Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་བཞིན་སྒྲུབ་པའི་མཆོད་པ།

Posted on 2020-05-25 By ཁ་བརྡ No Comments on བཀའ་བཞིན་སྒྲུབ་པའི་མཆོད་པ།

བྲག་གཡབ་ངག་དབང་བྱམས་པ།
 
འགྲོ་བ་ཀུན་ལ་ཉེ་རིང་མི་མངའ་བའི།།
སྙིགས་དུས་འགྲོ་བའི་སྐྱབས་མཆོག་ཤཱཀྱའི་སྲས།།
འཕྲིན་ལས་མྱུར་སྩོལ་རྗེ་བཙུན་སྒྲོལ་མ་དང།།
སྐྱབས་གསུམ་ཀུན་འདུས་བསྟན་འཛིན་རྒྱ་མཚོ་བཅས།།
བྱང་ཆུབ་བར་དུ་སྒོ་གསུམ་འཆོས་བཞིན་འདུད།།

མཐའ་ཡས་སྟོང་གསུམ་ནོར་གྱིས་བཀང་བྱས་ཏེ།།
རྒྱལ་སྲས་ཀུན་ཏུ་བསྐལ་བརྒྱར་མཆོད་པ་ལས།།
རང་ལ་འདི་ཕྱིའི་ལམ་བཟང་འདོམས་མཛད་པའི།།
བླ་མའི་བཀའ་དགོངས་ཚུལ་བཞིན་བསྒྲུབ་པ་ན།།
མཆོད་པའི་མཆོག་གྱུར་ཡིན་ལུགས་དྲན་བཞིན་བཤད།།

དྲང་པོ་སེམས་ཀྱི་སྙིང་གཏམ་སྲོང་པོ་འདི།།
ཀྱག་ཀྱོག་དབྱངས་གསལ་སོ་བཞི་སྡེབ་སྦྱོར་གྱིས།།
ཁྲ་ཆུང་མིག་ལ་མཛེས་པའི་གཟིགས་མོ་དང།།
ཡ་ཆུང་སྙིང་ལ་འཐད་པའི་བརྡ་འཕྲིན་ཞིག
སྐལ་མཉམ་བློ་གྲོགས་རྣམས་ལ་ཞུས་པས་གསོན།།

ཚེ་འདིར་རང་དོན་སྒྲུབ་ལ་མ་གོམས་ཤིང།།
ཕྱི་མར་ཐར་པའི་ལམ་ལའང་མི་རེ་ལ།།
རྒྱུན་དུ་རང་སེམས་སྤྲོ་བཞིན་གཞན་དོན་ཀུན།།
རང་དོན་ལས་ཀྱང་གཅེས་པར་བརྩོན་སེམས་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

ཀུན་ཕན་ཉི་ཟླ་ཡིན་ཡང་དུས་གཅིག་ཏུ།།
འགྲོ་བ་ཀུན་ལ་ཁྱབ་པར་མི་འདུག་ན།།
རང་གི་ཆུང་མ་ཕ་མ་ལྟོས་བཅས་ཀུན།།
རིམ་བཞིན་རྟག་ཏུ་བདེ་སྐྱིད་སྐྲུན་པ་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

མི་ལུས་བླངས་ཀྱང་མི་ཁོམ་ཡུལ་དུ་འཁྱམ།།
ནོར་གྱིས་ཕྱུག་ཀྱང་ནོར་ལ་ལྷག་པར་སྲེད།།
དེ་འདྲའི་བདག་ལ་མིང་ཡང་བྲལ་བའི་ངང།།
གང་འབྱོར་ཅི་ནུས་གཞན་དོན་བྱ་འདོད་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

གཉེན་གྱིས་བསྔགས་དང་དགྲ་ཡིས་སྨོད་པ་གང་།།
བདེན་མེད་མདང་སུམ་རྨི་ལམ་ལྟར་སྒོམ་ནས།།
དགྲ་གཉེན་ཀུན་ཏུ་ཕན་བདེ་སྐྲུན་སེམས་ཀྱིས།།
རང་སེམས་སྲུང་བཞིན་རང་དོན་སྤང་པ་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

མི་ཚོགས་ཟང་ཟིང་རང་ཚུགས་གཞན་ལ་འཆོར།།
དུག་གསུམ་རབ་འབར་བཟང་སྤྱོད་དྲུང་ནས་སྲེག།
ཚང་མ་རང་མགོ་འཁོར་བའི་སྙིགས་དུས་འདིར།།
རང་སེམས་སྲང་མདའ་རང་གིས་ཟིན་པ་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

འདི་ཕྱི་གཉིས་སྨན་དམ་པའི་ལྷ་ཆོས་གང་།།
ཕལ་ཆེར་རི་བོའི་ཕྲག་ནས་བཞུད་ལ་ཁད།།
བསམས་ཤིང་བསམ་ན་སེམས་ཁོང་རྨུས་པའི་རྒྱུ།།
འདི་ལ་རྒྱུན་འཛིན་རང་ནུས་འདོན་པ་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

ཐུབ་བསྟན་སྤྱི་དང་ལྷག་པར་སེམས་སྐྱེད་ལུགས།།
གངས་ཅན་གྲེ་བའི་དབྱངས་དང་འདྲེས་སོང་ན།།
བྷོ་ཊའི་སྐད་དོད་སྲོག་ལྟར་འཛིན་པའི་ཐོག
སེམས་བསྐྱེད་ཐེག་པ་གནས་ལ་རམ་འདེགས་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

གཏམ་དང་ནོར་དང་ཉལ་བ་དོན་གཉེར་སོགས།།
གནས་སྐབས་བདེ་སྐྱིད་རྡོ་ཐོག་བ་མོ་འདྲ།།
དེ་ཡིས་ཕུག་གི་དོན་ཆེན་གཞོམ་བྱེད་ཅིང།།
སྦྲུལ་སྡུག་སྐེ་ལ་འཁྲིལ་བ་ལྟར་སྤང་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

དཀའ་སྡུག་ཁོལ་དུས་དགྲ་ཡང་སྐྱབས་སུ་འཚོལ།།
བདེ་སྐྱིད་འབྱུང་དུས་གཉེན་ཡང་རིང་དུ་བོར།།
དེ་འདྲའི་གཤིས་ངན་དོན་གཉིས་བརླག་འགྱུར་བས།།
ལེགས་ཉེས་ཤན་འབྱེད་སེམས་སུ་འཁྲུངས་པ་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

དགའ་བའི་དུས་སུ་བདེ་སྐྱིད་དགྲ་ལ་ངོམ།།
རྨུས་པའི་དུས་སུ་གཉེན་ལ་ཐུ་ཤ་འདེབས།།
རྟག་ཏུ་རང་ཚུགས་སྒང་ཁའི་རླུང་བུས་ལྡེག
གཏད་སོ་བྲལ་བའི་གཤིས་སྤྱོད་སྤང་པ་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

བླུན་པོ་ནོར་གྱིས་ཕྱུག་དུས་ཁེངས་དྲེགས་རྒྱས།།
ཁྲམ་པས་གཞན་མགོ་སྐོར་དུས་འབྱོན་ཐང་སྒོམ།།
ཁྲེལ་མེད་རྒྱུ་ནོར་རྐུ་བར་མཁས་ཉམས་སོགས།།
རལ་གྲིའི་སོ་ཁར་སྦྲང་རྩི་ལྟར་མཐོང་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

རང་གིས་ཅི་བྱས་བྱས་པ་མི་བཟོ་ཞིང།།
གཞན་གྱི་བྱ་བཟང་རང་གི་ཐོད་དུ་བཀུར།།
རྟག་ཏུ་གཞན་དོན་སྒྲུབ་པའི་སྐྱེ་བོ་ཀུན།།
རིས་མེད་སེམས་སུ་ཡིད་རང་བསྐྱེད་པ་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

ཁུར་མེད་ཁ་བདེ་ཐུག་ན་ལྐུགས་པར་བསྒྱུར།།
བླུན་པོ་འབྱོར་ལྡན་ཐུག་ན་སྐྲུ་མར་བསྒྱུར།།
ཁྲེལ་མེད་མགོ་བདེ་ཐུག་ན་གླེན་པར་བསྒྱུར།།
གང་ལྟར་དེ་དག་ལེགས་ཉེས་འབྱེད་ཤེས་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

འཛམ་གླིང་ཤར་ནུབ་ཡུལ་གྲུ་ཆེ་ཆུང་གང་།།
སྙིང་རྗེའི་རང་གཟུགས་གངས་ཅན་མགོན་པོ་ཡི།།
ཐུགས་རྗེའི་འོད་སྟོང་འཕྲོ་བའི་གཟི་བྱིན་གྱིས།།
བདེ་སྐྱིད་དྲོད་དབུགས་སྟེར་བ་དྲན་པ་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

ཉམ་ཆུང་བདག་འདྲས་གཞན་ལ་ཁ་ཏ་ཡིས།།
ཁ་ལོ་བསྒྱུར་བའི་ནུས་མཐུ་བྲལ་བའི་ཕྱིར།།
མི་སེམས་སྲུང་བཞིན་སྐད་ཆ་ཤོད་གིན་གྱིས།།
ཐབས་མཁས་ཀུན་ཕན་བསམ་ཐོག་དོན་སྒྱུར་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

རང་གི་བསོད་ནམས་ལས་དང་མ་བསྟུན་པར།།
རྒྱུ་ནོར་ཨབ་བྲས་གསོག་གསོག་བྱས་ན་ཡང།།
འཆི་ཁར་ཞེ་སེམས་ཆགས་པའི་སྡིག་པའི་རྒྱུ།།
བསོད་ཟད་ཕྱི་མའི་ལན་ཆགས་འབྱུང་སེམས་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

བལྟས་ན་མི་རུ་སྐྱེས་པ་འདྲ་འདྲ་ལ།།
སྔོན་ལས་མི་གཅིག་རི་བོའི་སྒང་གཤོང་ལྟར།།
སྐྱིད་སྡུག་དཀར་ནག་ལས་ལ་རག་ལས་པས།།
དགེ་སྦྱོང་ཕྱི་མའི་རྒྱགས་ཕྱེ་གཞོལ་བ་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

བདེ་སྐྱིད་རྒྱུན་དུ་འབྱུང་ཡང་ཚོད་འཛིན་དང།།
ཞིམ་འཇམ་ཆད་མེད་ཐོབ་ཀྱང་ཆོག་ཤེས་ངང།།
རྟག་ཏུ་རང་གཞན་བདེ་སྡུག་རྗེ་ལེན་གྱིས།།
ཉམས་ལེན་ཤེས་ན་བུ་རྒོད་ཡིན་སེམས་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

རང་ལ་ཡོན་ཏན་ལྷག་བསམ་བཟང་སྤྱོད་གང་།།
ཕལ་ཆེར་གཞན་གྱིས་བརྙས་སྨོད་ཁོ་ནས་རྒྱས།།
ཤུགས་ཀྱིས་དགྲ་ཡང་དགེ་བའི་བཤེས་གཉེན་བཞིན།།
བཀའ་དྲིན་ཁོལ་བའི་སེམས་མཆོག་སྐྱེས་པ་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

ཚེ་འདིའི་བྱ་གཞག་ཆེ་ཕྲ་གང་ལ་ཡང།།
རྫུ་འཕྲུལ་ཐོབ་འདྲའི་བདེ་བརླག་ལྷུན་འགྲུབ་ཀྱི།།
ཁྲ་གླག་རྣམ་རིག་ཕུན་སུམ་ཚོགས་པ་ལས།།
བློ་ཡི་འཆར་སྒོར་ལས་འབྲས་སྲུང་སེམས་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

བཟང་ངན་སྐྱེ་བོ་སྟོང་ཕྲག་འདྲིས་གཤིབས་ཀྱིས།།
གཞན་གྱི་ངན་སྤྱོད་ཁབ་ཀྱི་རྩེ་མོ་ཙམ།།
རང་ལ་མ་གོས་ལྷག་པར་འགོ་ནད་བཞིན།།
ཐབས་ཀྱིས་སྤང་བའི་བློ་གྲོས་ལྡན་པ་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

ལོ་གྲངས་བརྟུན་པ་བསྐྱེད་པའི་སྦྱང་འབྲས་ལ།།
ངོ་མཚར་སྐྱེ་བའི་སྤོབས་པ་མ་མཆིས་ཀྱང།།
ཟློག་མེད་གཞན་དོན་སེམས་པའི་ཆུ་ཐིག་གྲངས།།
རྒྱུན་སྲིང་ལྷག་བསམ་ཆུ་གཏེར་སྦྲུམ་པ་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

གཞན་དོན་བྱ་བར་རང་གི་གཉེན་དྲུང་ནས།།
ཕ་མ་ཁྱིམ་ཐབ་ཁྱིམ་མཚེས་ཡུལ་འཁོར་ཀུན།།
རྒྱ་མཚོའི་རླབས་ཟེར་དབུས་ནས་མཐར་ཁྱབ་ལྟར།།
རིམ་བཞིན་འབད་དེ་རྒྱུན་སྲིང་དགོས་སྙམ་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

ཟང་ཟིང་ནོར་ལ་སྲེད་པ་མི་རྒྱས་ཤིང་།།
གནའ་དིང་ཤེས་རིག་དུས་གསུམ་ལྟོ་བཞིན་བརྩོན།།
ལྷག་པར་འཕགས་བོད་གཞུང་ལུགས་བཀའ་བསྟན་སོགས།།
ངོམས་མེད་སྐོམ་པ་ཆུ་ལ་འབད་འདྲ་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

གཙང་པོ་གཅིག་ལས་མཆེད་པའི་ཆུ་ཕྲན་ལྟར།།
ཐུབ་བསྟན་སྤྱི་དང་གངས་ལྗོངས་ཆོས་བརྒྱུད་ཀུན།།
འགལ་མེད་ལྟ་ཞོག་ཁྱད་པར་གཡུང་དྲུང་ལུགས།།
རིགས་པའི་ལམ་ནས་བཀུར་འོས་ངེས་ཤེས་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

རྐུ་འཕྲོག་བརླག་སྟོར་ཉན་ཆེའི་རྡོ་བའི་གཡུ།།
རིན་ཆེན་བརྩིས་ཏེ་མགུལ་དུ་རྒྱན་སྲིད་ན།།
འཛད་མེད་གོང་འཕེལ་འདི་ཕྱིའི་སྒྲོན་མེ་སྟེ།།
ཤེས་བྱའི་ནོར་བུ་མགྲིན་པར་གང་འབྱོར་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

རྒྱུན་དུ་འཚོ་བ་ལྷུན་འགྲུབ་བདེ་ཞིང་སྐྱིད།།
འབྱུང་ཁམས་ཆ་སྙོམས་གཟུགས་ཕུང་ཡང་ཞིང་གཡོ།།
བློ་རིག་རབ་དྭངས་དགེ་བའི་ལས་ལ་འགུགས།།
དྲིན་ཆེན་བླ་མའི་བྱིན་རླབས་འཇུག་པ་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

དབང་མེད་འཁོར་བ་ཐོག་མཐའ་བྲལ་བའི་ནང།།
ལྟས་བཟང་ད་རེས་མི་ལུས་ལན་གཅིག་འདིར།།
མཚན་ལྡན་བླ་མ་འཕྲད་ཅིང་གདམས་ངག་ཐོབ།།
སྐལ་ལྡན་བསོད་ནམས་དཔག་མེད་སྒོམ་པ་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

ཚེ་འདིའི་ཕ་མ་དཔྲལ་བའི་མིག་ལྟར་གཅེས།།
བརྟན་གྱི་བཤེས་གཉེན་བཀའ་དགོངས་སྙིང་ལྟར་འཛིན།།
བདག་གཞན་ཕ་མ་འཕྲལ་ཕུག་བདེ་མཆོག་སླད།།
རྩ་བའི་བླ་མར་གསོལ་འདེབས་ཕུར་ཚུགས་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

གངས་ལྗོངས་ཕྱི་ནང་གདོང་དམར་རིགས་ཅན་ཀུན།།
ཆོས་དང་འཇིག་རྟེན་བྱ་གཞག་གང་སྒྲུབ་ཀྱང།།
ང་ཆེ་ཁོ་རྫིག་སོ་སོའི་འབྱོན་ཐང་རྣམས།།
གངས་ཅན་མགོན་པོའི་མཐུ་ལས་བྱུང་བསམ་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

བླ་མའི་བཀའ་དགོངས་ཆུ་གཏེར་མཐའ་ཡས་ལས།།
ཆུ་ཐིགས་ཙམ་ཞིག་མཚོག་མའི་ཐད་དུ་བཀུར།།
རང་བློས་ཅི་ལྕོགས་ལྷག་བསམ་སྙིང་སྟོབས་ཀྱིས།།
ཉིན་མཚན་རྒྱུན་སྲིང་ཉམས་སུ་ལེན་ཚུལ་འདིས།།
བླ་མ་མཉེས་པའི་བཀའ་བཞིན་འགྲུབ་གྱུར་ཅིག།

བདག་བཞིན་ཉམ་ཆུང་གྲལ་མཐའི་མུ་ཏོ་བས།།
རང་ཉིད་རྟག་ཏུ་བླ་མའི་བཀའ་དགོངས་དག།
ཇི་ལྟར་སྒྲུབ་ཀྱིན་ཡང་ཡང་དྲན་གསོ་དང།།
མཁས་བླུན་ཀུན་ལ་གཟིགས་མོར་འདི་ཕུལ་བས།།
ཀུན་ཀྱང་དེ་བཞིན་བསྒྲུབ་ཅིག་སྙིང་གྲོགས་ཚོ།།

ཐོས་བརྩོན་ཞན་པས་སྡེབ་སྦྱོར་ཉམས་པ་དང།།
བློ་ནུས་དམན་པས་སྙིང་དོན་དབེན་པ་སོགས།།
གཟུར་གནས་མཁས་པའི་སྤྱན་སྔར་ངོ་ཚའི་རྒྱུ།།
ཁྲེལ་མེད་སྐྱོན་གྱིས་སྦགས་པའི་གོང་བུ་ཞིག།
འགྱུར་བར་གདའ་ན་སྙིང་ནས་བཟོད་གསོལ་ཞུ།།

གལ་ཏེ་འདི་ལས་བྱུང་བའི་དགེ་བའི་ཆ།།
ཕྲ་མོ་ཙམ་ཞིག་ཐོབ་པའི་སྐབས་ཡོད་ན།།
འགྲོ་ཀུན་བདེ་བའི་གསོས་སུ་འགྱུར་བ་དང།།
ལྷག་པར་བཤེས་གཉེན་སྐུ་ཚེ་རབ་བརྟན་ཅིང།།
བཞེད་དོན་ལྷུན་འགྲུབ་འོང་པའི་རྒྱུར་གྱུར་ཤོག།།།

2020 ལོའི་ཟླ 1 ཚེས 9 ཉིན།

སྙན་ངག

Post navigation

Previous Post: << ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། >> ( 12 )
Next Post: པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དང་བོད་པའི་ཆབ་སྲིད་ཀྱི་ཁ་ཕྱོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme