Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དམ་པ་ཞི་དུལ་རྒྱབ་ན་བཞུགས། དམངས་ཀྱི་རེ་བསྐུལ་ཁུར་དུ་བཞེས།

Posted on 2020-08-11 By ཁ་བརྡ 11 Comments on དམ་པ་ཞི་དུལ་རྒྱབ་ན་བཞུགས། དམངས་ཀྱི་རེ་བསྐུལ་ཁུར་དུ་བཞེས།

བསྟན་འཛིན་འོད་འབར།
 
བཙན་བྱོལ་བོད་མིའི་ཡང་དག་པའི་མང་གཙོའི་ལམ་ལུགས་ནང་མི་མང་གིས་བདམས་པའི་འགོ་ཁྲིད་ཚད་ལྡན་ཞིག་ཡིན་ན། ངས་བྱེད་ཀྱི་ཡིན། ང་ལངས་ཀྱི་ཡོད། ང་ལ་འོས་ཤོག་འཕེན་རོགས། ང་ལ་འོས་བླུགས་ན་ངས་ཁྱོད་ཚོའི་རེ་བ་ཆུད་ཟོས་སུ་གཏོང་གི་མིན་ཞེས་དང་པོར་སོ་སོ་ཡར་ལངས། ཁས་བླངས། དམ་བཅས་ཏེ་ཡོང་བའི་བརྒྱུད་རིམ་དེ་མེད། བོད་ཀྱི་ལོ་རྒྱུས་ནང་། མང་གཙོའི་ཡབ་ཆེན་༸གོང་ས་མཆོག་གིས་མང་གཙོ་བཙན་ཐབས་སུ་གསོལ་སྩལ་གནང་བ་ནས་བཟུང་། མི་མང་གིས་ཕར་ཞིབ་ཏུ་བཙལ་ཞིང་དཔྱད་དེ་མང་གཙོའི་དབུ་ཁྲིད་ཐོག་མར་བདམས་ཐོན་བྱུང་བ་ནི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཡིན། མཁས་དབང་ཟམ་གདོང་རིན་པོ་ཆེས་མི་མང་ལ་རང་ཉིད་དབུ་ཁྲིད་དུ་འདོད་མོས་ཡོད་མེད་ཀྱི་དགོངས་ཚུལ་གསལ་རྟོགས་མ་བྱུང་སྔོན་ནས། ཆབ་སྲིད་པ་ཚོ་ལྟར་དྭང་བླངས་ཀྱིས་མི་མང་ལ་ང་ལ་བྱེད་ཀྱི་ཡོད་རབ་དང་། འགོ་ཁྲིད་ཐུབ་ངེས་ཀྱི་ཚིག་གཅིག་གསུངས་མེད། འོན་ཀྱང། མི་མང་གི་ཡེ་ཤེས་སྤྱན་གྱིས་མ་ནོར་མ་འཁྲུལ་བར། སྲིད་ཕྱོགས་ནས་འགྲན་ཟླ་དང་བྲལ་བའི་མང་གཙོའི་དབུ་ཁྲིད་ཚད་འཕེར། ཆོས་ཕྱོགས་ནས་༸སྐུའི་དབུ་འོག་དཔུང་འདེགས་སུ་བསམ་བཞིན་སྲིད་པ་བཟུང་བ་ལྟ་བུའི་སྐྱེས་བུ་ཆེན་པོ་ཁོང་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། བཀའ་བློན་ཁྲི་པར་འོས་པ་ཕར་བཙལ་ནས་རྙེད་དེ་བདམས་ཐོན་བྱུང་བ་ནི་ཧ་ཅང་རླབས་ཆེན་གྱི་ལོ་རྒྱུས་ཤིག་རེད། རང་རེའི་མང་གཙོའི་ལོ་རྒྱུས་ནང་ངོམས་སུ་འོས་པ་དང་། མི་རབས་གསར་པ་ཚོའི་རྒྱབ་བཅོལ་སའི་མཛད་རྗེས་མངོན་པར་གསལ་བའི་དབུ་ཁྲིད་ཅིག་ཏུ་གྱུར་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་གཞི་ཡང་དག་པའི་མང་གཙོའི་འོས་བསྡུའི་ནང་། མི་མང་གིས་མ་བདམས་སྔོན་ནས། དྭང་བླངས་ངང་། ང་ལངས་ཀྱི་ཡོད། ང་ལ་བྱེད་ཀྱི་ཡོད་ཟེར་པ་མེད་ཅིང་། དེ་བཞིན་འོས་ཐོབ་ཆེད། ཞུ་བ་འཐེན་ཏེ་འོས་ཤོག་སློང་མོ་རྒྱག་པ། བཙན་ཐབས་ཀྱིས་འཕྲོག་པ། དངུལ་དངོས་ཀྱིས་བསླུས་ཏེ་ཉོ་བ། གནོན་ཤུགས་དང་མགོ་སྐོར་བརྒྱུད་རེག་ཐབས་བྱེད་པ། ཆོལ་ཁ་དང་ལུང་ཚན་གྱི་ཞེན་ཁོག་བསླངས་ཏེ་འོས་འཕེན་ཐབས་བྱེད་པ་སོགས་གཏན་ནས་ཡོང་ས་མེད་ཅིང་། མི་མང་གི་བསམ་བློ་རང་དབང་ངང་འོས་བསྡུར་ཞུགས་བཅུག་དགོས་པ། མི་མང་གི་བསམ་བློའི་གཞི་བཅོལ་ས་དེ་ཡང་བོད་སྤྱི་པར་ཕན་པ་ཞིག་ཡོང་གལ་ཆེ་བ་ཡང་ཡང་བཀའ་ནན་གནང་ཡོད་པས། དགོངས་གཞི་དེ་དང་མཐུན་པ་ཞིག་ཏུ་ཕེབས་ཐུབ་ན་འཕྲལ་ཡུན་ཀུན་ཏུ་དགེ་ཞིང་། དེ་ལས་ལྡོག་ན་འདས་པའི་ཉམས་མྱོང་ལྟར་ཟད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཞུང་གི་ལས་སྣེར་ཐོག་མར་ཞུགས་སྐབས་ནས་ཆབ་སྲིད་པའི་ངོ་བོར་ཕེབས་མཁན་ཚོས། ལྷག་པར་དེང་དུས་སྲིད་དོན་ཚོགས་པ་ཅན་གྱི་ཁྱོད་ཤི་ང་གསོན་གྱི་སྲོལ་ངན་དེ་བཞིན་རང་རེའི་འོས་བསྡུའི་ལས་རིམ་ནང་ཚུར་འཁྱེར་ཡོང་སྐབས། མི་མང་གང་འཚམས་ཀྱང་། དེའི་ངན་གོམས་འོག་དབང་མེད་དུ་ཚུད་དེ། ཐོག་མར་འོས་གཞིར་བསམ་བློ་གཏོང་སྐབས། ནམ་རྒྱུན་སྤྱི་ཚོགས་ཀྱི་མདུན་དུ་ཐོན་རྐྱང་བྱེད་མཁན་ཁག་ཅིག་ལ་ཐོག་མར་གཟིགས་པ་ལ་ཐུགས་ཁག་ཁྱོན་ནས་མེད། དྭང་བླངས་སྔོན་ཐོན་པ་དེ་ཚོས་རང་ཅག་བོད་མིའི་ངོ་ཚ་ཤེས་ཤིང་ཚོད་ཟིན་པ། ཁེངས་སྐྱུངས་ལྡན་པའི་གཤིས་ཀར་རྨ་ཕབ་རྒྱུ་མང་དྲག་པས། ཆུ་ངན་ལམ་ཤོར་ཡང་ཡང་ཡོང་གི་ཡོད་པ་མ་གཏོགས། དངོས་དོན་ནི། འཇིག་རྟེན་ཡོངས་གྲགས་ཀྱི་དཔེར་ཡང་། མི་ཚད་ལྡན། སྲེག་གཏུབ་འཕེར་པ་རྣམས་ནམ་ཡང་མདུན་དུ་མིན་པར་རྒྱབ་ཏུ་བཞུགས་ཤིང་། གྲགས་འདོད་ཆེ་འདོད་མེད་པར་བཞུགས་པ་ནི་སྐྱེས་བུ་དམ་པ་རྣམས་ཀྱི་ལུགས་སྲོལ་ཆགས་ཟིན་པས། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག ཆབ་སྲིད་པ་ཚོ་ལྟར། སྲིད་སྐྱོང་གི་འགན་དབང་ལ་ཧེབ་ལངས་ཏེ་ང་ལ་བྱེད་རྒྱུ་ཡོད། ང་ལངས་ཀྱི་ཡོད་ཅེས་མི་མང་གི་མངོན་འདོད་ཅི་ཡིན་ལ་ལྟོས་མེད་ཀྱིས་མདུན་དུ་མི་ཕེབས་པ་ནི་ཚིག་ཐག་བཅད་ཆོག་པས། ང་ཚོས་ཐུན་མོང་མིན་པའི་ཁོང་གི་ཡོན་ཏན་ནམ་ཁྱད་ཆོས་དེ་མཇལ་དགོས་པ་གཙོ་གནད་དུ་ཆེ། སྔོན་ལྷས་བྱིན་གྱིས་ཀྱང་རྒྱལ་སྲིད་ངས་འཛིན་གྱི་ཡིན། ང་རྒྱལ་པོ་སྲས་གཙང་གི་ཁྲིར་སྡོད་ཀྱི་ཡིན་ཅེས་ཁོའི་ཕ་མ་དང་བཅས་པས་འཁྲབ། མཐར་ཡོད་ཚད་ཕུང་བར་གྱུར། ཡིན་ནའང་། རྒྱལ་བུ་དོན་གྲུབ་མཆོག་གིས་ངས་རྒྱལ་སྲིད་འཛིན་གྱི་མིན། ང་རྒྱལ་པོ་བྱེད་ཀྱི་མིན་གསུངས་པ་རེད། དོན་ལ་འཁོར་ལོས་བསྒྱུར་པའི་རྒྱལ་པོ་ཡང་རྒྱལ་བུ་དོན་གྲུབ་ཀྱིས་འཇོན་པ་སྐབས་དེར་མི་མང་ཚང་མར་ར་གསལ་པོ་འཕྲོད་ཡོད།

སྤྱིར་འཛམ་བུ་གླིང་གི་མང་གཙོའི་ལམ་སྲོལ་གཞན་རྣམས་ལྟ་ཞོག བཙན་བྱོལ་བོད་མིའི་ཡང་དག་པའི་མང་གཙོའི་ལམ་སྲོལ་སྐོར་ཉིན་གཅིག་ལའང་སློབ་སྦྱོང་མ་གནང་པར། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་མཐོ་ཙམ་དམའ་ཙམ་བཤད་སྡོད་མཁན་ཁག་ཅིག་འཁྲུལ་ཏེ། སྐུ་ངོ་འབྲོང་ཆུང་གི་དེ་ལྟ་བུའི་ཐུན་མིན་གྱི་ཁྱད་ཆོས་རྣམས་ཀྱང་། ཆབ་སྲིད་པ་གཞན་ཚོ་ལྟར་ཧེབ་ལངས་ཏེ་ཐོན་གྱི་མེད་པ་རྒྱུ་མཚན་དུ་བྱས་ཏེ། དངོས་གྲུབ་མཆོག་སྲིད་སྐྱོང་ལ་བཞེངས་འདོད་མི་འདུག་ཟེར་པ་ལྟ་བུས་ལོག་འགྲེལ་བྱས་ཀྱང་། དོན་དུ་བཤད་མཁན་དེ་ཚོས་གཅིག་ནས་ཡང་དག་པའི་མང་གཙོའི་དོན་མ་གོ གཉིས་སུ་སྤྱི་པར་ཤ་ཚ་རྣམ་པར་དག་པ་སྐྱེ་བའི་རྒྱུ་མ་ཚང་། གསུམ་དུ་སྐད་ཆ་ཤོད་སའི་མི་མང་ལ་མཐོང་ཆུང་རང་བཏང་སྟེ། གང་བཤད་བཤད། གར་འཁྲིད་འཁྲིད་ལྟ་བུ་བྱས་པ་ནི། དོན་ལ་རང་མཚང་སྟོན་བྱེད་ལས། དེ་ལྟ་བུས་རྒྱབ་སྐྱོར་པ་དང་རྒྱབ་སྐྱོར་པས་བསླངས་པའི་འོས་མི་དག་གིས་ནི་ནམ་རིང་སྒྲུང་གིས་མི་འཁྱོལ་པ་རྗེས་དཔག་ཚད་མར་ཧ་ཅང་གསལ་པོར་གྲུབ།

རྒྱུ་མཚན་ཅིའི་ཕྱིར། སྐུ་ངོ་འབྲོང་ཆུང་གི་ཕྱག་ལས་གནང་སྟངས་མང་པོར། ལྟ་གྲུབ་ཀྱི་རྒྱབ་འཁྱོག་ཅིང་། འཕྲལ་ཕུགས་གང་སར་དཔྱད་པའི་དག་ཐོན་པ། འཆལ་འཆོལ་པ་རྣམས་དང་གཏན་ནས་མི་འདྲ་བ་ནི་སྐྱེས་བུ་དམ་པ་རྣམས་ཀྱི་རང་རྟགས་དངོས་གནས་ཡིན་པས། བཀུར་འོས་མི་མང་ནས། གང་སར་ཞིབ་དཔྱད་བཙལ་འཚོལ་གྱིས། ངས་བྱེད་ཀྱི་ཡིན། ང་ལངས་ཀྱི་ཡིན། ཐོབ་རུང་མ་ཐོབ་རུང་ལངས་ཡ་རེག་ཚད་ཚང་མར་ལངས་ཀྱི་ཡིན། གཙོ་བོ་ང་ལ་ཐོབ་དགོས་དགོངས་མཁན་ཚོ་ཕར་ཙམ་བཞག་སྟེ། ༢༠༢༡ ལོར་འདས་པའི་ཉམས་མྱོང་ལས་བསླབ་བྱ་བླངས། མ་འོངས་གནས་བབ་ལ་ཞིབ་ཏུ་བསམས། ད་ལྟའི་ཁ་ཐབ་ལ་གསལ་བོར་གཟིགས་ཏེ་ཁྱོད་ཀྱིས་གནང་རོགས། ཁྱོད་ཡག་པོ་འདུག ཁྱོད་ལས་ལྷག་ཅིག་མི་འདུག ཁྱོད་ཀྱིས་ཏན་ཏན་གནང་ངེས་པར་ཡིད་ཆེས་ཡོད་ཅེས་ཕར་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལ་རྟགས་གསལ་པོ་གསལ་རྐྱང་ཞིག་བརྒྱབས་ཏེ། ཡིད་ཆེས་བློས་འགེལ་ཞུ་སའི་སྲིད་སྐྱོང་དུ་འདེམས་ངེས་པ་ནི་ས་རིས་ཐང་གསལ་དུ་གྱུར་འདུག། ཐམས་ཅད་བཀྲ་ཤིས་པར་སྨོན།། །།

བསམ་ཚུལ།

Post navigation

Previous Post: སྙན་ངག་སྤྲིན་གྱི་ཕོ་ཉའི་སྤྱི་དོན།
Next Post: ལོ་དྲུག་ཅུའི་སྔོན་ནས་དུས་འཁོར་དབང་ཆེན་རྒྱང་རིང་ནས་ཀྱང་ཐོབ་རྒྱུ་ཡོད་གསུངས་འདུག

Comments (11) on “དམ་པ་ཞི་དུལ་རྒྱབ་ན་བཞུགས། དམངས་ཀྱི་རེ་བསྐུལ་ཁུར་དུ་བཞེས།”

  1. གཡུ་སྒང་དགེ་འདུན། says:
    2020-08-12 at 12:42 am

    བསྟན་འཛིན་འོད་འབར་ལགས་ཀྱིས་ཡག་པོ་བྲིས་འདུག ཡིན་ནའང་། སྐུ་ངོས་ཕྱག་ལས་གནང་སྟངས་ཀྱི་ཐད་ནས་ཕྱོགས་གཅིག་ནས་བཤད་ན་ཡག་པོ་རེད་དེ། ཕྱོགས་གཅིག་ནས་བཤད་ན་གནད་འགག་གི་སྐབས་སུ་གཡུགས་སོང་བའི་རྣམ་པ་ཞིག་ཀྱང་ཡོད་པ་རེད། འདི་ཚོའི་ཐད་ལའང་བསམ་བློ་མ་བཏང་རང་བཏང་ཞིག་ཆགས་ཡོད་པ་རེད།
    ཉེ་ལམ་སྨན་རྩིས་ཁང་གི་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་བཀའ་ནན་ཕེབས་པ་དང་། དེའི་རྗེས་ཚེ་རིང་མཆེད་ལྔ་དང་གནས་ཆུང་སོགས་ཀྱིས་བཀའ་ལུང་ཕེབས་པ་དེ་དག་ལ་འགན་མ་ཁྱོག་པར་བཟང་སྤྱོད་ཐོག་ནས་དགོངས་པ་ཞུས་པ་ཡིན་གསུངས་སོང་།

  2. གཡུ་སྒང་དགེ་འདུན། says:
    2020-08-12 at 12:52 am

    བསྟན་འཛིན་འོད་འབར་ལགས་ཀྱིས་ཡག་པོ་བྲིས་འདུག ཡིན་ནའང་། སྐུ་ངོས་ཕྱག་ལས་གནང་སྟངས་ཀྱི་ཐད་ནས་ཕྱོགས་གཅིག་ནས་བཤད་ན་ཡག་པོ་རེད་དེ། ཕྱོགས་གཅིག་ནས་བཤད་ན་གནད་འགག་གི་སྐབས་སུ་གཡུགས་སོང་བའི་རྣམ་པ་ཞིག་ཀྱང་ཡོད་པ་རེད། འདི་ཚོའི་ཐད་ལའང་བསམ་བློ་མ་བཏང་རང་བཏང་ཞིག་ཆགས་ཡོད་པ་རེད། ༢༠༡༦/༠༤/༠༦ཉིན་སྐུ་ངོ་ཁོང་གིས་ཉེ་ལམ་སྨན་རྩིས་ཁང་གི་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་བཀའ་ནན་ཕེབས་པ་དང་། དེའི་རྗེས་ཚེ་རིང་མཆེད་ལྔ་དང་གནས་ཆུང་སོགས་ཀྱིས་བཀའ་ལུང་ཕེབས་པ་དེ་དག་ལ་འགན་མ་ཁྱོག་པར་བཟང་སྤྱོད་ཐོག་ནས་དགོངས་པ་ཞུས་པ་ཡིན་གསུངས་ཡོད་པ་རེད། གནད་འགག་གི་སྐབས་སུ་འགན་མ་ཁུར་བ་ཞིག་ཆགས་དུས་རྗེས་མ་ཡང་གནད་འགག་ལ་ཐུག་དུས་སྐུ་ངོ་ཁོང་གིས་ཐུགས་བསམ་ག་འདྲ་གཏོང་ཡོང་བསམ་པའི་དོགས་པ་སྐྱེ་ཆོག་པ་ཞིག་རེད། བསམ་ཚུལ་ཙམ་ཡིན།

  3. ཀརྡོ་རབ་འབྱམས་པ་ says:
    2020-08-12 at 1:33 am

    བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས། བློ་སེང་ལགས། སྲིད་ཁྲིར་ཐོབ་སྐབས་རྨི་ལམ་འཁྲུགས་ནས་ལས་གནས་ནས་བྲོས་བྱོལ་དུ་ཕྱིན་པ་མ་རེད་པེ། ལགས།། །།

  4. ཀརྡོ་རབ་འབྱམས་པ་ says:
    2020-08-12 at 2:07 am

    ངའི་སྲིད་སྐྱོང་འོས་མི།
    འོས་མི་རྙིང་པ་དང་། འོས་མི་དང་པོ་ཚོགས་ཟུར་སྤེན་པ་ཚེ་རིང་།
    བཀའ་ཟུར་དང་བུད་མེད། འོས་མི་གཉིས་པ་རྒྱ་རི་སྒྲོལ་མ།
    བཀའ་བློན་ནས་དགོངས་ཞུས་པ། འོས་མི་གསུམ་པ་འབྲོང་ཆུང་དངོས་གྲུབ།
    བཞི་པ། ་་་་་་་་་་་་་་་་་་་་་་་་་་་་
    ལྔ་པ། ་་་་་་་་་་་་་་་་་་་་་་་་་་་་
    དྲུག་པ། ་་་་་་་་་་་་་་་་་་་་་་་་་་་་

  5. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-08-12 at 7:52 am

    རྗེས་ལོ་༢༠༢༡་ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་ང་ཡིན་ཁོ་ཡིན་གྱི་ཚང་ཁ་ཤིག་ཤིག་ཡོད་ཆོག་ལ་གལ་ཆེ་ཤོས་དེ་བཅའ་སྒྲིག་དང་མཐུན་པའི་ཐོག་ལ་འགྲོ་དགོས་པ་དེ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ཡང་དེ་ཡིན་པ་དང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་འོས་སྒྲིག་ལ་བསྐྱར་བཅོས་གནང་ནས་ཆོལ་ཁ་དང་ལུང་ཚན་ཚོགས་སྐྱིད་སོགས་ནས་སྲིད་་སྤྱིའི་འོས་མི་འདོན་མི་ཆོག་བཟོས་པ་འདིའི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ནང་འགོ་འདྲེན་དང་ཕྱོགས་གཏོགས་སྐབས་ཚོལ་སོགས་ལ་སྒོ་སྐབས་མེད་པ་བཟོས་ནས་ཞི་བའི་མི་མང་ལ་མང་གཙོའི་ཐོབ་ཐངས་བདམས་བྱ་འདེམས་བྱེད་ཀྱི་རང་དབང་ཆ་ཚང་ལག་ཏུ་བཞག་པ་ལ་བོད་མི་ཚང་མས་རང་འགན་རང་གི་འཁུར་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་དགོས་པ་ལས་གཞན་ཟེར་རྗེས་འབྲང་དང་རི་བོང་ཅལ་འགྲོགས་ནམ་ཡང་བྱེད་མི་ཉན་ནོ།

  6. ཚེ་བརྟན་འགྱུར་མེད། says:
    2020-08-12 at 1:34 pm

    ༑ བསྟབ་འཛིན་འོད་འབར་ལགས་ཀྱི་དམ་པ་ཞི་དུལ་རྒྱབ་ན་བཞུགས། དམངས་ཀྱི་རེ་བསྐུལ་འཁུར་དུ་བཞེས། ཅེས་པ་དེ་ང་ཚོའི་དམངས་གཙོའི་ཡབ་ཆེན་མཆོག་གི་དགོངས་པ་དང་ཕལ་ཆེར་འགལ་བ་རེད་ཅེས་ངས་ཞུ་ཐུབ། ཁོང་གི་དགོངས་པ་ལ་བོད་པ་སྤྱིའི་ལས་འགན་དེ་ཁོང་གི་འཁུར་གྱི་རེད་ཅེས་གཞན་མ་གཡུགས་པར་ངས་བྱེད་ཀྱི་ཡིན་ཅེས་ངར་ངར་ཤུགས་ཤུགས་ཀྱིས་ལངས་ཡོང་མཁན་ཞིག་ཏུ་ཐུགས་དགོངས་ཡོད་པ་ལྟར་ད་ཆ་ཡོངས་བཞིན་པ་དེ་དམ་པ་རྒྱབ་ཏུ་བཞུགས་པའི་ནུས་པས་མིན་པར་མདུན་དུ་ལམ་སྟོན་དང་ཕྱག་བཞེས་གནང་པའི་ཐུགས་རྗེ་ལས་ཡིན་ནོ། དེ་བཞིན་དེང་གི་དམངས་གཙོ་ཡང་དག་པའི་རྒྱལ་ཁབ་ནང་དུའང་འགྲོ་སྟངས་དེ་ལྟར་ཡོད་དོ། ཡིན་ཀྱང་དྭང་བླངས་ཞུ་མཁན་ལ་དཔྱད་པ་ཞུས་ནས་འདེམས་རྒྱུ་དེ་མི་དམངས་ཀྱི་ལས་འགན་ཡིན་པའི་དེར་གཟབ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བས་ཡིད་གཟབ་མ་ཞུས་ན་གྱོང་དེ་རྒྱལ་ཁབ་དང་སོ་སོ་དབུས་པས་མི་མང་ཚང་མར་རག་རྒྱུ་ཡིན་པ་ངས་ག་ལ་ཞུ་དགོས་།

    ༸རྒྱལ་དབང་མཆོག་ནས་བོད་སྤྱི་བའི་ཆབ་སྲིད་ཀྱི་འགམ་དབང་ཆ་ཚང་མི་དམངས་འདེམས་པའི་སྲིད་གཞུང་པ་ཕྱི་ལོ་ ༢༠༡༡ ལོར་གནང་ནས་མི་ལོ་ ༡༠ ཙམ་རིང་ཡག་ཐག་གཅོད་བྱུང་སོང་བསམ་བཞིན་ཡོད། དེ་ཡང་། མིང་དང་གྲགས་པ་མེད་པ། བླ་མ་དང་དཔོན་ལ་རེ་དོག་དང་འཇིགས་ཞུམ་མི་དགོས་པ། དཔུང་དང་ལོངས་སྤྱོད་སོགས་ཞན་པའི་བོད་མི་མི་ཚང་དཀྱུས་མ་ཞིག་ནས་ཡིན། དེ་ན་དམ་པ་ཞི་དུལ་རྒྱབ་ན་བཞུགས་ནས་དམངས་ཀྱི་རེ་བསྐུལ་འཁུར་དུ་བཞེས་རྒྱུ་ཆེར་དཀའ་བས་མདུན་དུ་ཕེབས་ནས་ལུགས་མཐུན་ཆབ་སྲིད་ཀྱི་འགན་བཞེས་དགོས་ནའང་འདྲ་མི་དམངས་ངལ་བསེལ་ཞུ་བ་སོགས་གནང་ལམ་ལས་དོར་ས་མེད་པ་ལྟ་བུ་ངས་མངོན་ལགས།།

  7. Abharu Jigwang says:
    2020-08-14 at 8:56 pm

    ༄༅། ད་རིང་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ནས་ ༢༠༢༡ ལོའི་སྲིད་སྐྱོང་ལ་ལངས་རྒྱུའི་
    གསལ་བསྒྲགས་གནང་སོང་བས་མི་མང་སྤྱི་དང་། ལྷག་པར་དུ་བེུད་རྣམས་ནས་ད་ལེན་ཤུགས་རྒྱག་
    དགོས་པའི་དུས་ལ་སླེབས་འདུག་པ་ཐུགས་ལ་བཞག་དགོས་། སྤྲྱིར་བཏང་ནས་བུད་མེད་ལ་
    ཐོབ་ཐང་འདྲ་མཉམ་དགོས་ཀྱི་འདུག་སྐོར་བཤད་ཀྱི་ཡོད་པ་་་ད་ལན་གོ་སྐབས་ཡོད་དུས་ངེས་པར
    ་དུ་སེམས་ལ་བཞག་ནས་དབུས་སའི་བེུད་ཚོགས་པའི་ངོས་ནས་ལས་འགུལ་སྤེལ་དགོས་།

  8. ཀརྡོ་རབ་འབྱམས་པ says:
    2020-08-15 at 1:16 am

    རྒྱ་སྒྲོལ་ལངས་པས་བུད་མེད་ལངས། །
    རྒྱ་སྒྲོལ་རྒྱལ་ན་བུད་མེད་རྒྱལ། །
    བོད་ཀྱི་བུད་མེད་ཤུགས་རྒྱོབས་ཤོག །
    བཙན་བྱོལ་བུད་མེད་འོས་བླུགས་ཤོག །

  9. ཀརྡོ་རབ་འབྱམས་པ་ says:
    2020-08-15 at 4:42 am

    ཕོ་མོ་འདྲ་མཉམ་ཡིན་ན་ཡང་། །
    འདྲ་མཉམ་འོངས་བ་མི་སྲིད་དོ། །
    ཉི་སྟོང་གཅིག་ནས་ད་ལྟའི་བར། །
    བོད་མོའི་སྲིད་སྟེགས་ད་ཐོབ་རན། །

    རྒྱ་སྒྲོལ་འཇོན་ན་བོད་མོས་འཇོན། །
    རྒྱ་སྒྲོལ་ཤོར་ན་བུད་མེད་ཤོར། །
    རྒྱ་སྒྲོལ་ཤོར་ན་གོ་སྐབས་ཤོར། །
    སྤེན་ཚེ་ཐོབ་ན་བུད་མེད་ཤོར། །

  10. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-08-16 at 1:51 am

    འདས་པའི་བོད་ཀྱི་ཆབ་སྲིད་འཕེལ་རིམ་གྱི་ལོ་རྒྱུས་ལ་ང་ཚོའི་འགན་འཁུར་ནས་ད་ལྟའི་བཙན་བྱོལ་བོད་མིའི་མང་གཙོའི་ཁ་ཕྱོགས་ལ་ལེགས་བཅོས་ཀྱི་མ་འོངས་བོད་ཀྱི་ཆབ་སྲིད་མདུན་ལམ་དེ་མང་གཙོ་དང་དྲང་བདེན་འདྲ་མཉམ་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་ཐ་སྙད་དེའི་འོག་ནས་ཕོ་མོ་འདྲ་མཉམ་གྱི་ཚོར་བའི་འདུ་ཤེས་དེ་སྲིད་སྤྱིའི་འོས་བསྡུའི་ལས་རིམ་ནང་གསལ་ཐུབ་པའི་འགན་དེ་འོས་གཞི་ལ་ལངས་མཁན་དང་འོས་འཕེན་མཁན་མི་མང་དང་བཅས་པའི་བསམ་བློའི་ནང་རྩ་བ་བརྟན་པོ་ཉར་ནས་དབུས་བོད་མིའི་སྒྲིག་འཛུགས་ནས་གཏན་འབེབས་གནང་བའི་བོད་ཀྱི་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཟེར་བའི་ལས་འཆར་ལ་ང་ཚོའི་འགན་འཁུར་ནས་རྗེས་ལོ་༢༠༢༡ ལོའི་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ་དེ་ཆབ་སྲིད་དང་སྤྱི་ཚོགས་དུས་ཀྱི་འཕོ་འགྱུར་རྒྱལ་སྤྱིའི་གནས་བབ་ཕོ་མོ་འདྲ་མཉམ་ཟེར་བའི་ལྟ་གྲུབ་སོགས་ཕྱོགས་མང་པོ་ཞིག་དང་འབྲེལ་བ་གཏིང་ཟབ་ཡོད་པ་མ་ཟད་༸གོང་ས་མཆོག་ནས་རྒྱལ་སྤྱིའི་སྟེང་བཀའ་སློབ་ལན་མང་ཕེབས་པའི་ནང་འཛམ་གླིང་རྒྱལ་ཁབ་ཚོའི་འགོ་འཁྲིད་ལ་བུད་མེད་མང་ཙམ་སླེབ་ཐུབ་ན་འཛམ་གླིང་འདིར་ཞི་བདེ་ཡོང་རྒྱུར་ཕན་ཐོག་ཆེན་པོ་ཡོད་པའི་སྐོར་ལ་གལ་ཆེན་དོན་ཆེན་གྱི་ལམ་སྟོན་བཀའ་སློབ་ཕེབས་པ་སོགས་ལ་ང་ཚོའི་འགན་འཁུར་ནས་བློ་ལྡན་བོད་མི་རང་ལོ་བཅོ་བརྒྱད་ཡན་རྣམས་ནས་ཕྱོགས་གཏོགས་ཆབ་སྲིད་དང་ལུང་ཚན་ཤོག་སྒྲིལ་འགོ་འདྲེན་དང་སྐབས་ཚོལ་རིང་ལུགས་སོགས་ཀྱི་རྗེས་སུ་མ་འབྲང་པར་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཕུགས་གྱང་རིང་པོའི་རྩ་དོན་ལ་འགན་འཁུར་ནས་རྗེས་ལོ་༢༠༢༡ ལོའི་སྲིད་སྐྱོང་ལ་བུད་མེད་ཞིག་སླེབ་ཐུབ་པའི་འགན་འཁུར་བཞེས་དགོས་པ་དེ་བོད་མི་རིགས་ལ་བསམ་ན་དུས་རབས་ཀྱི་ངོ་སྤྲད་པའི་བསླབ་བྱ་ནན་པོ་ཞིག་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད།

  11. སྲོང་ཚ་ཁྲི་རལ། says:
    2020-08-17 at 8:04 am

    ནམ་རྒྱུན་བུད་མེད་ཐོབ་ཐང་རྩོད་མཁན་མང་། །
    ཐོབ་ཐང་ཡོད་དུས་བཞེས་མཁན་རྒྱ་སྒྲོལ་གྱིས། །
    སྐབས་འདིའི་སྲིད་སྐྱོང་འགྲན་ཞུགས་འོས་མི་སྤྱིའི། །
    བརྒྱ་ཆ་བཅུ་བཞི་གྲངས་ཆུང་གསུམ་ལ་གནས་དོན་ཅི། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme