Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༢༠༢༡ ལོའི་སྲིད་སྐྱོང་ཐད་ཀྱི་བསམ་ཚུལ་དམར་རྗེན་མ།

Posted on 2020-09-11 By ཁ་བརྡ 8 Comments on ༢༠༢༡ ལོའི་སྲིད་སྐྱོང་ཐད་ཀྱི་བསམ་ཚུལ་དམར་རྗེན་མ།

གཡུ་སྒང་དགེ་འདུན།
 
ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་ལ་མི་མང་པོ་ཞིག་ལང་ཡོང་གི་ཡོད་པ་རེད། ཡིན་ནའང་། སྤྱི་འཐུས་ནི་ཆོལ་ཁོངས་སོ་སོ་ནས་འདེམས་ཡོང་དུས་དེ་ལ་ཡག་ན་ཉེས་ན་ཆོལ་ཁ་རང་ལས་གཞན་སུ་ལའང་བཤད་རྒྱུ་ལྷག་མེད། སྲིད་སྐྱོང་ལ་མཚོན་ན། ད་ལྟ་ང་ཚོ་བཙན་བྱོལ་ཁྲོད་ཀྱི་ཆོལ་ཁ་གསུམ་གྱི་མིའི་མང་ཉུང་ལ་མ་ལྟོས་པར་ཚང་མར་གཅིག་གྱུར་གྱིས་འདེམས་ཆོག་པའི་ཐོབ་དབང་དེ་རེད། འདི་ནི་འདས་མ་ད་གསུམ་གྱི་གནད་འགག་ཆེ་བའི་གཞི་རིམ་མི་མང་གི་འགན་ཆེ་ཤོས་དེ་རེད། བྱས་ཙང་། ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་ཐད་ཀྱི་བསམ་ཚུལ་དམར་རྗེན་ཞིག་བརྗོད་འདོད་བྱུང་། མང་ཚོགས་མང་པོ་ཞིག་གི་ངོས་ནས་ཀྱང་སེམས་ནང་ལ་འགྲིག་རྟགས་རེ་རེ་བཀོད་ཀྱི་ཡོད་པ་རེད། འགྲིག་རྟགས་དེ་ཕྱོགས་ཞེན་རིང་ལུགས་ཀྱིས་ལྟ་བའི་སྨག་རུམ་ལ་མི་འཐིམ་པའི་སྨོན་ལམ་ཡོད། དོན་དངོས་ཐོག་ང་ཚོ་དགོས་ངེས་ཀྱི་སྲིད་སྐྱོང་ནི། རང་རིགས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སོགས་འཛིན་སྐྱོང་གི་ཐད་ལ་ཕྱིའི་རྣམ་པ་ཙམ་མིན་པར་དོན་དངོས་ཀྱི་ཐོག་ནས་ལྷག་བསམ་ཁུར་བསྐྱེད་བྱེད་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་ལ་ཤར་སྐྱོད་དང་། དབུ་མའི་ལམ་གྱི་རྩ་དོན་གཞིར་བཟུང་གིས་བོད་རྒྱ་ཞི་མོལ་ཡོང་བ་ལ་གང་ཐུབ་ཅི་ཐུབ་བྱེད་པ། དབུས་བོད་མིའི་སྒྲིག་འཛུགས་སྲ་བརྟན་དུ་གནས་པ་ལ་ཐུགས་བསམ་རྣལ་མ་གཏོང་བ། སྐྱབས་བཅོལ་བའི་གནས་སྟངས་འོག་ཚད་ལྡན་དམངས་གཙོའི་སྒྲིག་འཛུགས་ཡང་དག་པ་ཞིག་བཙུགས་གནང་ཡོད་པ་འདིའི་ཁྲིམས་བཟོ་ལྷན་ཁང་གིས་བཟོས་གནང་བའི་ཁྲིམས་སྒྲིག་གི་དགོངས་དོན་བྱང་ཆུབ་ཅིང་། དེའི་ནང་དོན་ལས་མི་འགལ་བ། གལ་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁྲིམས་སྒྲིག་ལྟར་ལག་བསྟར་གནང་དགོས་བྱུང་ནའང་བརྩི་སྲུང་བྱེད་པ། སྒེར་གྱི་ཁ་དབང་གི་ཆེད་དུ་གཞུང་དབང་བེད་མི་སྤྱོད་པ། བཀའ་ཤག་ལྷན་རྒྱས་ཀྱི་དབང་ཚད་གཅིག་སྡུད་མི་བྱེད་པ། ཆོལ་ཁའི་ཞེན་ཁོག་གིས་གྲུབ་པ་དག་གི་རྗེས་སུ་མི་འབྲངས་པར་རང་ཚུགས་བརྟན་ཞིང་ཆོལ་གསུམ་རྡོག་རྩ་གཅིག་ཏུ་སྒྲིལ་བར་བློ་གཅིག་སེམས་གཅིག་གིས་འབད་འབུངས་བྱེད་པ། ཕྱི་རྫིག་ནང་སྟོང་གི་ལས་ཀ་མི་བྱེད་པ། ༸གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་ཕྱོགས་ལ་བསྙོན་འཛུགས་བྱེད་མཁན་གྱི་རང་རིགས་དག་ལ་ལམ་ནོར་ལྡོག་ཤེས་བྱེད་འཇུག་པའི་ནུས་པ་གང་ཐོན་བྱེད་པ། དབང་ཆ་དང་གོ་མིང་ལ་དགའ་བའི་རིགས་བསྡུ་རུབ་ཀྱིས་ལས་དོན་འཐུས་ཤོར་དུ་མི་གཏོང་བ། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་གང་ལའང་བཤད་ཕོད་སྒྲུབ་ཕོད་ཅིག་དང་། ཕྱག་ལས་གནང་ཕྱོགས་ལ་ནོར་འཁྲུལ་ཤོར་ན་ཡོ་བསྲང་དང་མེད་ན་དོགས་ཟོན་བྱེད་པ། སྤྱི་པའི་ལས་དོན་གྱི་འཐུས་ཤོར་དང་གནོད་རྐྱེན་གྱི་གནད་འགག་དང་འཕྲད་སྐབས་སུ་གདོང་མཆོངས་བྱེད་པ་ལས་ཕྱི་ནུར་མི་བྱེད་པ། ལས་དོན་ཆེ་འབྲིང་ཆུང་གསུམ་གང་ལའང་ཕུགས་རྒྱང་རིང་པོའི་ཐུགས་བསམ་གཏོང་བ་ལས་ཁ་རུ་ཁ་ཐུག་ལྟ་བུ་མ་ཡིན་པ་དང་། ལས་དོན་ཕུགས་བརྟན་མིན་དང་བཅའ་ཁྲིམས་རིན་པོ་ཆེར་འགལ་ཡོད་མེད་བཅས་ལ་ཐུགས་ཞིབ་ནན་པོ་གཏོང་བ། བཙན་བྱོལ་ཁྲོད་ཀྱི་གཞིས་ཆགས་ཁག་དང་ཁ་འཐོར་མང་ཚོགས་ཀྱི་སྐྱིད་སྡུག་དང་ལྷག་པར་ཉམ་ཆུང་དཀའ་ངལ་ཅན་གྱི་རིགས་ལ་ལྟ་སྐྱོང་ཁ་ཡོད་ལག་ཡོད་བྱེད་པ་ཞིག་འདེམས་དགོས། སྲིད་སྐྱོང་གི་འགན་འཁྲི་སུ་ཞིག་གི་ཕྲག་ཏུ་བླངས་པ་ནས་མང་ཚོགས་ཀྱི་འདོད་པ་ཡོངས་སུ་གང་བ་ཞིག་བསྒྲུབ་ཐུབ་རྒྱུ་ཁག་པོ་ཡིན་པས་མཚམས་རེར་ལས་དོན་འགྲུབ་མ་འགྲུབ་དེ་འདྲ་ཡོང་སྲིད་ཀྱང་། ལས་རྒྱུ་འབྲས་དང་དྲང་པོ་དྲང་བཞག ཕྱི་གསལ་ནང་གསལ་གྱིས་ཕྱག་ལས་གནང་བ་ཡིན་ན་མི་མང་གི་ངོས་ནས་ཀྱང་བསམ་ཤེས་གུ་བཤངས་བྱེད་རྒྱུ་གལ་ཆེན་དོན་ཆེན་དུ་ཆགས་ཡོད།

གོང་འཁོད་ཆ་རྐྱེན་དེ་དག་ཀློག་རྗེས་དྲི་བ་ཞིག་རང་བཞིན་གྱིས་ཡོང་། ད་འོ་ན་སྲིད་སྐྱོང་འོས་མི་ལ་སུ་འདྲ་ཞིག་འཚམས་པོ་འདུག་ཅེས་པ་དེ་རེད། འདས་པའི་ལོ་ངོ་བཅུའི་རིང་གི་ལེགས་པའི་ཆ་གང་ཡོད་པ་རྣམས་མུ་མཐུད་རྒྱུན་འཁྱོངས་དང་། ལེགས་པའི་ཆ་གང་དག་འཐུས་ཤོར་དུ་ཕྱིན་པ་གང་ཡོད་པ་རྣམས་བསྐྱར་གསོ་བྱེད་རྒྱུ་དེ་རེད། སྤྱིར་རྒྱུན་སྐྱོང་བ་ལས་ཉམས་ཆག་བྱུང་ཟིན་པའི་ལས་དོན་ཞིག་བསྐྱར་གསོ་བྱེད་དགོས་ན། དེ་ནི་ལས་གཞི་གསར་འཛུགས་ལས་ཀྱང་དཀའ་ངལ་ཆེ་བ་ཡོད་པ་ཚང་མའི་ཤེས་གསལ་རེད། དེ་འདྲ་ཡིན་དུས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ངེས་ཤིང་དེའི་དོན་ལྟར་ཤར་བསྐྱོད་བྱེད་ཐུབ་པ་ཞིག་དང་། དེའི་དགོངས་དོན་ལག་བསྟར་གནང་ནས་ཕེབས་ཐུབ་པ་ཞིག་ཡིན་ན། བཙན་བྱོལ་ཁྲོད་ཀྱི་བོད་མི་རྣམས་རྡོག་ལ་སྒྲིལ་པོ་གནང་ཐུབ་པར་ཕན་ནུས་ཆེ་བ་ཡོད། ཡིན་ནའང་། ནམ་རྒྱུན་རང་གི་འདོད་པ་གཅིག་པུ་ལས་གཞན་སུ་ལའང་བསྟུན་འདོད་མེད་མཁན་དག་ལ་ཐབས་བྱུས་མེད་མོད། འོན་ཀྱང་མི་སེམས་རྡོ་ལས་གྲུབ་མེད་པ་ཡིན་ཙང་། ནམ་རྒྱུན་ཕྱག་ལས་ལྷོད་མེད་ལྷག་བསམ་རྣམ་དག་གིས་གནང་ན་ཁོང་ཚོ་ཁག་ཅིག་གི་སེམས་ལ་འགྱུར་བ་ཏན་ཏན་འབྱུང་ངེས། གང་ལྟར་ང་ཚོ་གལ་གནད་ཆེ་བའི་འགག་འཕྲང་དག་ནས་ཐར་འཇུག་པའི་སྐྱེ་བོ་རླབས་ཆེན་ཞིག་ཡར་འཇོག་དང་མི་འཇོག་གཙོ་བོ་ཆོལ་ཁ་གཉིས་རེད། དབུས་གཙང་མི་མང་དང་མདོ་སྟོད་མི་མང་ལ་རག་ལས་ཡོད་པ་རེད། ཆོལ་ཁ་འདི་གཉིས་ལ་མི་འབོར་མང་སྟབས་འདི་གཉིས་ཀྱིས་འདེམས་ཀ་མ་ནོར་བར་དམངས་སེམས་རྡོག་ལ་སྒྲིལ་པོ་ཞིག་བཟོ་ཐུབ་པའི་གང་ཟག་ཅིག་འབུར་ཐོན་བྱུང་ན་ང་ཚོའི་ལས་དོན་གང་ལའང་འཇིགས་ཞུམ་སྐྱེ་དགོས་དོན་མེད། གཞན་རྣམ་གྲངས་མང་པོ་ཞིག་དང་གབ་ཚིག་ལྟ་བུའི་ཐ་སྙད་འདྲ་ཆགས་པོ་སྙིང་རྗེ་པོ་གསུངས་པ་ཙམ་གྱིས་ཕན་ནུས་ཆུང་།

མི་སུ་འདྲ་ཞིག་ལ་ཐོབ་མིན་ཆོལ་ཁ་འདི་གཉིས་ཀྱི་དཔུང་ཤུགས་ལས་འདའ་མི་ཐུབ་པས། ཕྱོགས་ཞེན་དང་ཡ་ལེ་ཡོ་ལེར་སོང་ན། ང་ཚོའི་སྤྱི་དོན་ཁ་ཆག་སྣ་རལ་དུ་འགྲོ་རྒྱུར་གདོན་མི་ཟ། སྐབས་དེ་དུས་ངུ་ཤོར་ཡང་འཕྱིས་དྲག་པ་རེད། དེར་བརྟེན་ད་རེས་ ༢༠༢༡ ལོའི་སྲིད་སྐྱོང་ལ་མི་མང་པོ་ལང་ཡོང་གི་ཡོད་པ་རེད། དེ་དག་ལས་སྐུ་ངོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་། སྐུ་ངོ་ཚོགས་ཟུར་སྤེན་པ་ཚེ་རིང་གཉིས་རྩེ་ཕུད་ཆགས་ཡོད་པ་དང་། ཁོང་གཉིས་ལའང་ཁྱད་ཆོས་རེ་རེ་ཡོད་པ་རེད། ཡིན་ནའང་རང་ཉིད་ཀྱི་བསམ་ཚུལ་དམར་རྗེན་དུ་བརྗོད་ན། གོང་འཁོད་ཆ་རྐྱེན་ཡོངས་སུ་རྫོགས་པ་དེ་སྐུ་ངོ་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་ལས་ལྷག་མེད་པར་མཐོང་།

ཡིན་ནའང་སྐུ་ངོ་སྤེན་པ་ཚེ་རིང་ཁོང་ལ་འགན་དེ་འཁུར་བཞེས་གནང་འཇུག་མིན་གོང་འཁོད་ཆོལ་ཁ་གཉིས་ལ་ཐུག་ཡོད་པ་ལས་གཞན་མདོ་སྨད་ཆོལ་ཁ་ལ་བསམ་བློའི་ལྷག་བསམ་གྱིས་རྒྱབ་སྐྱོར་སྟོན་རྒྱུ་ཙམ་ལས་འོས་འདེམས་པའི་མི་འབོར་གྱི་ཆ་ནས་ནུས་པ་གང་ཡང་ཐོན་ཐབས་མེད་པ་དོན་དངོས་སུ་གྲུབ་ཡོད། ཕྱི་ལོ་ ༢༠༡༦ ལོའི་སྐུ་ངོ་སྤེན་པ་ཚེ་རིང་གི་འོས་གྲངས་ཉིས་ཁྲི་བཞི་སྟོང་བདུན་བརྒྱ་བདུན་ཅུ་དོན་དྲུག་དེའི་ནང་གི་སྟོང་ཕྲག་གཅིག་གཉིས་ཙམ་མ་གཏོགས་གཞན་ཆ་ཚང་དབུས་གཙང་དང་མདོ་སྟོད་ཆོལ་ཁ་ནས་བྱུང་བ་རེད། དེར་བརྟེན་ད་ལྟའི་ཆར་ཡང་ཆོལ་ཁ་དེ་གཉིས་ཀྱི་དྲང་བདེན་ལ་དགའ་བའི་མི་བུ་དག་གིས་གཙོས་པའི་རང་རེའི་གཞུང་འདི་ཚགས་ཚུད་ཅིག་དང་། ད་དུང་མི་ལོ་ལྔ་བཅུར་སྡོད་དགོས་ཀྱང་སེམས་ཁྲལ་མེད་པ་ཞིག་གཏོང་འདོད་ཡོད་མཁན་དག་གིས་ཐུགས་བསམ་ནན་ཏན་གཏོང་དགོས་པའི་སོ་མཚམས་ཤིག་དང་། ཀྱོག་མཚམས་འདིར་རང་ཉིད་ཀྱི་རྣམ་དཔྱོད་གཞན་དབང་དུ་མི་འགྲོ་བ་ཧ་ཅང་གནད་འགག་ཅིག་རེད།

ཅེས་གཡུ་སྒང་དགེ་འདུན་གྱིས། ༢༠༢༠ ཟླ་ ༠༨ ཚེས་ ༡༠ ཉིན་བྲིས།

བསམ་ཚུལ།

Post navigation

Previous Post: མང་གཙོ་དང་དྲང་བདེན་འདྲ་མཉམ་ཕྱི་གསལ་ནང་གསལ་ཁྲིམས་ཀྱི་དབང་བསྒྱུར་ལ་དཔྱད་པའི་གཏམ།
Next Post: དཀྱིལ་འཁོར་རྒྱལ་མཚན།

Comments (8) on “༢༠༢༡ ལོའི་སྲིད་སྐྱོང་ཐད་ཀྱི་བསམ་ཚུལ་དམར་རྗེན་མ།”

  1. པདྨ་གར་དབང་། says:
    2020-09-11 at 10:08 pm

    འོ་ད་་་་་བསམ་ཚུལ་དམར་བརྗེན་མ་་་་་ཞེས་པའི་རྩོམ་བྱང་འོག་དངོས་གནས་རང་ཉིད་ཀྱི་ཀུན་སློང་དམར་བརྗེན་དུ་བསྟན་འདུག ད་ཆ་བཙན་འབྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བསླབ་བྱ་རྒྱག་མཁན་དགོས་དོན་མེད། མི་དམངས་ཚོས་གསལ་གསལ་ཐིང་ཐིང་ཧ་གོ་གི་ཡོད། སྤྱི་ཚོགས་ཁྲོད་་་་ཁ་ལྕེ་སྔོན་ཐོན་ཅན་་་་་འཐེན་འཁྱེར་སྤོང་དགོས་རབས། ཆིག་སྒྲིལ་དགོས་རབས། འཆོལ་ཞེན་འདོར་དགོས་རབས། བོད་སྤྱི་ཡི་དོན་དག་བསམ་དགོས་རབས་་་་ཁ་དག་དག་་་་ཤོད་མཁན་དེ་ཚོ་རང་རང་སོ་སོའི་ངོས་ནས་བསམ་བློ་ཡག་པོ་ཐོངས། རང་ངོས་ནས་དེ་འདྲ་བྱེད་ཀྱི་ཡོད་པས? དོན་དུ་་་་འདྲ་ཆགས་དེ་འདྲ་ཤོད་མཁན་དེ་དག་ཚང་མ་་་་འཐེན་འཁྱེར་གྱི་མཆོག་ཏུ་གྱུར་པ། འཆོལ་ཞེན་གྱིས་ཚོས་པ། སྤྱི་པ་ཁ་ལ་འཁྱེར་ནས་སྒེར་དོན་སྒྲུབ་མཁས་པོ། ཆིག་སྒྲིལ་བྱེ་མའི་འཕྱང་བུར་བསྒྱུར་བའི་བྱེད་པོ་ཏག་ཏག་དེ་ཚོ་རེད། ང་ཚོ་མི་དམངས་ལ་སློབ་སྟོན་མི་དགོས། ལྟོས་དང་། སྐད་ཆ་ག་རེ་བཤད་འདུག་་་་་བབས་ས་གང་ལ་བབས་འདུག་་་་ལྟོས་དང་།

  2. ཀརྡོ་རབ་འབྱམས་པ་ says:
    2020-09-12 at 12:17 am

    ་་་་་་་་་་་ དེ་དག་ལས་སྐུ་ངོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་། སྐུ་ངོ་ཚོགས་ཟུར་སྤེན་པ་ཚེ་རིང་གཉིས་རྩེ་ཕུད་ཆགས་ཡོད་པ་དང་། ཁོང་གཉིས་ལའང་ཁྱད་ཆོས་རེ་རེ་ཡོད་པ་རེད། ཡིན་ནའང་རང་ཉིད་ཀྱི་བསམ་ཚུལ་དམར་རྗེན་དུ་བརྗོད་ན། གོང་འཁོད་ཆ་རྐྱེན་ཡོངས་སུ་རྫོགས་པ་དེ་སྐུ་ངོ་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་ལས་ལྷག་མེད་པར་མཐོང་། ་་་་་་་་་་་་

  3. ཀརྡོ་རབ་འབྱམས་པ་ says:
    2020-09-12 at 12:27 am

    སྤེན་ཚེས་ཆང་རག་དགའ་ན་ཡང་། །
    མི་གཤིས་ཉམས་ཆུང་རང་ཚུགས་བརྟན། །
    སྤེན་ཚེ་བར་ཆད་མང་ན་ཡང་། །
    ལ་རྒྱ་སེམས་ཤུགས་སྔར་ལས་ལྷག །

    ཉེ་གཅིག་སྲིད་སྐྱོང་སྤེན་ཚེ་ལ། །
    ཐོབ་པར་སྒྲོལ་མ་ཉེར་གཅིགསྲུངས། །
    སྤེན་ཚེ་སྲིད་སྐྱོང་ཐོབ་པ་ལ། །
    ངས་ཀྱང་འཕྲིན་བཅོལ་གསོལ་འདེབས་ཡོད། །

  4. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-09-12 at 11:08 pm

    བསམ་ཚུལ་དམར་རྗེན་ཨེ། མིང་རྫུན་འོག་ཏུ་དྲ་ནང་འཛུལ་ནས་སྲིད་སྐྱོང་ལ་འདི་ཡག་རབས་ཀྱི་ཕྱོགས་གཏོགས་ལ་འགན་ཁུར་ནས་མི་མང་གི་རྒྱབ་སྐྱོར་ཐོབ་པའི་རེ་བ་བཅོལ་མཁན་དང་འོས་ཤོག་སློང་མཁན་ཡོད་ན་ལྐུགས་རྟགས་མ་རེད་དམ?

  5. གཡུ་སྒང་དགེ་འདུན། says:
    2020-09-12 at 11:56 pm

    #4 གཞུང་པ་ཚེ་དབང་བསིད་ནམས་ལགས་ཀྱིས་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པའི་མཆན་བཀོོད་གནང་པར་དགའ་བསུ་ཡོད། ཡིན་ནའང་མིང་རྫུན་འོག་ཏུ་དྲ་ནང་འཛུལ་ནས་ཞེས་པ་འདི་ལ་ངོས་ལེན་མེད། མིང་རྫུན་ཡིན་པའི་རྒྱུ་མཚན་གསུང་རོགས།
    དེ་མ་གཏོགས་མི་ཤེས་ཤེས་ཁུལ་བྱས་ན་དམྱལ་བར་སྐྱེ་ཞེས་པའི་བཤད་སྟངས་ཤིག་ཡོོད་པ་རེད།

  6. ཀརྡོ་རབ་འབྱམས་པ says:
    2020-09-13 at 5:48 am

    སྔར་གྱི་སྤེན་ཚེ།
    https://www.facebook.com/sherap.gyatso.7/videos/1993725874093534

  7. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-09-13 at 8:07 am

    ཁྱེད་ལ་ཞུས་མེད་ལ་ཁྱེད་ལ་ཕོག་ཐུག་བཟོས་ཡོད་ན་དགོང་སེལ་ཞུ།
    དེང་སང་དྲ་ནང་འཛུལ་ནས་མིང་རྫུན་འོག་མཆན་འགོད་མཁན་མང་འདུག་པོ་འདུག་པ་སྤྱི་ཡོངས་ལ་བཤད་པ་ལས་སྒེར་ལ་དམིགས་ནས་ཞུས་མེད་དོ།

  8. གཡུ་སྒང་དགེ་འདུན། says:
    2020-09-13 at 10:49 am

    #7 གཞུང་པ་ཚེ་དབང་བསིད་ནམས་ལགས། ལགས་སོ་ལགས། ངས་མཆན་གྱི་གོ་དོན་མ་རྟོགས་པ་ཞིག་ཡིན་ན། ངས་ཡང་རང་ལ་དགོངས་དག་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme