Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ནང་བསྟན་དར་སྤེལ་བགྲོ་གླེང་སྐབས་དགུ་པའི་ཐོག་བསྩལ་པའི་གསུང་བཤད།

Posted on 2020-08-152020-08-17 By ཁ་བརྡ 1 Comment on སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ནང་བསྟན་དར་སྤེལ་བགྲོ་གླེང་སྐབས་དགུ་པའི་ཐོག་བསྩལ་པའི་གསུང་བཤད།

འོས་སྦྱོར་བ། རེ་མདོ་སེངྒེ།
 
(འཛམ་གླིང་ཞི་བདེ་དང་ནད་ཡམས་མྱུར་དུ་ཞི་བའི་སྨོན་ལམ།)
ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༨ ཚེས་ ༡༣ ཉིན།

༄༅།། ཐེ་ཝན་རྒྱལ་སྤྱིའི་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་གཙོ་ཅེན་ཡའོ་མཆོག་དང། དཔལ་རྒྱལ་བ་ཇོ་ནང་བའི་རྒྱལ་ཚབ་མཆོག རྣམ་གྲོལ་གླིང་གི་དབུ་འཛིན་༸སྐྱབས་རྗེ་གྱང་ཁང་མཁན་སྤྲུལ་རིན་པོ་ཆེ་བཅས་ཀྱིས་དབུས་པའི་སྐུ་མགྲོན་རྣམ་པ་དང། ཆོས་བརྒྱུད་རིས་སུ་མ་མཆིས་པའི་བླ་སྤྲུལ་དང་མཁན་པོ། དགེ་འདུན་པ་རྣམ་པ་བཅས་དེ་རིང་གི་བགྲོ་གླེང་དང་སྨོན་ལམ་ཚོགས་འདུའི་ཐོག་ལྷན་ཅིག་ཏུ་མཇལ་འཛོམས་བྱུང་བར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དེ་རིང་གི་མཛད་རིམ་དང་པོ་འཛམ་གླིང་ཞི་བདེ་ཡོང་བ་དང་ནད་ཡམས་ཞི་བའི་གསོལ་འདེབས་སྨོན་ལམ་གནང་རྒྱུ་ཡིན་དུས། འདིར་ཕེབས་མཁན་ཡོངས་རྫོགས་ཆོས་བརྒྱུད་རིས་སུ་མ་མཆིས་པའི་གདན་ས་ཁག་ནས་བསླབ་པ་སློབ་གཉེར་ཚུལ་བཞིན་གནང་སྟེ་མཁས་པར་གྱུར་ནས་གཞན་དོན་མཛད་པར་ཕེབས་པ་ཤ་སྟག་ཡིན་དུས་འདིའི་སྐོར་རྣམ་པ་ཚོར་དམིགས་བསལ་ཞུ་རྒྱུ་གང་ཡང་མེད།

༸གོང་ས་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེས། ཉོན་མོངས་གདོན་གྱིས་སྨྱོས་པའི་བརླང་སྤྱོད་ཀྱིས། །རང་གཞན་གཉིས་ཕུང་བགྱིད་པའི་སྙིང་རྗེའི་ཡུལ། །མི་བསྲུན་སྐྱེ་བོའི་ཚོགས་རྣམས་བླང་དོར་མིག།།ཡོངས་ཐོབ་བྱམས་བརྩེས་མཛའ་བའི་དཔལ་ལ་སྦྱོར། །ཅེས་གསུངས་པ་ལྟར། དེང་སང་གི་གནས་སྟངས་ནི་འཛམ་བུ་གླིང་གི་མི་མང་པོ་ཞིག་ཉོན་མོངས་པའི་གདོན་གྱིས་སེམས་རྒྱུད་བརླམས་ནས་རང་དང་གཞན་གཉིས་ཀ་ཕུང་ལ་སྦྱོར་བའི་ཉེན་ཁ་ཆེན་པོ་ཞིག་གི་མཚམས་ལ་སླེབས་འདུག། ཆབ་སྲིད་ཀྱི་དབུ་ཁྲིད་ཁག་ཅིག་གི་སེམས་ལ་བྱམས་སྙིང་རྗེའི་བསམ་བློ་རྩ་བ་ནས་མེད་པའི་གནས་སྟངས་ཤིག་ཡོད། རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དབུ་ཁྲིད་ཚོའི་རྒྱུད་ལ་ཡང་བྱམས་བརྩེའི་བསམ་བློ་མེད་དུས། འཛམ་གླིང་གི་དབུ་ཁྲིད་ཚོའི་རྒྱུད་ལའང་བྱམས་བརྩེའི་བསམ་བློ་སྐྱེས་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་པར་རྣམ་པ་ཚོས་ཐུགས་སྨོན་གནང་དགོས་ཀྱི་འདུག། དབུ་ཁྲིད་ཚོའི་སེམས་རྒྱུད་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་མ་ཐེབས་ན་འཛམ་གླིང་ལ་ཞི་བདེ་ཡོང་བའི་རེ་བ་རྩ་བ་ནས་མེད་པ་ལྟ་བུ་རེད། ད་ལྟ་ནད་ཡམས་ངན་པ་འདི་བྱུང་ནས་དཀའ་ངལ་ཡོད་པའི་ཐོག་རིམ་གྱིས་མུ་གེ་ཡོང་རྒྱུ་ཡིན་པ་ནི་ཐག་གིས་ཆོད་པ་ལྟ་བུ་རེད། དེའི་ཐོག་ལ་མཚོན་དང་དམག་འཁྲུག་གི་འཇིགས་པ་ཡོང་རྒྱུའི་ཉེན་ཁ་འཕྲད་དང་འཕྲད་བཞིན་ཡོད་དུས། ཆབ་སྲིད་ཀྱི་དབུ་ཁྲིད་ཚོའི་རྒྱུད་ལ་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་སྐྱེ་ཐུབ་པའི་ཆེད་དུ་རྣམ་པ་ཚོས་ཐུགས་སྨོན་རྒྱ་ཆེན་པོ་གནང་དགོས་པ་འདི་གལ་ཆེན་པོ་རེད།

དེང་སང་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཉིས་ཆུ་དང་མེ་འཕྲད་པ་བཞིན་ཕན་ཚུན་གཅིག་གིས་གཅིག་ལ་འཁོན་ལན་སློག་རེས་བྱེད་པའི་ཉེན་ཁ་ཆེན་པོའི་སྐབས་ལ་སླེབས་ཡོད། རྒྱ་ནག་ལ་ཆ་བཞག་ན་རང་གི་དགྲ་བོ་ཐམས་ཅད་བཅོམ་ནས་རང་ཉིད་ཀྱི་བདེ་སྐྱིད་འཚོལ་གྱིན་ཡོད་ཀྱང། ཕྱིའི་དགྲ་བོ་ཅི་ཙམ་བཅོམ་པ་དེའི་ཚོད་ཀྱིས་དགྲ་ཇེ་མང་དུ་འཕེལ་བཞིན་ཡོད། རྣམ་པ་ཚོ་མཁྱེན་གསལ་ལྟར། རྒྱ་ནག་ནང་ལོ་རེ་བཞིན་བཙོན་ཁང་ཇེ་མང་དང་རྒྱ་ཇེ་ཆེར་གཏོང་བཞིན་ཡོད། དཔེར་ན། སྔོན་མ་བཙོན་པ་བརྒྱ་བསྡུ་ས་ཞིག་ལ་དེང་སང་བཙོན་མ་ཉིས་བརྒྱ་ལྷག་བསྡུ་དགོས་པ་དང། ཆིག་སྟོང་ལྷག་བསྡུ་དགོས་པའི་གནས་སྟངས་འབྱུང་བཞིན་ཡོད། རྒྱ་ནག་ནང་འདི་འདྲའི་བཙོན་པ་མང་པོ་ཡོང་དགོས་པའི་རྒྱུ་མཚན་གང་ཡིན་མིན་ཐད་རྒྱ་ནག་གཞུང་གི་དཔོན་པོ་ཚོས་བསམ་བློ་གཏོང་དགོས་པ་ཞིག་རང་བཞིན་གྱིས་ཆགས་ཡོད། རྒྱ་བསྐྱེད་རིང་ལུགས་ཀྱི་བསམ་བློ་དང། དྲག་གནོན་གྱིས་མངའ་འོག་ཏུ་བསྡུ་བའི་དུས་ཚོད་དེང་སང་ཡོལ་ཟིན་པ་རེད། ཅེས་སྐུ་མདུན་གྱིས་བཀའ་གནང་གི་ཡོད་པ་ལྟར་ཡིན། རྒྱ་ནག་གཞུང་གི་དཔོན་པོ་ཚོའི་སེམས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་དང་བྱམས་བརྩེའི་ཚོར་བ་ཞིག་བྱུང་བ་ཡིན་ན། སྤྱོད་འཇུག་ལས། ལག་མཐིལ་ཙམ་གྱིས་ཀོ་བས་ནི། །ས་སྟེང་ཐམས་ཅད་གཡོགས་དང་འདྲ། །ཞེས་གསུངས་པ་ལྟར་ཡིན་པས། ཆབ་སྲིད་ཀྱི་དབང་འཛིན་པ་ཁོ་ཚོའི་སེམས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་དང་བྱམས་བརྩེའི་བསམ་བློ་སྐྱེས་ན་བདེ་སྐྱིད་ཡོང་རྒྱུ་ཡིན་པས། རྣམ་པ་ཚོས་ཐུགས་སྨོན་གསོལ་འདེབས་རྒྱ་ཆེན་པོ་གནང་རོགས་ཞེས་གསལ་འདེབས་ཞུ་རྒྱུ་ཡིན།

དེང་སང་འཛམ་གླིང་དུ་ཁྱབ་པའི་ནད་ཡམས་འདིའི་རྐྱེན་གྱིས་མི་འབུམ་ཕྲག་མང་པོ་ཤི་ཚར་བ་རེད། འབུམ་ཕྲག་ནས་འབུམ་ཕྲག་མང་པོ་ནད་ཀྱིས་མནར་ནས་ཡོད། དེ་ལས་ཀྱང་མང་བ་འཛམ་གླིང་གི་མི་མང་ཆེ་བའི་སེམས་ལ་དངངས་སྐྲག་དང་འཇིགས་སྣང་གིས་ཉིན་མཚན་མ་འཁྱོལ་བར་སྡོད་དགོས་པའི་དུས་སུ་སླེབས་ཡོད། འདི་འདྲའི་འཇིགས་སྣང་དང་ཞེད་སྣང་ཆེན་པོ་ཞིག་གི་འོག་ཏུ་ཡོད་པ་ཡིན་དུས། སྤྱོད་འཇུག་ལས། འཇིག་རྟེན་ནད་པ་ཇི་སྙེད་པ༑ །མྱུར་དུ་ནད་ལས་ཐར་གྱུར་ཅིག།།འགྲོ་བའི་ནད་རྣམས་མ་ལུས་པ༑ །རྟག་ཏུ་འབྱུང་བ་མེད་པར་ཤོག།།ཅེས་གསུངས་པ་ལྟར་རྣམ་པ་ཚོས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་རྩིས་ཟིན་པའི་ཐོག་ནས་ནད་ཡམས་འདི་དག་མྱུར་བར་མྱུར་དུ་ཞི་བའི་ཐུགས་སྨོན་སྐྱབས་འཇུག་གནང་གི་རེད་ལ། དེ་ལྟར་གནང་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང།

མཛད་རིམ་གཉིས་པ་ནང་བསྟན་དར་སྤེལ་བགྲོ་གླེང་སྐབས་དགུ་པ་རེད། ཁ་སང་ཐོག་མར་ང་ལ་ཚོགས་འདུ་འདིའི་ཐོག་ཡོང་ནས་སྐད་ཆ་ཞིག་བཤད་རོགས་ཞེས་བཀའ་གནང་བྱུང། ང་རང་ཐེ་ཝན་ལ་ཡོང་བ་ནི་རྒྱུན་དུ་གཟུགས་པོ་བདེ་པོ་མེད་པར་ན་ཚ་མང་པོ་ཡོད་མཁན་ཞིག་ཡིན་པར་བརྟེན་སྨན་བཅོས་ཀྱི་ཆེད་དུ་ཡོང་བ་ཞིག་ཡིན་དུས། ཉིན་ཤས་ཀྱི་སྔོན་དུ་དོན་གཅོད་ལས་ཁུངས་ཀྱི་ངོས་ནས་ཚོགས་འདུ་རེ་ལ་ཡོང་དགོས་པའི་བཀའ་གནང་བའི་སྐབས། ཐོག་མར་ཚོགས་འདུར་བཅར་རྒྱུའི་ཁས་ལེན་བྱས་པ་ཡིན་ཡང། ཚོགས་འདུ་དངོས་གཞིའི་སྐབས་གཟུགས་པོ་བདེ་མིན་གྱི་རྐྱེན་པས་དངོས་སུ་བཅར་ཐུབ་མ་སོང། ཡིན་ནའང་དེ་རིང་འདིར་ཆོས་བརྒྱུད་རིས་སུ་མ་མཆིས་པའི་དགེ་བའི་བཤེས་གཉེན་མང་པོ་ཞིག་ལྷན་དུ་འཛོམས་པ་འདི་ང་རང་གི་ངོས་ནས་ཤིན་ཏུ་གལ་ཆེན་པོར་བརྩིས་པའི་ཐོག་ནས་འདིར་བཅར་བ་མ་གཏོགས། ང་ལ་རྣམ་པ་ཚོས་མ་མཁྱེན་པའི་གནས་ཚུལ་དམིགས་བསལ་བ་གང་ཡང་ཞུ་རྒྱུ་མེད། ང་རང་ལོ་རྗེས་མ་ལོ་བརྒྱད་ཅུ་ལོན་གྱི་ཡོད་པའི་རྒན་རྒོན་ཞིག་ཡིན་པའི་ཉམས་མྱོང་གི་ཐོག་ནས་ཚིག་གཅིག་གཉིས་ཤིག་ཞུ་ཐུབ་ན་བསམས་ནས་འདིར་བཅར་བ་ཡིན་དུས། ངས་ཚིག་རེ་ཟུང་ཞིག་སྙན་སེང་ཞུ་རྒྱུའི་འདོད་པ་བྱུང།

ང་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ལ་བཙན་བྱོལ་དུ་སླེབས་པའི་མི་ཞིག་ཡིན་དུས། ང་ཚོ་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཐོག་མར་འབྱོར་བའི་སྐབས་བོད་བརྒྱུད་ནང་བསྟན་ལ་རྒྱལ་སྤྱིའི་ཐོག་ནས་མཐོང་དང་ཆ་འཇོག་ག་ཚད་ཅིག་ཡོད་མེད་ང་ཚོས་ཉམས་མྱོང་གི་ཐོག་ནས་གསལ་པོར་ཤེས་ཀྱི་ཡོད། སྐབས་དེར་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་བླ་མ་ཡེ་ཟེམ་ཟེར་གྱི་ཡོད། རྡོ་རྗེ་གདན་དང་ཝཱ་རཱ་ཎ་སཱི་སོགས་སུ་ང་ཚོ་ཐེག་དམན་པའི་དགེ་འདུན་པ་དང་མཉམ་དུ་ཚོགས་འདུ་རེ་ཚོགས་པའི་སྐབས། ཐེག་དམན་གྱི་དགེ་སློང་སེར་པོ་རྣམ་པ་སྡིངས་ཆའི་སྟེང་ལ་བཞུགས་ནས་ཞལ་མར་སློག་པ་དང། བོད་ཀྱི་དགེ་ཚུལ་སློང་རྣམས་སྡིངས་ཆའི་འོག་ཏུ་སྐྱ་པོ་མི་ནག་ཚོའི་མདུན་དུ་ཁ་ཡར་སློག་ནས་སྡོད་དགོས་ཀྱི་ཡོད། སྐབས་དེའི་ང་ཚོའི་དངོས་ཡོད་ཀྱི་གནས་བབ་དེ་འདྲ་ཞིག་ཡིན། དེང་སང་ང་ཚོའི་གནས་བབ་གང་འདྲ་ཞིག་ཏུ་འགྱུར་བ་ཕྱིན་ཡོད་པ་རེད་ཟེར་ན། དེང་སང་ཐེག་དམན་གྱི་དགེ་སློང་སེར་པོ་ཚོ་བོད་ཀྱི་བླ་མ་དང་དགེ་བཤེས་ཚོའི་མདུན་དུ་ཚུར་བཅར་ནས་གསུང་ཆོས་ཞུ་བ་དང་ནང་ཆོས་ལ་སློབ་སྦྱོང་བྱེད་ཀྱི་ཡོད་པར་མ་ཟད། བོད་ཀྱི་བླ་མ་དང་དགེ་བཤེས་རྣམས་ནང་པའི་ཆོས་ལུགས་ལ་མཁས་པ་ཆེན་པོ་རེད། ཅེས་སྡིངས་ཆའི་སྟེང་དང་གྲལ་མགོ་ལ་བཞག་སྟེ་གུས་ཞབས་ཆེན་པོ་ཞུ་དགོས་པའི་ངོས་འཛིན་ཡག་པོ་འདི་བྱུང་ཡོད། ངོས་འཛིན་ཡག་པོ་འདི་འདྲ་ཞིག་ཐོབ་པ་དེ་རང་བཞིན་གྱིས་བྱུང་བ་ཞིག་མ་ཡིན་པར། འདི་གཙོ་བོ་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེས་ལོ་ངོ་དྲུག་ཅུ་ལྷག་གི་རིང་འཛམ་བུ་གླིང་ལ་སྐོར་བ་བསྐྱོན་ཏེ་མཛད་འཕྲིན་རྒྱ་ཆེན་པོ་བསྐྱངས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་དུས། ད་ལྟའི་ངོས་འཛིན་ཡག་པོ་ཡོད་པ་འདི་རྒྱུན་འཛིན་ཐུབ་དགོས་པ་འདི་ཧ་ཅང་གལ་ཆེན་པོ་རེད། ཕྱིའི་རྒྱལ་ཁབ་ཁག་ལ་ཕེབས་མཁན་གྱི་དགེ་བའི་བཤེས་གཉེན་རྣམ་པ་ཚོ་འཛམ་གླིང་མི་མང་ལ་བོད་ཀྱི་ནང་པའི་ཆོས་ལུགས་ཀྱི་ཐོག་ནས་འབྲེལ་བ་གནང་མཁན་གཙོ་བོ་ཡིན་དུས། རྣམ་པ་ཚོ་ལ་འཛམ་གླིང་མི་མང་གི་མདུན་དུ་མིག་དཔེ་ཡག་པོ་སྟོན་དགོས་པའི་འགན་འཁྲི་ཆེན་པོ་ཞིག་ཡོད། རྣམ་པ་ཚོ་གང་དུ་ཕེབས་ཀྱང་བོད་བརྒྱུད་ནང་བསྟན་སྤྱིའི་སྐུ་ཚབ་མཚོན་པ་དང། ལྷག་པར་དུ་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་མཚོན་པའི་གནས་སྟངས་ཤིག་ཡོད་པ་ཡིན་དུས། མི་རེ་ངོ་རེ་ལ་དེ་འདྲའི་གནས་སྟངས་དམིགས་བསལ་ཅན་དང་འགན་འཁྲི་ཆེན་པོ་ཞིག་ཡོད་སྙམ་པའི་ཐོག་ནས་ཕྱག་ལས་གནང་གི་རེད་ལ་གནང་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད།
སྔོན་མ་མའོ་ཙེ་ཏུང་གིས་ཚན་རིག་ཡར་རྒྱས་ཕྱིན་ན་ནང་པའི་ཆོས་ལུགས་རང་བཞིན་གྱིས་ཉམས་ནས་ཆོས་ལུགས་མེད་པར་འགྱུར་འགྲོ་བའི་ཡིད་ཆེས་བྱས་ཡོད། དེང་སང་ཚན་རིག་ཡར་རྒྱས་ཕྱིན་པ་དང་མཉམ་དུ་བོད་ཀྱི་ནང་པའི་ཆོས་ལུགས་དར་རྒྱས་ཆེན་པོར་ཕྱིན་ཏེ། ཚན་རིག་དང་བོད་ཀྱི་ནང་པ་གཉིས་དཔུང་པ་མཉམ་གཤིབ་ཀྱི་ཐོག་ནས་འགྲོ་ཐུབ་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད། འདི་ཡང་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་མ་གཏོགས་རང་བཞིན་གྱིས་བྱུང་བ་ཞིག་མ་རེད། དེ་འདྲ་ཡིན་དུས་༸གོང་ས་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ང་ཚོས་དྲན་དགོས་པ་དེ་གལ་ཆེན་པོ་རེད། བཀའ་ཤག་གིས་ད་ལོའི་ལོ་འཁོར་མོ་༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་གནང་བཞིན་ཡོད་དུས་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་རྗེས་དྲན་ཞུ་སྟངས་ནི། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། །ཞེས་གསུངས་པ་ལྟར་༸རྒྱལ་བ་རིན་པོ་ཆེས་བསྒོ་བའི་བཀའ་དེ་ང་ཚོས་ཇི་བཞིན་ཉམས་སུ་ལེན་ཐུབ་ཀྱི་འདུག་གམ་མི་འདུག།ཆོས་ཕྱོགས་ནས་བཀའ་གནང་བ་རྣམས་ང་ཚོས་ཉམས་སུ་ལེན་ཐུབ་ཀྱི་འདུག་གམ་མི་འདུག དེ་བཞིན་དུ་ཆབ་སྲིད་ཀྱི་ཐོག་ནས་བཀའ་གནང་བ་དེ་དག་ང་ཚོས་ཉམས་སུ་ལེན་ཐུབ་ཀྱི་འདུག་གམ་མི་འདུག།རང་སེམས་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་དུས་འདི་ལ་ང་ཚོ་ཡོངས་རྫོགས་ཀྱིས་བསམ་བློ་གཏོང་དགོས་པ་ཞིག་རེད། ད་ལྟའི་སྒྲིག་འཛུགས་འདི་འདྲ་ཞིག་འཛུགས་དགོས་པ་ཡང་བསྒོ་བའི་བཀའ་བཞིན་སྒྲུབ་པའི་དོན་དུ་བཙུགས་པ་ཡིན་དུས། བར་ལམ་ནས་ང་ཚོར་དཀའ་ངལ་སྣ་ཚོགས་དང་འཕྲད་ཡོང་བ་དེ་དག་ཕྱི་ལོགས་ཀྱི་གནས་སྟངས་རྐྱང་པ་ལ་བརྟེན་ནས་བྱུང་བ་ཞིག་མ་ཡིན་པར་ཕྱི་ནང་གཉིས་ཀ་ནས་ཡོང་བསྡད་པ་ཞིག་རེད། དཔེར་ན། ཐལ་མོ་རྡབ་པ་ལ་ལག་པ་གཉིས་དགོས་པ་མ་གཏོགས་ལག་པ་ཡ་གཅིག་གིས་ཐལ་མོ་རྡབ་མི་ཐུབ་པ་ལྟ་བུ་ཡིན། དཀའ་ངལ་དེ་དག་སེལ་བའི་དོན་དུ་རྣམ་པ་ཚོས་སྒྲིག་འཛུགས་འདི་བཙུགས་ནས་ད་བར་ལོ་བཅུ་གཅིག་ཕྱིན་འདུག་པས་ཤིན་ཏུ་ཡག་པོ་བྱུང་འདུག།ཆོས་བརྒྱུད་ཁག་ཡོངས་རྫོགས་མཉམ་འདུས་ཀྱི་སྤྱི་པའི་སྒྲིག་འཛུགས་ཤིག་ཡོད་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད། ད་ལྟ་ཡོད་བཞིན་པ་འདི་ལོ་རེ་བཞིན་ཡར་རྒྱས་དང་རྒྱ་སྐྱེད་གཏོང་དགོས་པ་དེ་ཡང་གལ་ཆེན་པོ་རེད། ཅེས་ཞུ་འདོད་བྱུང།

ཚོགས་པ་འདི་ལ་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་ལམ་སྟོན་ཕེབས་ཡོད་ཤག་ཀྱང་ངས་མཇལ་མ་བྱུང། ཨ་རི་ལ་ཡོད་པའི་ཨ་རིའི་བོད་ཀྱི་ཆོས་བརྒྱུད་རིས་མེད་ལྷན་ཚོགས་ཟེར་བ་ཞིག་ཡོད་པ་ལ་༸རྒྱལ་བ་རིན་པོ་ཆེས་གནང་བའི་བཀའ་ཤོག་ཅིག་འདུག།བཀའ་ཤོག་འདི་རྣམ་པ་ཚོས་གཟིགས་ཡོད་ངེས་ཀྱང་རྣམ་པ་ཚོས་མ་འོངས་པའི་འགྲོ་ལམ་འདུག་སྟངས་སོགས་ཀྱི་ཐད་གྲོས་བསྡུར་གནང་རྒྱུའི་གྲོས་གཞི་ཡོངས་རྫོགས་བཀའ་ཤོག་འདིའི་ནང་དུ་ཆ་ཚང་ཡོད་པ་ཞིག་མཐོང་བྱུང། བཀའ་ཤོག་འདི་ནས་འགའ་ཤས་ཤིག་རྣམ་པ་ཚོ་ལ་སྙན་སྒྲོན་ཞུས་ན་བསམས་བྱུང།

“ངོས་ནས་སྤྱིར་རང་གི་མི་ཚེར་འདོར་དུ་མེད་པའི་འགན་ཁུར་གསུམ་ཡོད་པ་རྣམ་ཀུན་ཤོད་བཞིན་པ་ལྟར། རང་ཉིད་ཆོས་པ་ཞིག་ཡིན་པ་དང་དེའི་ནང་ནས་ནང་ཆོས་དད་ལྡན་པ་ཞིག་ཡིན་པའི་ངོས་ནས་སྐྱེ་འགྲོ་སྤྱིའི་བདེ་ཐབས་ལ་དམིགས་ཏེ་༸རྒྱལ་བའི་བཀའ་འགྱུར་རོ་འཚལ་གྱི་བརྗོད་བྱ་སྡེ་ཚན་གསུམ་དུ་དབྱེ་ཡོད། དེ་ཡང་ནང་པའི་གཞུང་ནས་བྱུང་བའི་ཚན་རིག་གམ་གཞི་དངོས་པོའི་རྣམ་གཞག་དང། ལྟ་གྲུབ་ཀྱི་རྣམ་གཞག།ཆོས་ཉམས་ལེན་གྱི་རྣམ་གཞག་བཅས་གསུམ་དེ་ཡིན། ནང་པའི་ཆོས་ཀྱི་རྣམ་གཞག་ནི་ཆོས་ལུགས་གཞན་དང་ཆོས་མེད་སྨྲ་བ་ཚོའི་ཁམས་དང་མོས་པར་མི་འཚམ་པས་དེས་དངོས་སུ་ཕན་ཐོགས་པའི་ཁྱབ་ཁོངས་ནི་ནང་པའི་དད་ལྡན་པ་ཁོ་ན་ཡིན། ནང་པའི་གཞུང་ནས་བྱུང་བའི་གཞི་དངོས་པོའི་རྣམ་གཞག་དང། ལྟ་གྲུབ་ཀྱི་རྣམ་གཞག་གིས་ནང་པ་ཡིན་མིན་གྱི་སྐྱེ་འགྲོ་ཀུན་ལ་ཕན་རླབས་རྒྱ་ཆེར་ནུས་པས། དེ་ག་ཨ་རི་དང་གཞན་ཡང་ནུབ་ཕྱོགས་སུ་འཁོད་པའི་བོད་ཀྱི་ཆོས་ཚོགས་སུ་གཏོགས་སོ་ཅོག་ནས་དེ་རྩིས་ཀྱིས་དགོངས་པ་ཟབ་བཞེས་དང། རང་རེ་བོད་ཀྱི་ཆོས་བརྒྱུད་བཞི་ཇོ་ནང་དང་བཅས་པ་ནི་སྟོན་པ་གཅིག་པའི་བསྟན་པ་ཁོ་ན་ལས་མ་འདས་པ་དང། བོན་གྱི་ཆོས་ཀྱང་རང་རེ་བོད་ཀྱི་གདོད་མའི་མེས་པོའི་ཆོས་ཤིག་ཡིན་པར་མ་ཟད། ད་ལྟ་ཕལ་ཆེར་ཆོས་བོན་ཐ་མི་དད་པ་ལྟ་བུར་གྱུར་ཟིན་སྟབས་ཕན་ཚུན་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པ་ཞིག་དགོས་པ་ནི་ད་ལྟའི་ཡུལ་དུས་ཀྱིས་ཀྱང་ང་ཚོ་རང་གི་དགོས་མཁོར་གཏུགས་ཡོད་པ་གསལ་སྟོན་བྱས་ཡོད།

དེང་དུས་ཕྱི་ནང་གི་ཡུལ་གྲུ་གང་སར་བླ་གྲྭར་རྫུས་པ་དང། ཆོས་ཟོང་དུ་འགྲེམས་པ། རབ་ཏུ་བྱུང་བས་རྒྱས་སྤྲོས་ལ་དང་དོད་བྱེད་པ་བཅས་ནི་བསྟན་པ་ཉམས་པའི་རྒྱུ་ཡིན་པས་ཡིད་གཟབ་དགོས།”ཞེས་འདི་ལྟར་བཀའ་གནང་འདུག།འདི་ལས་ལྷག་པ་གྲོས་བསྡུར་གནང་རྒྱུ་མེད་པ་ལྟ་བུ་ཡིན་པས་འདིའི་ཐོག་རྣམ་པ་ཚོས་གྲོས་བསྡུར་གནང་དགོས་པ་གལ་ཆེན་པོ་རེད། ཅེས་ཞུ་རྒྱུ་ཡིན།

རྣམ་པ་ཚོ་ནི་གཞན་ལ་ཆོས་འཆད་སྤེལ་གནང་མཁན་ཤ་སྟག་ཡིན་དུས་གཞན་རྒྱུད་སྨིན་པར་བྱེད་པའི་བསྡུ་བའི་དངོས་པོ་བཞི་དངོས་སུ་ཕྱག་ལེན་དུ་བསྟར་མཁན་གཙོ་བོ་ནི་རྣམ་པ་ཚོ་རེད། མཁོ་བ་སྦྱིན་པ་སྟེ་ཆོས་ཀྱི་སྦྱིན་པ་ནི་རྣམ་པ་ཚོས་རྒྱུན་དུ་གནང་གི་ཡོད། སྙན་པར་སྨྲ་བ་སྟེ་སྨྲ་བ་ལ་མཁས་ཤིང་བྱང་ཆུབ་པར་ཆགས་ཡོད། གཞན་གྱི་འདོད་དོན་དང་མཐུན་པར་དོན་སྤྱོད་པ་དེ་ཡང་གནང་བཞིན་ཡོད། གལ་ཆེས་ཤོས་དེའི་ནང་ནས་དོན་མཐུན་པ་ཞེས་པ་དེ་རེད། རྣམ་པ་ཚོས་ཆོས་ནས་བཤད་པ་ལྟར་གཞན་ལ་བསླབ་བྱ་གནང་བ་ནང་བཞིན་སོ་སོའི་རྒྱུན་གྱི་བྱ་སྤྱོད་ལ་ཆོས་ཀྱི་ནུས་པ་ཐོན་ཐུབ་པར་བྱ་རྒྱུ་དེ་རེད། ནང་པ་སངས་རྒྱས་པའི་ཆོས་པ་ཟེར་བ་དེ་གཞན་དང་མ་འདྲ་བ་ཞིག་འདུག་ཟེར་བ་ཞིག་རྣམ་པ་ཚོས་གནང་གི་ཡོད་པ་རེད་ལ་གནང་དགོས་པ་ཞིག་ཀྱང་རེད། དཔེར་ན། ཁ་སང་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་དགོངས་པ་རྫོགས་ནས་ད་དུང་ཡང་ཐུགས་དམ་ལ་བཞུགས་ཡོད་པ་རེད་ཟེར་བ་གོ་བྱུང། བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་པ་ལ་ཚན་རིག་པ་ཚོ་ཧང་སང་དགོས་པ་ཞིག་དང། བོད་ཀྱི་ཆོས་པ་ཟེར་བ་དེ་གཞན་དང་མ་འདྲ་བ་ཞིག་འདུག་ཅེས་པའི་དཔེ་མཚོན་གསལ་པོ་ཞིག་ཏུ་གྱུར་ཡོད། ཆོས་པ་ཡང་དག་པ་ཞིག་གནང་བ་ཡིན་ན་དཔལ་འབྱོར་ཕར་འཚོལ་མ་དགོས་པར་ཚུར་སྤུངས་ཡོང་གི་རེད། སྔོན་མ་བཀའ་གདམས་པའི་དགེ་བཤེས་ཤིག་གིས། དང་པོ་ངའི་ཁ་ཡིས་རྩམ་པ་རག་གི་མེད་ཀྱང། དེང་སང་རྩམ་པ་ལ་ངའི་ཁ་ཐེམས་ཀྱི་མི་འདུག་ཅེས་གསུངས་པའི་ལོ་རྒྱུས་ཡོད་པ་ལྟར། ཆོས་པ་ཡང་དག་པ་ཞིག་གནང་བ་ཡིན་ན་དགོས་དོན་ཡོངས་རྫོགས་རང་བཞིན་གྱིས་འགྲུབ་ཡོང་གི་རེད། དེ་ཡིན་དུས་རྣམ་པ་ཚོས་ཆོས་པ་ཡང་དག་པ་ཞིག་གནང་དགོས་པ་འདི་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།

དེ་བཞིན་དུ་དགེ་འདུན་པ་རྣམས་ཀྱི་ཕྱིའི་སྤྱོད་ལམ་དེ་ཤིན་ཏུ་གལ་ཆེན་པོ་རེད། ང་འདས་པའི་ལོ་བདུན་བརྒྱད་ཀྱི་རིང་ཐེེ་ཝན་ལ་སྨན་པར་བསྟན་པར་ཡོང་གི་ཡོད། སྤྱིར་ཐེེ་ཝན་གྱི་ལུང་པ་འདི་ཤིན་ཏུ་ཆོས་དད་ཆེན་པོ་ཡིན་དུས། ང་ཚོ་གཏན་ནས་ངོ་ཤེས་ཀྱི་མེད་ནའང་ངས་བསོད་ནམས་གསོག་གི་ཡིན་ཟེར་ནས་སྒོར་མོ་འབུལ་བ་དང། རླངས་འཁོར་ལ་འགྲོ་བའི་སྐབས་སུ་ཡང། ངས་བསོད་ནམས་གསོག་གི་ཡིན་རླངས་འཁོར་གྱི་གླ་ཆ་མི་དགོས་ཟེར་ནས་གླ་མི་ལེན་མཁན་མང་པོ་ཡོང་གི་འདུག།དེ་བཞིན་ཟ་ཁང་ཞིག་ཏུ་ཟ་མ་ཟ་བའི་སྐབས་སུ་ཡང་ངས་བསོད་ནམས་གསོག་པའི་ཆེད་དུ་ཁྱེད་རང་གི་ཟ་མའི་རིན་པ་དེ་ངས་འབུལ་གྱི་ཡིན་ཟེར་ནས་སྤྲོད་མཁན་སོགས་ཡོང་གི་འདུག གང་ལྟར་ཤིན་ཏུ་ནས་ཆོས་དད་ཆེན་པོ་ཡིན་པའི་ལུང་པ་འདིའི་ནང་དུ་ང་ཚོས་རྒྱུན་དུ་སྤྱོད་ལམ་གྱི་ཐད་ནས་གཟབ་གཟབ་གནང་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། ཆོས་ཚོགས་ཤིག་ཡིན་ནའང་དེའི་ནང་དུ་རྒན་གཞོན་གྱི་ཁྱད་པར་ཡོད་དུས། འདིའི་ཐད་རྒན་པ་ཚོས་གཞོན་པ་རྣམས་ལ་བཀའ་སློབ་གནང་དགོས་པ་དེ་གལ་ཆེན་པོ་རེད། མཚམས་རེར་ང་ཚོ་ཕྱི་ལོགས་ལ་འགྲོ་བའི་སྐབས་ཤམ་ཐབས་དང་སྟོད་ཐུང་ནག་པོ་རེ་དང། མགོ་ལ་རྒྱ་ཞྭ་ནག་པོ་རེ་གྱོན་ནས་འགྲོ་བསྡད་མཁན་རེ་ཟུང་མཐོང་རྒྱུ་འདུག།རྣམ་པ་ཚོ་ཕྱི་ལོགས་ལ་ཕེབས་པའི་སྐབས་ཡ་རབས་སྤྱོད་བཟང་གཞན་གྱི་མིག་དཔེར་འོས་པ་ཞིག་མཛད་དགོས། ང་ཚོ་ས་ཕྱོགས་གང་དུ་སོང་ན་ཡང་བོད་པ་རེད་ཟེར་བའི་མིང་ཞིག་དང། ༸རྒྱལ་བ་རིན་པོ་ཆེའི་སློབ་མ་རེད་ཅེས་པའི་མིང་གཉིས་རང་བཞིན་གྱིས་འབྱར་ནས་ཡོད་དུས། མིང་འདི་གཉིས་ཀ་ལ་བདག་པོ་ཡག་པོ་ཞིག་རྒྱག་དགོས་པའི་ལས་འགན་ཆེན་པོ་ཞིག་ཆགས་ཡོད། ངས་ཁ་རྫབ་ཆེན་འདྲ་ཞིག་ཞུས་སོང་ཡང། ཤ་ཚ་བའི་ཁ་ལ་གཏམ་སྙན་པོ་མེད་ཅེས་པའི་དཔེ་ལྟར་ཡིན་དུས། ངས་ཁ་རྫབ་ཆེན་གྱི་ཐོག་ནས་ཞུས་པ་དེ་ལ་རྣམ་པ་ཚོར་དགོངས་འགལ་མེད་པར་ཞུ་རྒྱུ་ཡིན།

བགྲོ་གླེང་གི་སྐོར་ལ་རྣམ་པ་ཚོས་མ་འོངས་པར་རིམ་པས་གནང་ཐུབ་ཐབས་ཡོད་ན་བོད་པ་རྐྱང་པ་མ་ཡིན་པར་རྒྱ་མིའི་མཁས་པ་ཚོ་ཡང་གདན་འདྲེན་ཞུས་ཏེ། ༸རྒྱལ་བ་རིན་པོ་ཆེའི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་ལ་བགྲོ་གླེང་ཞིག་གནང་ཐུབ་ན་ཡག་པོ་ཡོང་གི་རེད་སྙམ་པའི་མཐོང་ཚུལ་ཞིག་ཡོང་སོང།

དེ་བཞིན་དུ་ཕྱིའི་རྒྱལ་ཁབ་སོ་སོའི་ནང་དུ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་གྱི་སྒྲིག་འཛུགས་རེ་ཡོད་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད། རྣམ་པ་ཚོས་འདི་ལ་བོད་བརྒྱུད་ནང་བསྟན་གྱི་སྒྲིག་འཛུགས་ཤིག་ཡོད་པ་འདི་ཤིན་ཏུ་ཕན་ཐོགས་པོ་དང་ཡག་པོ་བྱུང་འདུག འདི་བཞིན་ཕྱིའི་རྒྱལ་ཁབ་སོ་སོའི་ནང་དུ་བོད་བརྒྱུད་ནང་བསྟན་གྱི་སྤྱི་པའི་སྒྲིག་འཛུགས་རེ་ཡོད་པ་ཡིན་ན། བོད་བརྒྱུད་ནང་བསྟན་སྤུས་དག་པོ་ཡོང་བ་དང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཡག་པོ་ཡོང་བ་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམས། དེ་རིང་ངས་ཞུ་རྒྱུ་དེ་ཙམ་ཡིན། དུས་ཚོད་ཅུང་རིང་པོར་ཆགས་སོང་བར་དགོངས་དག་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

གསུང་བཤད།

Post navigation

Previous Post: ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་བགྲོ་གླེང་ཚོགས་ཆེན།
Next Post: སྙིང་སྡུག་མ།

Comments (1) on “སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ནང་བསྟན་དར་སྤེལ་བགྲོ་གླེང་སྐབས་དགུ་པའི་ཐོག་བསྩལ་པའི་གསུང་བཤད།”

  1. དམར་ཁ་ཚ། says:
    2020-08-16 at 2:45 am

    བཀའ་དྲིན་ཆེ། བཀའ་སློབ་རིན་ཐང་ཅན་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme