Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

<< ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། >> ( 12 )

Posted on 2020-05-25 By ཁ་བརྡ No Comments on << ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། >> ( 12 )

བློ་བཟང་རིན་ཆེན་གྱིས་བྲིས།
 
<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ས་བཅད་གཉིས་པའི་བླང་དོར་དང་སྡུག་བསྔལ་ཞེས་པའི་ལེའུར་བྲིས་པའི་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་མདོར་བསྡུས་ཤིག་འཆད་པར་བྱ།

སྡུག་བསྔལ་གྱི་ངོ་བོ།

ང་ཚོ་ཚང་མས་བདེ་བ་འདོད་པ་ལྟར་བདེ་བའི་ངོ་བོ་དང་། བྱེད་ལས། དགེ་མཚན། སྒྲུབ་ཐབས་སོགས་ལ་ལེའུ་སྔ་མ་དག་ནས་རྒྱུས་ལོན་ཡང་དག་པ་ཞིག་བྱས་པ་རེད། དེ་བཞིན་ང་ཚོས་སྡུག་བསྔལ་མི་འདོད་པ་བཞིན་སྡུག་བསྔལ་གྱི་རང་བཞིན་དང་བྱེད་ལས་སོགས་ལ་རྒྱུས་ལོན་བྱེད་རྒྱུ་ནི་སྡུག་བསྔལ་ལས་གྲོལ་བའི་སྔོན་འགྲོའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཏུ་ངེས། དེར་བརྟེན་ལེའུ་འདིར་སྡུག་བསྔལ་གྱི་ངོ་བོ་བྱེད་ལས་སོགས་ཀྱི་སྐོར་ལ་དཔེ་དོན་མང་པོས་ཞིབ་འབྲི་མཛད་འདུག དེ་ཡང་དང་པོ་སྡུག་བསྔལ་གྱི་ངོ་བོའི་སྐོར་ལ་རོབ་ཙམ་འབྲི་བར་བྱ།

སྤྱིར་སྡུག་བསྔལ་ཟེར་བ་ནི་ལུས་སེམས་མི་བདེ་བའི་ཚོར་སྣང་ངམ། ཡིད་དུ་མི་འོང་བའི་ཚོར་ཤེས་ཀྱི་རིགས་ཤིག་རེད། དེ་ལ་ནང་པའི་གཞུང་ལུགས་ཁག་ཏུ་སྡུག་བསྔལ་བརྒྱད་བསམ་པ་དང་། དྲུག་བསམ་པ། གསུམ་བསམ་པ་སོགས་སྡུག་བསྔལ་གྱི་རྣམ་གྲངས་མང་པོ་ཞིག་རྩལ་འདོན་བྱས་ནས་གསུངས་ཡོད། དེ་བཞིན་ལེའུ་འདིར་ང་ཚོ་གཡོལ་ཐབས་ཡོད་མེད་ཀྱི་སྡུག་བསྔལ་གྱི་རིགས་མང་པོ་ཞིག་ཞིབ་འབྲི་མཛད་འདུག ང་ཚོ་རང་ཉིད་ཀྱིས་བཟོས་པའི་དམག་འཁྲུག་དང་། དབུལ་ཕོངས། དྲག་སྤྱོད། གཉའ་གནོན། བཙན་གཡེམ། རྐུ་འཕྲོག་སོགས་ཀྱིས་བསྐྲུན་པའི་སྡུག་བསྔལ་དང་དཀའ་ངལ་གྱི་སྐོར་ལེའུ་སྔ་མ་དག་ཏུ་ཞིབ་འབྲི་མཛད་ཡོད་པས་ཁོ་བོས་བསྐྱར་དུ་གླེང་དགོས་པ་ཅི་ཡང་མ་མཆིས་པས་རེ་ཞིག་གླེང་བར་མི་བྱའོ།།

དེའང་“ལས་མ་བྱས་པ་ལ་མི་ཕྲད། ལས་བྱས་པ་ཆུད་མི་ཟ་”ཞེས་གསུངས་པ་བཞིན་རང་རང་གིས་ལས་སུ་བྱས་པའི་འབྲས་བུ་སྐྱེ་རྒ་ན་འཆའི་སྡུག་བསྔལ་ནི་གཡོལ་ཐབས་མེད་པ་ཞིག་ཡིན། འོན་ཀྱང་ང་ཚོས་དེ་དག་གི་རང་བཞིན་ཤེས་སུ་བཅུག དེ་ནས་གདོང་ལེན་བྱེད་ཚུལ་སྦྱོང་བ་ནི་རྒྱུད་རིམ་ཞིག་ཡིན་པས། དང་པོར་ང་ཚོས་གཡོལ་ཐབས་མེད་པའི་སྡུག་བསྔལ་དེ་དག་ལ་ཞིབ་ལྟ་ཞིག་བྱ།

སྐྱེ་བའི་སྡུག་བསྔལ་ནི་ང་ཚོ་ཐམས་ཅད་ཀྱིས་མྱོང་ཡོད་ནའང་ད་ལྟ་སུས་ཀྱང་སྐྱེ་བའི་སྐབས་ཀྱི་མྱོང་ཚོར་ངོ་མ་ཞིག་ང་ཚོ་ལས་དང་པོ་བ་སུས་ཀྱང་བཤད་ཐུབ་ཀྱི་མེད་ཚོད་འདུག ང་རང་ཉིད་ལ་མཚོན་ནའང་སྐྱེ་བའི་སྡུག་བསྔལ་མྱོང་བ་ནི་དངོས་གནས་ཡིན་ཡང་དེའི་སྐབས་ཀྱི་ཚོར་སྣང་ནི་ད་ལྟ་ཕྱིར་དྲན་མི་ཐུབ་པ་ཞིག་རེད། དེ་ནི་ང་ལ་མཚོན་ན་དྲི་བ་ཞིག་ཡིན།

དེ་ནི་ངས་ཕྱིར་དྲན་མི་ཐུབ་པ་ལས་སྐྱེ་བའི་སྡུག་བསྔལ་མེད་པ་ག་ལ་ཡིན། རང་གི་སྐྱེ་བའི་སྡུག་བསྔལ་མྱོང་བས་གྲུབ་མ་ཐུབ་ཀྱང་གཞན་གྱི་སྐྱེ་བའི་སྡུག་བསྔལ་ནི་ང་ཚོས་རྟོགས་སླ་བ་ཞིག་རེད། མ་ཟད་ནང་པའི་གཞུང་ལུགས་ཁག་ཏུ་མངལ་དུ་གནས་པའི་སྐབས་ཀྱི་སྡུག་བསྔལ་དང་མྱོང་ཚོར། དེ་བཞིན་སྐྱེ་བ་དང་སྐྱེས་མ་ཐག་པའི་སྡུག་བསྔལ་དང་མྱོང་ཚོར་རྣམས་ཞིབ་བཤད་བྱས་ཡོད་པས་ང་ཚོས་དེ་ལས་རྒྱུས་ལོན་བྱ་ཆོག

རྒ་བའི་སྡུག་བསྔལ་ལ་སོམས་དང་། ང་ཚོའི་ལང་ཚོའི་གཟི་མདངས་རིམ་གྱིས་ཉམས་ནས་རྒས་འཁོགས་སུ་འགྱུར་བའི་ཆོས་ཉིད་ནི་ང་ཚོ་སྐྱེས་མ་ཐག་ནས་རང་གི་གྲིབ་མ་བཞིན་དུ་གྲུབ་ཡོད། ལོ་ཟླའི་འགྲོས་དང་བསྟུན་ནས་ང་ཚོ་རིམ་གྱིས་རྒས་ཏེ་སྐྲ་དཀར་ཞིང་སོ་རྣམས་འཐོར། མིག་དང་རྣ་བའི་དབང་པོ་རྣམས་ཉམས་ནས་མིག་གིས་མི་མཐོང་ཞིང་རྣ་བས་མི་ཐོས་པར་འགྱུར། མ་ཟད་རང་ཉིད་དགའ་སའི་ཟས་རྣམས་འཇུ་མི་ཐུབ་པ་དང་། རིན་ཐང་ལྡན་པའི་རང་གི་མི་ཚེའི་ནང་གི་བྱུང་བ་རྣམས་ཡིད་ལ་དྲན་མི་ཐུབ། ཐ་ན་རང་གིས་ཉེ་འབྲེལ་རྣམས་ཀྱི་མིང་ཡང་མི་དྲན་པར་འགྱུར། “ང་ཚོ་ད་དུང་ཡུན་རིང་པོར་གསོན་ན། དེ་ནི་ང་ཚོར་གཞན་གྱི་ལྟ་སྐྱོང་དགོས་པའི་དུས་སྐབས་གཙོ་བོ་ཞིག་ཡིན་ཡང་།། མི་གཞན་ང་ཚོའི་རྒས་འཁོགས་ཀྱི་ངང་ཚུལ་ལ་ཞེན་པའང་ལོག་སྲིད་”པས་རྒས་པའི་སྡུག་བསྔལ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད་དོ།།

དེ་བཞིན་ན་བའི་སྡུག་བསྔལ་ལ་སོམས་དང་། ང་ཚོས་ལུས་རྩལ་རྩེ་བ་དང་། ཟས་རིག་གང་ལེགས་ཀྱིས་ལུས་པོའི་བདེ་ཐང་ལ་ཅི་ཙམ་གཅེས་སྤྲས་བྱས་ཀྱང་། ཐ་མར་ང་ཚོའི་ལུས་པོའི་འབྱུང་བཞི་འཁྲུགས་ནས་དཀའ་ངལ་མང་པོ་འབྱུང་ངེས་ཡིན། “དེ་ལྟར་བྱུང་དུས་ང་ཚོའི་འཚོ་བའི་ནང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་དེ། ང་ཚོས་རང་གིས་བྱེད་འདོད་པ་རྣམས་སྒྲུབ་མི་ཐུབ་པར་འགྱུར་བ་དང་། ཡང་ན་རང་ཉིད་འགྲོ་འདོད་སར་འགྲོ་མི་ཐུབ་པར་འགྱུར་སྲིད། མཚམས་རེར་དེའི་དབང་གིས་ཟ་འདོད་པའི་ཟས་ཀྱང་ཟ་མི་ཐུབ་པར་བྲོ་བ་སྡུག་པའི་སྨན་ཟ་དགོས། ལྷག་ཏུ་འབྱུང་བཞིའི་ན་ཚ་ཚབ་ཆེན་ཞིག་ཡིན་ཚེ། ན་ཟུག་གི་ཀློང་ན་ཉིན་མཚན་འཁྱོལ་དཀའ་བར་གྱུར་ནས་འཆི་འདོད་པའི་བསམ་བློའང་སྐྱེ་སྲིད་”པས་ན་བའི་སྡུག་བསྔལ་ནི་སྔར་བཞིན་བསམ་མི་ཕོད་པ་ཞིག་ཏུ་ངེས།

ད་དུང་འཆི་བའི་སྡུག་བསྔལ་ལ་སོམས་དང་། འཆི་བ་ནི་ཐམས་ཅད་འཇིགས་སྣང་བྱེད་སའི་གཞི་ཞིག་ཡིན། འཆི་བ་རང་ཐོག་ལ་སླེབས་སྐབས་རང་ཉིད་ཀྱི་བསགས་པའི་རྒྱུ་འབྱོར་ཐམས་ཅད་མི་འདོད་བཞིན་དུ་བློས་བཏང་བྱེད་དགོས་པ་མ་ཟད། རང་ཉིད་ཆེས་དགའ་སའི་ནང་མི་དང་བཤེས་གཉེན། གྲོགས་པོ། སྙིང་ཉེ་སོགས་ཐམས་ཅད་ལ་ཁ་བྲལ་དགོས་པ་རེད། དེ་ནི་བཟློག་ཐབས་མེད་པའི་སྡུག་བསྔལ་གྱི་རང་བཞིན་བསྙོན་དུ་མེད་པ་ཞིག་ཏུ་འཁུམས། ད་དུང་ལེའུ་འདིར་རང་ཉིད་འཕྲད་ན་མི་འདོད་པའི་དགྲ་དང་རྐྱེན་ངན་ཆག་སྒོ་མང་པོ་ཞིག་ལ་ང་ཚོ་ཡང་ཡང་འཕྲད་པའི་སྐོར་གྱི་སྡུག་བསྔལ་གྱི་རིགས་མང་པོ་ཞིག་དཔེར་བརྗོད་ཀྱི་ལམ་ནས་ཁ་གསལ་གདམས་པ་དེའོ།།

སྡུག་བསྔལ་གདོང་ལེན་བྱེད་ཚུལ།

སྐྱེ་རྒ་ན་འཆའི་མཚོན་པའི་སྡུག་བསྔལ་མང་པོ་ཞིག་ལ་ང་ཚོ་གཡོལ་ཐབས་མེད་པ་ནི་རང་བྱུང་འཚོ་གནས་ཀྱི་ཆོས་ཉིད་དུ་གྲུབ་མོད། འོན་ཀྱང་འདིས་མཐར་གཏུགས་ན་ང་ཚོས་སྡུག་བསྔལ་འདི་དག་གི་ཁ་གཏད་ལ་ཅི་ཡང་བྱ་མི་ནུས་པར་བསམ་ན་དེ་ནི་ནོར་བ་རེད། ནང་པ་དང་རྒྱ་གར་གྱི་གནའ་བོའི་གྲུབ་མཐའ་སྨྲ་བ་ཚོས་སྡུག་བསྔལ་ནི་ལས་ཀྱི་འབྲས་བུར་འདོད་པ་བདེན་ཡང་། ང་ཚོའི་བྱ་བ་ཐམས་ཅད་སྔོན་མ་ནས་ལས་ཀྱིས་གཏན་ཁེལ་བྱས་པ་ཞིག་ལ་གོ་བ་བླངས་ན་གཏན་ནས་མི་འགྲིག “ལས་ནི་རང་གི་མི་ཚེའི་བརྒྱུད་རིམ་ཧྲིལ་པོ་སྔོན་ཆད་ནས་བཀོད་སྒྲིག་བྱས་པའི་ལྟོས་མེད་ཀྱི་ཆོས་ཉིད་ལྟ་བུ་ཞིག་ཡིན་པར་བསམ་མི་རུང་། སུས་ལས་བསྐྲུན་པ་ཡིན་ནམ་ཞེ་ན། ལས་བསྐྲུན་མཁན་ནི་ང་ཚོ་རང་ཉིད་ཡིན། ང་ཚོས་ཅི་ཞིག་བསམ་པ་དང་། སྨྲ་བ། འདོད་པ། བྱེད་པ། མ་བྱས་པ་སོགས་ཀྱིས་ལས་བསྐྲུན་གྱི་ཡོད། དཔེར་ན་ངོས་ཀྱིས་དཔེ་དེབ་འབྲི་བཞིན་པ་འདིས་བྱུང་བ་དང་གནས་སྟངས་གཞན་ལ་རྒྱུ་རྐྱེན་བྱེད་པ་དང་། ངོས་ཀྱི་སྐད་ཆས་ཀློག་པ་པོ་ཚོའི་སེམས་ནང་དུ་ཡ་ལན་ཞིག་སློང་གི་ཡོད། ང་ཚོས་བྱེད་པ་ཐམས་ཅད་ལ་རྒྱུ་དང་འབྲས་བུ་ཡོད་”ཅེས་གསུངས་པ་འདིས་ཀྱང་སྡུག་བསྔལ་ནི་ལས་ཀྱི་འབྲས་བུ་ཡིན་པ་བདེན་ཡང་། ལས་ནི་རང་གིས་བསྐྲུན་གྱི་ཡོད་པའི་གསལ་འདེབས་གནང་ཡོད།

“རྒྱུ་འབྲས་ཀྱི་ཆོས་ཉིད་ལེགས་པར་རྟོགས་ན་ང་ཚོ་ནུས་མེད་ཅིག་མ་ཡིན་ཞིང་། ང་ཚོས་རང་གི་སྡུག་བསྔལ་གྱི་མྱོང་བ་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་པར་བྱེད་ཆོག” སྐྱེ་རྒ་ན་འཆི་ནི་བཟློག་ཐམས་མེད་པའི་ལས་ཀྱི་འབྲས་བུ་ཞིག་ཏུ་ངེས་ཀྱང་། ང་ཚོས་དེ་དག་ལ་ཡ་ལན་ཇི་ལྟར་སྤྲད་དགོས་མིན་ཐད་ལ་གདམ་ཀ་ཞིག་ཡོད། ང་ཚོས་རྒྱུན་དུ་རང་གི་རྐྱེན་ངན་ཆག་སྒོའི་རིགས་ལ་སེམས་ཁྲལ་བྱས་ནས་བསྡད་པ་ལས། རང་གི་དཔྱོད་ཤེས་ཀྱི་ངར་ཤུགས་ཆེ་རུ་བཏང་ནས་སེམས་ཀྱི་ཞི་བདེ་སྲུང་བ་ནི་ཡ་ལན་ཡག་ཤོས་ཤིག་ཅི་ལ་མིན། དེ་ལས་ལྡོག་ཏེ་རང་གི་རྐྱེན་ངན་སྐོར་ལ་སེམས་ཁྲལ་བྱས་ནས་སྡོད་ཚེ། སུན་སྣང་དང་ཉོམས་མོངས་ཀྱི་ཚོར་འདུ་མང་པོ་སྐྱེས་ནས་རང་གི་ཞི་བདེ་བརླག་པར་བྱེད་ཅིང་། རང་ལ་མི་དགེ་བའི་རྟོག་པ་དང་མྱོང་ཚོར་འཕར་མ་ཞིག་ཏུ་གྱུར་འགྲོ་བ་དེའོ།།

མཚམས་འདི་ནས་ལེའུ་འདིར་བྲིས་པའི་སྡུག་བསྔལ་ལ་བཟུང་བའི་རྩ་བའི་འདུ་ཤེས་ཀྱིས་སོ་སོའི་སྡུག་བསྔལ་མྱོང་སྟངས་ལ་ཁྱད་པར་ཆེན་པོ་ཡོད་པའི་དཔེར་བརྗོད་ཐུང་ངུ་དེ་ལ་ཐེངས་གཅིག་བལྟས་ཏེ་ཚན་པ་འདི་འགྲུབ་པར་བྱ། དཔེར་བརྗོད་ནི་འདི་ལྟར་“འཆི་བར་ངེས་པའི་སྐྲན་ནད་གཅིག་མཚུངས་ཤིག་ཕོག་ནས་སྡུག་བསྔལ་མྱོང་བཞིན་པའི་ནད་པ་གཉིས་ཀྱི་བར་དུ་ཡོད་རུང་བའི་ཁྱད་པར་ཞིག་ནི། ནད་པ་སོ་སོས་རང་གི་ནད་ལ་ལྟ་སྟངས་དེ་ཡིན་ཞིང་། གཅིག་གིས་རང་གིས་གནས་སྟངས་ངོས་ལེན་བྱེད་པར་མ་ཟད། རབ་བྱུང་ན་གནས་སྟངས་དེ་ནི་རང་ཉིད་ཀྱི་བློའི་སྟོབས་ཤུགས་རྣམས་གོང་འཕེལ་དུ་གཏོང་བའི་གོ་སྐབས་ཤིག་ཏུ་བསྒྱུར་སྲིད། འོན་ཀྱང་གཅིག་ཤོས་ཀྱིས་རང་གི་གནས་སྟངས་ལ་འཇིགས་སྣང་དང་ཁོང་ཁྲོའི་སྒོ་ནས་ཡ་ལན་བྱིན་ནས་འབྱུང་འགྱུར་ལ་དངངས་འཚབ་བྱས་ན། ནད་ལ་གཉིས་ཀྱི་བར་ལ་འབྱུང་བཞིའི་གནས་རིམ་དུ་བྱུང་བའི་སྡུག་བསྔལ་གྱི་ཆ་ནས་ཁྱད་པར་མེད་ཀྱང་། སྡུག་བསྔལ་དེ་མྱོང་ཚུལ་གྱི་ནང་དུ་ཧེ་བག་ཆེན་པོ་ཞིག་ཤོར་ཡོད་པ་དང་། ནད་པ་ཕྱི་མས་འབྱུང་བཞིའི་སྡུག་བསྔལ་གྱི་ཐོག་ལ་ད་དུང་སེམས་ཀྱི་དཀའ་སྡུག་ཆེན་པོ་ཞིག་མྱོང་གི་ཡོད་པ་དེའོ།།”ཞེས་གསུངས་ཡོད། འདིའི་བསྟན་དོན་ནི་སྡུག་བསྔལ་གྱིས་ང་ཚོར་ཅི་ཙམ་གནོད་མིན་ནི་གཙོ་བོ་རང་ཉིད་ལ་རག་ལས་པར་བསྟན་ཞིང་། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་མཚོན་པའི་སྡུག་བསྔལ་གྱི་མྱོང་བ་ལ་ལྟ་སྟངས་འོས་འཚམ་ཞིག་འཛིན་པ་གལ་ཆེན་དུ་གདམས་ཡོད།

སྡུག་བསྔལ་ལ་ཕྱོགས་གཞན་ནས་ལྟ་བ།

སྡུག་བསྔལ་ནི་ལུས་སེམས་ལ་མི་བདེ་བའི་ཚོར་སྣང་སྦྱིན་པའི་ཡིད་དུ་མི་འོང་བའི་ཚོར་འདུ་ཞིག་ཡིན་མོད། འོན་ཀྱང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་“སྡུག་བསྔལ་མེད་པར་ངེས་འབྱུང་མེད།།”ཅེས་སྡུག་བསྔལ་ནི་ངེས་འབྱུང་གི་བསམ་པ་ཁྱད་པར་སྐྱེ་བ་ལ་མེད་དུ་མི་རུང་བ་ཞིག་ཡིན་ཞེས་གསུངས་པ་རེད། དེ་བཞིན་ལེའུ་འདིར་ཡང་“དོན་དངོས་སུ་བརྗོད་ན། ང་ཚོས་ཕྱོགས་གང་ནས་བལྟས་ཀྱང་སྡུག་པོ་ཡིན་པའི་གནས་སྟངས་ཤིག་འབྱུང་མི་སྲིད་པ་མིན་ཡང་ཧ་ཅང་དཀོན་པོ་ཡིན་”ཞེས་གསུངས་པ་རེད། གསུང་འདིས་སྡུག་བསྔལ་ལ་ཕྱོགས་གཞན་ཞིག་ནས་བལྟས་ན། རྣམ་པ་ཐམས་ཅད་དུ་སྡུག་པོ་མིན་པའི་གསལ་འདེབས་མཛད་པ་རེད། མ་ཟད་༧གོང་ས་མཆོག་རང་ཉིད་ཀྱི་ཉམས་མྱོང་དང་སྦྱར་ནས་གསུང་རྒྱུར། “བོད་དུ་ཡང་ཡང་འབྱུང་བཞིན་པའི་གནས་ཚུལ་སྡུག་པོ་དག་ཐོས་སྐབས། འཕྲལ་དུ་བྱིན་པའི་ངོས་ཀྱི་ཡ་ལན་ནི་རང་བཞིན་གྱིས་སྐྱོ་གདུང་གི་ཚོར་བ་དྲག་པོ་ཞིག་ཡིན་ཡང་། གནས་ཚུལ་དེར་རྒྱབ་ལྗོངས་ཆེན་པོ་ཞིག་གི་ངོས་ནས་ལྟ་བཞིན། བྱམས་སེམས་དང་། རང་དབང་། བདེན་པ། དྲང་བདེན་བཅས་ལ་ཕྱོགས་པའི་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ཞེ་འདོད་དེ་མཐར་མཇུག་རྒྱལ་ངེས་ཡིན་པ་རང་ཉིད་ལ་དྲན་སྐུལ་བྱས་ན། ངོས་ཀྱིས་ཚོར་བ་དེའི་རིགས་ལ་གདོང་ལེན་ལེགས་པར་བྱེད་ཐུབ་ཀྱི་ཡོད།”ཅེས་གསུངས་ཡོད།

“སེམས་ཀྱི་སྟོབས་ཤུགས་དང་ཤེས་རབ་གོང་འཕེལ་འགྲོ་བའི་དུས་ནི། རྒྱུན་དུ་དཀའ་སྡུག་ཆེ་ཤོས་ཀྱི་སྐབས་སུ་འབྱུང་གི་ཡོད་པ་རང་ཉིད་ལ་དྲན་གསོ་བྱས་ནའང་རིན་ཐང་ཆེ་ཞིང་། འདིར་ཡང་ང་ཚོས་ལེགས་ཕྱོགས་ཀྱི་བསམ་བློའི་འཁྱེར་སོའམ་འདུ་ཤེས་འཛིན་སྟངས་ཤིག་གོང་དུ་སྤེལ་དགོས་པའི་གལ་ཆེའི་རང་བཞིན་དེ་མཐོང་ཐུབ” པར་གསུངས་ཡོད། ང་ཚོས་སྡུག་བསྔལ་ལ་བརྟེན་ནས་སོ་སོའི་གདེང་སྤོབས་དང་ཡིད་རྟོན་གོང་འཕེལ་དུ་གཏོང་ཆོག ད་དུང་ང་ཚོས་འདི་ལྟར་བསམ་ཆོག འཛམ་གླིང་རླབས་ཆེན་གྱི་མི་སྣ་ཐམས་ཅད་དཀའ་སྡུག་གི་བརྒྱུད་རིམ་ངེས་ཅན་ཞིག་བརྒྱུད་ནས་བྱུང་བ་ལས་བདེ་ཞིང་སྐྱིད་པའི་ངང་ནས་བྱུང་བ་ག་ལ་ཡིན། དེ་ལྟར་ན་སྡུག་བསྔལ་གང་ཞིག་རང་གི་ཐོག་ལ་བྱུང་སྐབས། གཉའ་ཞུམ་ནས་ཅི་བྱ་གཏོལ་བྲལ་དུ་སྡོད་པ་མིན་པར་སྡུག་བསྔལ་གྱི་ཕྱོགས་ཡོངས་ནས་བལྟས་ཏེ་རང་ཉིད་ཀྱི་རིན་ཐང་མངོན་པར་བྱེད་དགོས་པ་དེའོ།།

ཐ་མར་༧་གོང་ས་མཆོག་རང་ཉིད་ལ་ཕན་ཐོགས་ཆེ་བའི་བླང་དོར་གྱི་རྣམ་གཞག་ཅིག་གིས་ལེའུ་འདིར་མཇུག་བསྡུ་བྱས་འདུག བླང་དོར་དེ་ནི་ཕུལ་བྱུང་གི་མན་ངག་ལམ་སྟོན་ཞིག་ཡིན་པས་གཤམ་ལ་འགོད་པར་བྱ། དེའང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་“ཅི་ལ་བབས་ཀྱང་བདག་གི་ནི།། དགའ་བའི་ཡིད་ནི་དཀྲུགས་མི་བྱ།།” གསུངས་པ་བཞིན། དཀའ་སྡུག་གི་རིགས་ཅི་འདྲ་ཞིག་ལ་འཕྲད་ཀྱང་ང་ཚོ་རང་ཉིད་དེའི་དབང་ཤུགས་ཀྱི་འོག་ཏུ་འགྲོ་རུ་མི་འཇིག་པ་ནི་ཆེས་གལ་ཆེན་ཞིག་ཡིན་པར་གདམས་ཡོད། “གལ་སྲིད་སོང་བ་ཡིན་ན་དཀའ་སྡུག་གིས་ང་ཚོ་ཟིལ་གྱིས་གནོན་པའི་ཉེན་ཁ་ཆེན་པོ་ཡོད།” དེ་ལས་“གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགའ་ཅི་ཞིག་དགོས།། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགའ་བྱས་ཅི་ཕན།།” ཞེས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་གསུངས་པ་ལྟར་རང་གི་རྣམ་དཔྱོད་བེད་སྤྱོད་ལེགས་པར་བཏང་ནས། དཀའ་སྡུག་གི་ངོ་བོའི་རང་བཞིན་ལ་བརྟག་དཔྱད་བྱེད་དགོས། “གལ་ཏེ་ང་ཚོས་ཐབས་ཤེས་གང་རུང་ཞིག་ལ་བརྟེན་ནས་སེལ་ཐུབ་པ་ཞིག་ཡིན་པར་མཐོང་ཚེ། སེམས་ཁྲལ་དངངས་འཚབ་བྱེད་དགོས་པའི་རྒྱུ་མཚན་མེད་ལ།” རང་གི་ནུས་ཤུགས་ཡོད་ཚད་བཏོན་ཡང་འགྱུར་བ་ཅི་ཡང་གཏོང་མི་ཐུབ་པ་ཞིག་ཡིན་ན། སེམས་ཁྲལ་བྱས་པ་ལ་དགོས་པ་ཏིལ་ཙམ་མེད་པའི་བླང་དོར་གྱི་རྣམ་གཞག་འདི་ལྷུག་པོར་གདམས་ཡོད།

མཆན།• འདི་ནི་ཆོས་གྲོགས་ཤེས་རབ་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་རྩོམ་རྣམས་ལ་འུ་ཅག་གིས་རྒྱུས་ཡོད་བྱེད་དགོས་པའི་བསམ་ཚུལ་ལྷུག་པོར་བརྗོད་པས་མཐུན་རྐྱེན་བྱས་ཏེ་སྔར་ཁོ་བོས་ཀློག་འགོ་བརྩམས་པའི་<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་བླང་དོར་དང་སྡུག་བསྔལ་ཞེས་པའི་ལེའུ་ལ་བལྟས་པའི་བཀླགས་བྱང་ཙམ་ཡིན།

2020/5/24/ བློ་བཟང་རིན་ཆེན་གྱིས་བྲིས།

སྣ་ཚོགས།

Post navigation

Previous Post: རྒྱའི་དཀར་ཟས་ཀྱི་ཁུངས་མདོ་སྡེ་ཡིན་པ་དང་དེའི་ཡང་ལན།
Next Post: བཀའ་བཞིན་སྒྲུབ་པའི་མཆོད་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme