་མིའི་ཤེས་ཡོན་ལམ་ལུགས་ལ་ལེགས་བཅོས་གཏོང་རྒྱུ། བོད་མིའི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་གཏོང་རྒྱུ། དཔལ་འབྱོར་སྲ་བརྟན་དང་ཡར་རྒྱས་གཏོང་རྒྱུ་བཅས་ཡིན།

ད་ལྟའི་འཛིན་སྐྱོང་གི་སྒྲོམ་གཞི་འདི་ནི་འདས་པའི་མི་ལོ་དྲུག་ཅུའི་རིང་ལག་བསྟར་གནང་བ་ཡིན་པས་དུས་སྐབས་སོ་སོར་ཧ་ཅང་ཕན་ནུས་ལྡན་པ་བྱུང་ཡོད། ད་ལྟའི་ཆར་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ནས་ཕན་ཐོགས་ཡོད་པ་རྣམས་རྒྱུན་འཛིན་བྱེད་རྒྱུ་དང་།གཞན་རྣམས་འགལ་རྐྱེན་དང་གོ་སྐབས་ལ་གཞིགས་ནས་ལེགས་བཅོས་གཏོང་དགོས་པའི་དུས་ལ་བབས་ཡོད།

རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་རྣམས་ཀྱིས་བོད་ཀྱི་དཀའ་རྙོག་ལ་སྣང་མེད་འཇོག་པ་དེར་བཟང་ལན་ངན་ལན་གྱི་གོ་བརྡ་འཕྲོད་པ་བྱས་ནས་བོད་ཀྱི་རྩ་དོན་གྱི་དཀའ་རྙོག་དེ་འཁྱགས་རོམ་གྱི་སྦུག་ནས་བཏོན་དགོས། རྒྱལ་མཚམས་དབྱེ་བ་མེད་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁུངས་བོད་མི་ཡོད་སའི་རྒྱལ་ཁབ་ཁག་ཏུ་རྒྱ་བསྐྱེད་བཏང་ནས་བོད་མི་ཕན་ཚུན་དབར་འབྲེལ་བ་ཟབ་ཏུ་བཏང་སྟེ་ཆིག་སྒྲིལ་དང་ནུས་ཤུགས་ལྡན་པའི་མདུན་སྐྱོད་བྱེད་དགོས། ཤེས་ཡོན་ལམ་ལུགས་ཀྱི་ནང་དུ་གཙོ་བོ་སྤུས་ཚད་ལ་དམིགས་པའི་གལ་ཆེའི་ལེགས་བཅོས་གཏོང་དགོས་པ་དང་། ང་ཚོའི་ཕྲུ་གུ་ཚོ་འདབ་གཤོག་གཉིས་ལྡན་གྱི་མི་རབས་ཤིག་ཏུ་གསོ་སྐྱོང་བྱེད་རྒྱུ་ཁས་ལེན་བྱས་པ་ལྟར་ལག་བསྟར་ཚུལ་བཞིན་མ་གནང་ཚེ་ཁོང་ཚོ་ཕྱི་ནང་གི་ཤེས་ཡོན་གཉིས་ལྡན་གྱི་བོད་མི་རིགས་ཀྱི་སོན་རྩ་རྣལ་མ་ཞིག་ལ་འགྱུར་མི་ཐུབ།

ང་ལ་ཕུགས་བསམ་འགྲུབ་པའི་འཆར་གཞི་དང་ཆོད་སེམས་བརྟན་པོ་ཡོད། དམིགས་ཡུལ་ལྟར་འགྲུབ་པར་ལོ་ལྔ་ལས་མང་བ་དགོས་ཀྱི་ཡོད་མོད། འོན་ཀྱང་ང་ཚོ་མཉམ་དུ་འགྲུལ་བཞུད་དེ་འགོ་བཙུགས་ནས་སྔར་ཡོད་ཐོག་རིམ་བཞིན་ཡར་རྒྱས་བཏང་ན་ལེགས་འགྲུབ་ཡོང་ངེས་རེད། ང་ཚོས་རྒྱལ་ཁབ་གཅིག་དང་། མི་རིགས་གཅིག འཐབ་རྩོད་གཅིག་གི་ངོ་བོ་བརྟན་པོར་བསྲུངས་ནས་ནུས་པ་མཉམ་སྤུངས་ཐོག་བོད་མིའི་རང་དབང་དང་ཐོབ་ཐང་། ཆེ་མཐོང་བཅས་སླར་གསོ་བྱེད་དགོས།

བསམ་ཚུལ།

Post navigation

Previous Post: བོང་བུ་ཞིག་གིས་ཆག་སྒོ་བསླངས་པ།
Next Post: བབ་བརླིང་བརྟན་གསུམ་ལྡན་པའི་མི་དེ་ཁྱོད་ཡིན།

Comments (16) on “གངས་ཅན་པའི་ཕུགས་བསམ།”

  1. མྱྀ་ནག། says:
    2020-09-17 at 1:15 am

    ༢༠༢༡ ལོའི་སྲིད་སྐྱོང་འོས་མི་དག་གི་ཁྲོད་འདས་པའི་ལོ་རྒྱུས་ནང་ལས་དོན་འཐུས་ཤོར་དང་། ལས་དོན་ནོར་འཛོལ། ལས་དོན་རུལ་སུངས་སོགས་བཤད་ཡམས་སྣ་ཚོགས་དང་མཉམ་དུ་༢༠༢༡ ལོའི་སྲིད་སྐྱོང་འོས་མིར་སླེབས་པ་དབུ་དཀར་ཚད་སྐལ་རྡོར་ཟེར་བ་འདི་རེད། སྐལ་རྡོར་ཟེར་བ་འདི་ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་དང་མཉམ་དུ་བཙན་བྱོལ་སྤྱི་ཚོགས་ཀྱི་དྲ་ངོས་དང་གསར་ལམ་ཁག་ཏུ་མངོན་ཡོང་བ་ཞིག་རེད་ཅེ་ན་མི་ཆོག་པ་མེད། དེ་ཡང་། ཐོག་མར་སྲིད་སྐྱོང་བློ་བཟང་སེང་གེའི་སློབ་སྟོན་པར་བསྐོས་པ་དང་། དེ་ནས་ཨ་རིའི་དོན་གཅོད་དུ་བསྐོས་པ་སོགས་ཀྱི་སྐབས་རིམ་པར་མང་ཚོགས་ཁྲོད་སྐལ་རྡོར་ལ་དམིགས་བསལ་ཀྱི་ཤེས་འཇོན་དང་ཉམས་མྱོང་གང་ཡང་མེད་ཀྱང་། བློ་བཟང་སེང་གེའི་གྲོགས་པོ་ནང་ཚགས་ཡིན་ཙང་གོ་གནས་དམིགས་བསལ་ལ་བསྐོ་བཞག་བྱས་པ་རེད་ཅེས་ཡང་ཡང་གོ་ཐོས་བྱུང་ལ། ཡུན་རིང་མ་འགོར་བར་༸གོང་ས་མཆོག་ཨ་རིར་ཆིབས་སྒྱུར་བསྐྱངས་སྐབས་ཤིག་ལ་དོལ་ཚོགས་ཀྱི་རྗེས་འབྲངས་པ་འགའ་ཤས་༸གོང་ས་མཆོག་གི་སྐུ་འཁྲིས་ལ་ཤོར་ཏེ་ངོ་རྒོལ་སྐད་འབོད་ཀྱིས་ཉོག་ཟིང་བསླངས་ཏེ། ༸གོང་ས་མཆོག་གི་སྐུ་སྲོག་ལ་ཉེན་ཚབས་འཇིགས་ཡེར་བ་ཞིག་བྱུང་སྟེ་དད་ལྡན་བོད་མི་རྣམས་ཀྱིས་དངངས་འཚབ་དང་འཇིགས་སྐྲག་སྔ་ན་མེད་པ་ཞིག་བྱུང་མྱོང་བའི་སྐབས་ཀྱི་ལས་དོན་སྣང་མེད་དམ་འཐུས་ཤོར་དུ་བཏང་མཁན་གྱི་མི་སྣ་གཙོ་བོ་དབུ་དཀར་ཚང་སྐལ་རྡོར་ཡིན་པ་སྨྲོས་མ་དགོས་པ་བཞིན། དོན་རྐྱེན་དེས་དབུ་དཀར་ཚང་སྐལ་རྡོར་གྱི་འགག་རྩའི་ལས་དོན་སྐབས་ཀྱི་འཇོན་ནུས་ག་འདྲ་ཡིན་ལྷང་ལ་བུད་ཚར་ཡོད། གཉིས་པ། ༸གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་པར་ཨ་རིའི་དོན་གཅོང་ཁང་ནས་མར་བཀོག་སྟེ་ཚབ་ཏུ་བློ་བཟང་སེང་གེའི་པར་བཀལ་བ་དེ་རེད། སྤྱིར་བཏང་དོན་གཅོད་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེའི་པར་བཀལ་བ་དེ་ནི་བློ་ངོར་མི་ཤོང་བ་ཞིག་མ་རེད་དེ། འོན་ཀྱང་། ༸གོང་ས་མཆོག་ཁོང་ཉིད་ཀྱི་དོན་གཅོད་ཁང་ནས་ཁོང་གི་སྐུ་པར་མར་བཀོག་ཐུབ་པའི་བསམ་བློའམ་འདུན་པ་དེ་འདྲ་ཞིག་སྐྱེས་པའི་ཀུན་སློང་དེ་ནི་ཏག་ཏག་བསམ་བློ་གཏོང་བའི་གནད་འགག་ཅིག་ཆགས་ཡོད་པ་རེད། ཆོས་ཕྱོགས་ནས་གཅིག་བྱས་ན་སྐལ་རྡོར་གྱིས་༸གོང་ས་མཆོག་དམིགས་བསལ་ཞིག་ཏུ་བརྩི་ཡི་མེད་ཀྱང་སྲིད་ལ། ཆོས་ལུགས་ཀྱི་དད་པ་དག་སྣང་མེད་ན་མ་བརྩིས་ཀྱང་རུང་། འོན་ཀྱང་། ཆབ་སྲིད་ཀྱི་ཐད་བཤད་ནའང་། ༸གོང་ས་མཆོག་མཆོག་ནི་བོད་མི་རིགས་ཀྱི་ངོ་བོ་དང་། བོད་མིའི་མཚོན་རྟགས། བོད་མི་རིགས་ཀྱི་རང་དབང་གི་མགྲིན་ཚབ་པ་ཡིན་ཞེས་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ཀྱི་དབུ་ན་བྲིས་ཡོད་པ་དེ་ནི་ཅིས་ཀྱང་སྐལ་རྡོར་གྱིས་བརྩི་སྲུང་བྱེད་དགོས་ངེས་རེད། དེ་ལྟར་མ་བརྩིས་པ་དེ་ནི་མདོར་དྲིལ་ནས་བཤད་ན། སྐལ་རྡོར་གྱིས་བོད་མི་རིགས་དང་། བོད་མི་རིགས་ཀྱི་ངོ་བོ། མཚོན་དོན་བཅས་ལ་དམའ་ཕབ་པ་དང་། མཐོང་ཆུང་བྱས་པ་རེད། འདི་ལས་སྐལ་རྡོར་གྱིས་བོད་མི་རིགས་དང་བོད་ཀྱི་རྩ་དོན་ལ་བཟུང་བའི་ཁ་དོག་གསལ་སྟོན་བྱས་ཡོད། དོན་ཟུར་སྤེན་པ་ཚེ་རིང་གིས་དོན་གཅོད་སྐབས་ཀྱི་ལོ་གཅིག་དང་ཟླ་གསུམ་ཙམ་གྱི་རིང་ཨ་རིའི་གནད་ཡོད་མི་སྣ་མང་པོར་མཇལ་འཕྲད་དང་། དམིགས་བསལ་གྱིས་འབྲེལ་ལམ་བྱུང་བའི་ཕྱེད་ཀ་ཙམ་ལས་སྐལ་རྡོར་དོན་གཅོད་ཡིན་སྐབས་ཀྱི་ལོ་ངོ་གསུམ་རིང་གནང་མ་ཐུབ་པ་ནི་སྐར་རྡོར་གྱི་འཇོན་ནུས་ཀྱི་ཚད་ག་འདྲ་ཡིན་པའི་ངོས་གཅིག་གསལ་བར་མཐོང་ཐུབ། གསུམ་པ། བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་ཀྱི་ཁ་མཆུ་ཨང་ཉི་ཤུ་བའི་གནད་དོན་འགོ་འཛུགས་སའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་སྐོར་རེད། གནད་དོན་འདི་ཡང་། སྐལ་རྡོར་དོན་གཅོད་ཡིན་སྐབས་ཀྱི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་རྩིས་ཁྲ་ཕྱི་གསལ་ནང་གསལ་མ་ཡིན་པའི་རུལ་སུངས་ཀྱི་བྱེད་སྐབས་ཤིག་ཏུ་གྱུར་ཡོད་པ་དེར་ཐུག་ཡོད་ལ། འདི་ཡང་། དབུ་དཀར་ཚང་སྐལ་རྡོར་གྱི་བྱེད་ལས་སྐྱུག་བྲོ་བོ་ཞིག་ཡིན། གང་ལྟར། གོང་གི་རྒྱུ་མཚན་དེ་དག་ལ་བལྟས་ན། དབུ་དཀར་ཚང་སྐལ་རྡོར་ཟེར་བ་འདི་སྲིད་སྐྱོང་གི་འོས་མི་ཚད་ལྡན་ཞིག་གཏན་ནས་མིན་ལ། ཐེངས་འདིར་དབུ་དཀར་ཚང་སྐལ་རྡོར་ས་བསྒྲགས་གནམ་བསྒྲགས་བྱེད་མཁན་དག་གིས་གོང་གི་སྐལ་རྡོར་གྱི་བྱས་འཛོལ་དག་མ་ཤེས་པ་མི་སྲིད་ཀྱང་། ཤེས་བཞིན་དུ་སྐལ་རྡོར་ལ་རྒྱབ་སྐྱོར་བྱས་པ་ནི། དོན་ལ། བཙན་བྱོལ་སྒྲིག་འཛུགས་འདི་རྒུད་པ་ནས་རྩ་བ་ནས་ཉམས་པའི་ཕྱོགས་སུ་རམ་འདེབས་བྱས་པ་དང་འདྲ་བར་འདོད།

  2. ཀརྡོ་རབ་འབྱམས་པ་ says:
    2020-09-17 at 1:25 am

    ་་་་་་་་་་་ གཉིས་པ། ༸གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་པར་ཨ་རིའི་དོན་གཅོང་ཁང་ནས་མར་བཀོག་སྟེ་ཚབ་ཏུ་བློ་བཟང་སེང་གེའི་པར་བཀལ་བ་དེ་རེད། ་་་་་་་་་་་་་

  3. ཀརྡོ་རབ་འབྱམས་པ་ says:
    2020-09-17 at 1:26 am

    ་་་་་་་་་་་་་་་་་་་ ཐེངས་འདིར་དབུ་དཀར་ཚང་སྐལ་རྡོར་ས་བསྒྲགས་གནམ་བསྒྲགས་བྱེད་མཁན་དག་གིས་གོང་གི་སྐལ་རྡོར་གྱི་བྱས་འཛོལ་དག་མ་ཤེས་པ་མི་སྲིད་ཀྱང་། ཤེས་བཞིན་དུ་སྐལ་རྡོར་ལ་རྒྱབ་སྐྱོར་བྱས་པ་ནི། དོན་ལ། བཙན་བྱོལ་སྒྲིག་འཛུགས་འདི་རྒུད་པ་ནས་རྩ་བ་ནས་ཉམས་པའི་ཕྱོགས་སུ་རམ་འདེབས་བྱས་པ་དང་འདྲ་བར་འདོད། ་་་་་་་་་་་་་་་་་

  4. ཀརྡོ་རབ་འབྱམས་པ་ says:
    2020-09-17 at 1:28 am

    ༸གོང་ས་མཆོག་གི་༸སྐུ་པར་ལ་དེ་འདཻ་བའི་ལས་ན་བསགས་ཡོད་ན། དབུ་དཀར་སྐལ་རྡོར་ལ་རྒྱབ་སྐྱོར་མེད་ལ། ཇི་སྲིད་འཚོ་བའི་བར་ལ་ངོ་རྒོལ་ཡོད་གདའ།

  5. བོད་ཡིག་སྐྱབས། says:
    2020-09-17 at 8:11 am

    “ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོའི་གཞུང་གིས་དྲག་པོའི་བཙན་གནོན་གྱིས་བོད་འདི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་བཟོད་དཀའ་བའི་གནས་སྟངས་ཤིག་གི་འོག་ཏུ་བཅུགས་ནས་་་་” ༥༩་ལོ་བར་ལ་རྒྱ་ནག་གིས་བོད་ལ་དྲག་པོའི་བཙན་གནོན་བྱས་མེད་དམ་ཅི། ལོ་རྒྱུས་མི་ཤེས་ན་སློབ་སྦྱོང་བྱོས།
    ཉོབ་སོང་་་མར་ལ་ཀློག་འདོད་མ་བྱུང།

  6. དྲང་སྲོང་གཅེར་བུ says:
    2020-09-17 at 5:17 pm

    སྐལ་རྡོར་ཚང་ཨ་རིའི་དོན་གཅོད་བྱེད་སྐབས་སྐལ་རྡོར་གྱིས་གོང་ས་མཆོག་གི་སྐུ་ཕྱྭ་ལ་འཐུས་ཤོར་གཏང་བ་ལ་རྟེན་ནས་དོལ་རྒྱལ་ཚོགས་པའི་ཚོགས་མི་གོང་ས་མཆོག་གི་སྐུ་དྲུང་ལ་སླེབས་ནས་ངོ་རྒོལ་བྱེད་བཞིན་པའི་གནས་ཚུལ་རེད་་་་་་དོན་གཅོད་གཅིག་གི་ལས་ཀ་འཐུས་ཤོར་མེད་པ་བྱེད་མ་ཐུབ་པར་་་་་སྲིད་སྐྱོང་གི་འོས་མིར་ལངས་བ་དེ་དངོས་གནས་གད་མོ་ཤོར་ཡས་ཀྱི་སྐད་ཆ་རེད་་་་་་་་ཨ་རིའི་དོན་གཅོད་སྐབས་་་་་འཐུས་ཤོར་ཆེན་པོ་གསུམ་བྱུང་བ་རེད་་་་་
    གཅིག་་་་་་གོང་ས་མཆོག་གི་སྐུ་ཕྱྭར་སྣང་མེད་གཏང་བ་ལ་རྟེན་ནས་དོལ་རྒྱལ་ཚོགས་པའི་མི་གོང་ས་མཆོག་གི་སྐུ་དྲུང་ལ་ཡོང་ལ་གོང་ས་མཆོག་གི་བཞིན་རས་ལ་རྫུབ་མོ་བཙུགས་ནས་ངོ་རྒོལ་བྱས་པ་་་་

    གཉིས་པ་་་་་་གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དེ་མར་ཕར་ནས་སྐལ་རྡོར་ཚང་ཁོ་རང་གི་གྲོགས་པོ་བློ་བཟང་སེང་གེའི་པར་དེ་ཡར་གཞག་པ་་་་་
    གསུམ་པ་་་་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནས་ཚུལ་ཚབ་ཆེན་དེ་བྱུང་བ་ལ་རྟེན་ནས་བོད་མི་རྣམས་དུབ་བུ་གཉིས་ལ་སོང་བ་བཅས་ནི་སྐལ་རྡོར་ཚང་གིས་ཧང་སང་ཡས་ཀྱི་འགན་མ་ཁྱེར་བའི་ལས་ཀ་ཚབ་ཆེན་བྱས་པ་ལ་རྟེན་ནས་བྱུང་བ་ཡིན་པས་བོད་མི་རྣམས་སེམས་སྡུག་ཚད་ལས་འདས་བ་ཞིག་མྱོང་དགོས་པ་འདི་སྐལ་རྡོར་ཚང་གིས་བཟོས་པ་ཡིན་པ་དེ།མི་ས་འོག་ཏུ་སོང་ཡང་གཏམ་ས་སྟེང་དུ་ལུས།།ཉེས་པ་འདི་གསུམ་ལ་རྟེན་ནས་སྐལ་རྡོར་ཚང་ཁོ་རང་ཉེར་གཅིག་སྲིད་སྐྱོང་གི་འོས་མིར་ལངས་ཡས་ངོ་མི་ཚ་ཡང་ཁོ་ལ་འོས་འཕེན་ཁན་དེ་ཚོ་ངོ་ཚ་དགོས་ཡས་རེད་་་་་་་བསམ་བློ་གཏོང་ཤེས་ཁན་ཞིག་དང་བོད་སྤྱི་ལ་ཕན་པའི་ལས་ཀ་བྱེད་ཁན་ཞིག་ཡིན་ན་སྐལ་རྡོར་ཚང་ལ་ཉེར་གཅིག་སྲིད་སྐྱོང་གི་འོས་མ་འཕེན་རོགས་ཞུ་རྒྱུ་ཡིན་་་་་་་་་་

  7. ཀརྡོ་རབ་འབྱམས་པ་ says:
    2020-09-18 at 10:10 am

    དབུ་དཀར་སྐལ་རྡོར་ལ་རྒྱབ་སྐྱོར་མེད་ལ། ཇི་སྲིད་འཚོ་བའི་བར་ལ་ངོ་རྒོལ་ཡོད་གདའ།

  8. གསེར་ཞུན། says:
    2020-09-18 at 1:23 pm

    དངོས་ནས་རེད། དོན་གཅོད་ཅིག་གི་ལས་ཡུན་ཐུང་ངུ་དེ་ནང་། ལས་དོན་འཐུས་ཤོར་སྣ་དགུ་བྱུང་བ་ཞིག་གིས་སྲིད་སྐྱོང་སྟེགས་བུ་ལ་འཛེགས་རྒྱུ་ཟེར་ན། ཅི་ཟེར་ལེ་རེད། ཁོ་རེ།
    རང་ས་ནས་སྡོད་ཤེས་པ་གྱིས།

  9. ཀརྡོ་རབ་འབྱམས་པ་ says:
    2020-09-20 at 12:43 am

    དབུ་དཀར་ཚང་གིས་གསལ་བཤད་ཅིག་གནང་བ།
    https://www.facebook.com/lobsang.tenzin.79/videos/1619902961520986

  10. ཀརྡོ་རབ་འབྱམས་པ་ says:
    2020-09-20 at 12:44 am

    ་་་་་་་་་་་ མི་དམངས་ལ་གསལ་པོ་ཆགས་དགོས་པའི་གཞི་མེད་པར་སྐྱོན་འཛུགས་རྒྱལ་བའི་སྐུ་པར་མར་ཕབ་ཅེས་པའི་སྐད་ཆ་དེ་འཆལ་གཏམ་་ཡིན་པ་གསལ་པོ་གནང་སོང་། འདི་དང་འདིའི་མཚོན་པའི་གཞི་མེད་སྐྱོན་འཛུགས་བྱེད་མཁན་ཚོ་ལ་ཐུགས་གཟབ་གནང་རོགས་ཞུ། ་་་་་་་་་་་ ཟེར།

  11. ཀརྡོ་རབ་འབྱམས་པ་ says:
    2020-09-20 at 12:53 am

    ད་ལྟ་གཞི་ནས་གསལ་བཤད་དུ་བཟོས་པ་འདྲ་པོ་འདུག ད་ལྟ་བློ་སེང་དང་། སྐལ་རྡོར་གཉིས་ཀྱི་ངོ་གདོང་རྙིང་པ་གཉིས་པོ། ཡང་བསྐྱར་ལས་བྱེད་ས་དམིགས་སུ་མཐོང་འདོད་རྩ་བ་ཉིད་ནས་མེད་དོ།།

  12. ཀརྡོ་རབ་འབྱམས་པ་ says:
    2020-09-20 at 1:31 am

    བོད་མིའི་མངས་གཙོ་ཚད་ལྡན་ཞོག་བྱེད་འདོད་ཡོད་ན། བློ་སེང་བཀའ་ཤག་གི་བཀའ་བློན་གཅིག་ཀྱང་སླར་ཡང་བཀའ་བློན་དང་། ཉེར་གཅིག་གི་སྲིད་སྐྱོང་ནང་ལ་སླེབས་བཅུག་རྒྱུ་ཡོད་མ་རེད་དོ།།

  13. ཀརྡོ་རབ་འབྱམས་པ་ says:
    2020-09-20 at 1:35 am

    བློ་སེང་གི་ཚོགས་པ་དང་། སྤེན་ཚེའི་ཚོགས་པ་དང་། བུད་མེད་ཀྱི་ཚོགས་པ་འདྲ་པོ་གསུམ་ལ་ཁག་ཁག་འདྲ་པོ་ཆགས་ནས་བསྡད་ཡོད་རེད།
    ད་ལན་སྤེན་ཚེ་ལགས་ལ་སྲིད་སྐྱོང་ཐོབ་དགོས་ལ། སྤེན་ཚེ་རྗེས་ལ་བུད་མེད་བྱུང་ན་མཛེས་པོ་འོངས་ས་རེད་དེ། བུད་མེད་ལྟའི་གྲ་སྒྲིག་ཡག་པོ་མེད་པ་འདྲ།
    འོནད་ཀྱང་། ལོ་ལྔ་དྲུག་རྗེས་ལ་དཔོན་མོ་ཞིག་འོངས་ཐུབ་པའི་སྨོན་འདུན་ཡོད་ལགས།

  14. ཉི་མ་རང་གྲོལ། says:
    2020-09-21 at 2:42 am

    སྤྱིར་བཏང་དོན་གཅོད་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེའི་པར་བཀལ་བ་དེ་ནི་བློ་ངོར་མི་ཤོང་བ་ཞིག་མ་རེད་དེ། འོན་ཀྱང་། ༸གོང་ས་མཆོག་ཁོང་ཉིད་ཀྱི་དོན་གཅོད་ཁང་ནས་ཁོང་གི་སྐུ་པར་མར་བཀོག་ཐུབ་པའི་བསམ་བློའམ་འདུན་པ་དེ་འདྲ་ཞིག་སྐྱེས་པའི་ཀུན་སློང་དེ་ནི་ཏག་ཏག་བསམ་བློ་གཏོང་བའི་གནད་འགག་ཅིག་ཆགས་ཡོད་པ་རེད། ཆོས་ཕྱོགས་ནས་གཅིག་བྱས་ན་སྐལ་རྡོར་གྱིས་༸གོང་ས་མཆོག་དམིགས་བསལ་ཞིག་ཏུ་བརྩི་ཡི་མེད་ཀྱང་སྲིད་ལ། ཆོས་ལུགས་ཀྱི་དད་པ་དག་སྣང་མེད་ན་མ་བརྩིས་ཀྱང་རུང་། འོན་ཀྱང་། ཆབ་སྲིད་ཀྱི་ཐད་བཤད་ནའང་། ༸གོང་ས་མཆོག་མཆོག་ནི་བོད་མི་རིགས་ཀྱི་ངོ་བོ་དང་། བོད་མིའི་མཚོན་རྟགས། བོད་མི་རིགས་ཀྱི་རང་དབང་གི་མགྲིན་ཚབ་པ་ཡིན་ཞེས་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ཀྱི་དབུ་ན་བྲིས་ཡོད་པ་དེ་ནི་ཅིས་ཀྱང་སྐལ་རྡོར་གྱིས་བརྩི་སྲུང་བྱེད་དགོས་ངེས་རེད། སྲིད་སྐྱོང་དེ་བོད་མི་རིགས་ངོ་བོ་མཚོན་བྱེད་མིན་པ་ཤེས་དགོས་ངེས་རེད། སྲིད་སྐྱོང་ལ་ཐོབ་པའི་རེ་བ་ནི་ཡོད་མི་སྲིད། སྲི་འདྲེན་པའམ་སྲི་སྐྱོང་མཁན་ཞིག་ལ་བསྐོས་ན་དག་དག་མི་འགྲོ་ལགས།

  15. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-09-23 at 11:40 pm

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ ལེའུ་དང་པོ་ གཞི་རྩའི་ལམ་སྟོན་ དོན་ཚན་དང་པོ་ བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས། བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད་བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན། གནས་བབ་འདི་དག་ནི་ལོ་གྲངས་བརྒྱ་ཕྲག་མང་པོའི་བྱུང་རབས་དང། རིག་གཞུང། མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན། དེའི་ཕྱིར་གཤམ་གསལ་གྱི་མཛད་འགན་དང་སྐུ་དབང་རྣམས་རང་ཆས་སུ་ཡོད།
    ༡ བོད་མིའི་བདེ་དོན་དང་བསམ་སྤྱོད་ཀྱི་ཡར་རྒྱས་ ཆོས་དང་རིག་གཞུང་ རིག་གནས་བཅས་ཀྱི་སྲུང་སྐྱོབས་དང་དར་སྤེལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱིས་མཚོན་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིའི་ཐོག་ལམ་སྟོན་དང་བཀའ་སློབ་སྐུལ་ལྕག་གནང་རྒྱུ།
    ༢ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོས་གལ་ནམ་གཟིགས་སྐབས་དང། འགོ་འཁྲིད་རྣམས་ཀྱིས་གསོལ་འདེབས་ནམ་ཞུས་ལ་བོད་མི་རིགས་དང་སྤྱི་ཚོགས། བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་ཤག་གི་དགོངས་པའི་དཔྱད་གཞིར་དགོངས་འཆར་གནང་རྒྱུ།
    ༣ བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཆེད་རྒྱལ་སྤྱིའི་དབུ་འཁྲིད་རྣམས་པ་དང་གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང་བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བརྩལ་རྒྱུ་བཅས། ཅེས་གསལ་བ་ནས།
    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བརྩི་བསྐུར་བློ་གཏད་ཉམས་ལེན་ཞུ་དགོས་པ་དེ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད།

  16. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-09-24 at 5:03 am

    ཕྱི་རྒྱལ་གྱི་དོན་གཅོད་རྣམས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འོག་ནས་འགན་བཀུར་བསྐོ་བཞག་གནང་གི་ཡོད་པ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བརྩི་བཀུར་བློ་གཏད་ཉམས་ལེན་མི་ཞུ་མཁན་ཡོད་ན་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་མ་འགྲུབ་པ་ལ་ངོས་འཛིན་གནང་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme