Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྒོ་མང་རཀ་ར་སྤྲུལ་སྐུ་དང་སྒོ་མང་ལྡུམ་ར་དུས་དེབ།

Posted on 2013-07-132013-07-13 By ཁ་བརྡ་ 36 Comments on སྒོ་མང་རཀ་ར་སྤྲུལ་སྐུ་དང་སྒོ་མང་ལྡུམ་ར་དུས་དེབ།

དགེ་བཤེས་བསོད་ནམས་ཡེ་ཤེས།

༡༽ རྣམ་ཐར་བསྡུས་པ།
རཀ་ར་སྐུ་ཕྲེང་དྲུག་པ་བསྟན་འཛིན་རྒྱལ་མཚན་ནམ། བཀྲས་མཐོང་ཐུབ་བསྟན་ཆོས་དར་ནི། བོད་ཀྱི་སྡེ་དཔོན་གྲགས་ཅན་གཟིམ་ཤག་བཀྲས་མཐོང་པའི་མི་རྗེ་ས་དབང་ཆེན་མོའི་རིགས་སྲས་སུ་ཕྱི་ལོ་༡༩༢༤ ལོར་འཁྲུངས། དགུང་ལོ་བཞི་པའི་ཐོག་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བར་ཁམས་ཚ་བ་དཔའ་ཤོད་རཀ་ར་སྐུ་ཕྲེང་ལྔ་བའི་ཡང་སྤྲུལ་དུ་ངོས་འཛིན་མཛད། ཕྱི་ལོ་༡༩༣༥ ལོར་དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་ཞུགས་ནས་དགེ་བའི་བཤེས་གཉེན་ཆེན་པོ་གུང་རུ་བསྟན་པ་ཆོས་གྲགས་དང་༏ ཁལ་ཁ་དགེ་བཤེས་བློ་བཟང་ཕྱག་རྡོར་སོགས་ཀྱི་ཞབས་ལ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་རྫོགས་པར་མཛད་པའི་འབྲས་རྟགས་སུ་དགུང་ལོ་ཉི་ཤུའི་ཐོག་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་འཇོག་གནང་མཛད་སྐབས་ཨང་བདུན་པའི་མཚན་གནས་ཀྱི་བྱ་དགའ་གཟེངས་བསྟོད་ཐོབ། ཕྱི་ལོ་༡༩༤༣ ལོར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ཞུགས་ནས། རྒྱུད་པའི་ཕྱག་ལེན་ཅི་ཡོད་ཞིབ་པར་སྦྱངས་ནས་གསང་ཆེན་རྒྱུད་སྡེ་རྒྱ་མཚོར་གསན་བསམ་མཛད་དེ་སྔགས་ཀྱི་དམ་བཅའ་འཇོག་གནང་མཛད་པ་མ་ཟད། རྒྱུད་པའི་དགེ་བསྐོས་ཀྱང་མཛད།

གཞན་ཡང་སྐབས་དེ་དག་ཏུ་༧སྐྱབས་རྗེ་རྨོག་ལྕོག་རྡོ་རྗེ་འཆང་དང་། ༧སྐྱབས་རྗེ་ལྷ་བཙུན་རྡོ་རྗེ་འཆང་། ༧ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་སོགས་ཀྱི་ཞབས་ལ་བསྟེན་ནས་དབང་ལུང་མན་ངག་མཐའ་ཡས་པ་གསན། དེ་བཞིན་སྒོ་མང་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཞབས་ལ་བསྟེན་ནས་རིག་པའི་གནས་ལ་རྒྱ་ཆེར་སྦྱངས་པ་སོགས། མདོར་ན་མདོ་སྔགས་རིག་གནས་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་བརྙེས། སྐབས་དེ་ཤེད་ཅིག་ནས་གཞུང་ས་མཆོག་ནས་རཀ་ར་རིན་པོ་ཆེ་ཆབ་མདོར་ལྗགས་ལུང་གནང་བར་ཕེབས་དགོས་ཀྱི་བཀའ་ཡིག་ཕེབས་ཤིང་། བཀའ་དགོངས་མི་ཞུ་ཐབས་མེད་དང་། སྐབས་དེར་རྒྱ་ཕྱོགས་ཀྱི་བྱེད་བབ་ལ་དུས་བདེ་ཡོང་མིན་ཤོད་ཚུལ་མང་རྐྱེན། གནས་སྐབས་འགྱང་ཐབས་ལྟ་བུར་ཆབ་མདོར་གཞུང་ལམ་བརྒྱུད་འགྲོ་ན་རྟ་དྲེལ་དང་། མི་སེར་ལ་བརྡབ་གསིགས་ཧ་ཅང་ཆེ་བར་སོང་། རྒྱ་གར་བརྒྱུད་ཆུ་ཐོག་ནས་ཆབ་མདོར་སྐྱོད་ཆོག་ཡོང་བའི་སྙན་ཞུ་ཕུལ་བར་བཀའ་ཁྲོལ་བྱུང་སྟེ། རྒྱ་གར་དུ་ཕེབས་བཞུགས་ཀྱིས་དུས་བདེ་བྱུང་ན་ཆབ་མདོར་ཕེབས་འཆར་ཐོག་བཞུགས་མུར་དུས་འགྱུར་བྱུང་།
ཕྱི་ལོ་༡༩༤༩ ཙམ་ལ་རྒྱ་གར་དུ་ཕེབས་ནས་ཀ་སྦུག་ཏུ་(Professor Roerich)དྲུང་ནས་ལེགས་སྦྱར་ལ་སྦྱངས་པ་མཛད། དེའི་རྗེས་ཀ་ལི་ཀ་ཏར་(Tagore university)མཐོ་སློབ་ཏུ་བཞུགས། ཕྱི་ལོ་༡༩༥༤ ནས་༡༩༥༦ བར་པུར་ནར་(Professor Basudey Gokkale)དྲུང་དུ་བཅར་ནས་ལེགས་སྦྱར་ལ་སློབ་སྦྱོང་མཛད། དེའི་རྗེས་རྒྱལ་ས་ལྡི་ལིར་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་དུ་བོད་སྐད་སྡེ་ཚན་གྱི་ཕྱག་ལས་ལོ་གསུམ་རིང་མཛད། ཕྱི་ལོ་༡༩༥༩ ལོར་དུས་འགྱུར་བྱུང་ནས་སྐྱབས་བཅོལ་གཞུང་རྒྱ་གར་དུ་ཚུགས་རྗེས་རང་གཞུང་གི་བཀའ་འབྲེལ་ལྟར་སུད་སི་(trogen)ལ་ཕེབས་ནས་བོད་ཕྲུག་ཁྱིམ་སྡེ་ཐོག་མར་སྒོ་འབྱེད་གནང་བ་ནས་བཟུང། རྒན་ཡོལ་ལ་མ་ཕེབས་བར་མཐའ་འཁྱོལ་བ་མཛད། སྐབས་དེ་དག་ཏུ་ཁུར་དུ་བབས་པའི་མཛད་འགན་སྤྱི་དང་། ལྷག་པར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་ཆབ་སྲིད་དང་བཅས་པར་མཛད་རྗེས་བླ་མེད་འཇོག་གནང་མཛད་པ་བཅས་སོ།

གསུང་རྩོམ་སྐོར་ལ།
གསེར་ཀོང་རྡོ་རྗེ་འཆང་དང་། ༧སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་། རྭ་སྟོད་ཆུ་དབར་རིན་པོ་ཆེ། མཁས་དབང་དགེ་འདུན་ཆོས་འཕེལ་སོགས་སྔོན་གྱི་སྐྱེས་ཆེན་དམ་པ་ཁག་གི་རྣམ་ཐར་དང་། གནས་བརྒྱད་ཀྱི་འགྲེལ་པ་ཐ་སྙད་རིག་པའི་ཐི་གུ་དང་། སྤྲིན་གྱི་ཕོ་ཉའི་འགྲེལ་པ་གློག་ཕྲེང་མ་སོགས་ལོ་རྒྱུས་དང་སྙན་སུམ་སོགས་དཔར་དུ་འཁོད་པ་དང་མ་འཁོད་པ་ཇི་སྙེད་ཅིག་ཡོད།

༢༽ ལྡུམ་ར་དུས་དེབ་འགོ་འཛུགས་སྟངས་དང་རིན་པོ་ཆེ་ལ་འབྲེལ་བ་བྱུང་ཚུལ།
ལྡུམ་ར་དུས་དེབ་ནི་ཕྱི་ལོ་༡༩༩༤ ཙམ་ལ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ངོས་ནས་གསར་དུ་རྩོམ་སྒྲིག་བྱས་པའི་དུས་དེབ་ཅིག་ཡིན། དེ་ཡང་ཐོག་མར་སློབ་གྲྭའི་དགེ་རྒན་གུས་པ་བསོད་ནམས་ཡེ་ཤེས་དང་། ཤེས་རབ་དར་རྒྱས། དགེ་འདུན་བཅས་ཀྱི་རེ་བ་ལྟར་རིག་གཞུང་ཚོགས་པའི་ངོས་ནས་དུས་དེབ་ཅིག་བཏོན་ན་དུས་སྐབས་དང་འཚམ་པའི་སྒོ་ནས་གཞོན་སྐྱེས་ཚོར་ཤེས་ཡོན་གྱི་སྡིངས་ཆ་ཞིག་བསྐྲུན་ཐུབ་པའི་རེ་བ་བཅངས་ནས་སྐབས་དེའི་མཁན་རིན་པོ་ཆེའི་མཚན་ཐོག་ལ་སྙན་ཞུ་ཞིག་ཕུལ། མཁན་རིན་པོ་ཆེ་ནས་བསམ་ཚུལ་དེ་གལ་ཆེན་དུ་གཟིགས་ནས་གྲྭ་ཚང་ཕྱག་སྦུག་ལ་གནང་བ་དང་། ཁམས་ཚན་བཅུ་དྲུག་གི་ཚོགས་འདུ་བསྐོངས་ནས་དེའི་ཐད་ལ་བགྲོ་གླེང་གནང་། སྐབས་དེའི་ཚོགས་ཞུགས་པ་སྒོ་མང་མཁན་པོ་དགེ་བཤེས་བློ་བཟང་བསྟན་པ་དབུ་བཞུགས་ཐོག ཕྱག་དྲུང་ལྷན་རྒྱས། ཁམས་ཚན་བཅུ་དྲུག་གི་འཐུས་མི་ལྷན་རྒྱས་བཅས་ནི་ནམ་རྒྱུན་གྲྭ་ཚང་གི་གལ་ཆེན་རིགས་ལ་ཐག་གཅོད་བྱེད་མཁན་གྱི་འཐུས་མི་རེད། དེའི་སྟེང་དུ་རིག་གཞུང་ཚོགས་པའི་ངོས་ནས་རིག་གཞུང་ཚོགས་པའི་འགན་འཛིན་བསྟན་འཛིན་ཐོས་བསམ། རྩོམ་སྒྲིག་པ་གུས་པ་བསོད་ནམས་ཡེ་ཤེས། ཤེས་རབ་དར་རྒྱས། དགེ་འདུན་བཅས་ཚོགས་ཞུགས་ཀྱིས་བསམ་ཚུལ་ཕུལ་སར་བཅར་བ་ཡིན།

ཚོགས་ཐོག་ཏུ་རེ་སྐུལ་བསྟན་འཛིན་ཐོས་བསམ་ནས་ཞུ་བ་འདི་ལྟར་ཕུལ་སོང་། རིག་གཞུང་ཚོགས་པའི་ངོས་ནས་དུས་དེབ་ཅིག་འདོན་རྩིས་ཡོད། དེ་ཡང་རྩོམ་སྒྲིག་པ་བསོད་ནམས་ཡེ་ཤེས་དང་། ལས་རོགས་དགེ་འདུན་ཐོད་པ། ཤེས་རབ་དར་རྒྱས་བཅས་ཡིན། དུས་དེབ་ཀྱི་ངོ་བོའི་ཐད་ནས་ཁོང་ཚོས་འགྲེལ་བཤད་རྒྱག་རྒྱུ་རེད། ངའི་ངོས་ནས་དུས་དེབ་དེ་འདྲ་ཅིག་འདོན་ཆོག་པ་དང་དེའི་འགྲོ་གྲོན་རིག་གཞུང་ཚོགས་པའི་ངོས་ནས་བཏང་ཆོག་པ་ཞུ་ཟེར་ནས་རེ་སྐུལ་ཞུ་བཞིན་ཡོད་གསུངས་སོང་། ཚོགས་ཐོག་ཏུ་བསམ་ཚུལ་མི་འདྲ་བ་དང་དྲི་བ་མི་འདྲ་བ་མང་པོ་བྱུང་།
དྲི་བ་དང་པོ་དུས་དེབ་དེའི་བརྗོད་བྱ་ཅི་འདྲ་ཡིན་མིན་སྐོར་ལ་རེད། སྐབས་དེར་བཙན་བྱོལ་ནང་ན་སྟོན་དུ་རི་བའི་དུས་དེབ་ལྗང་ལྗོན་མ་གཏོགས་མེད་པས་དེ་དང་། བོད་ནང་གི་དུས་དེབ་སྦྲང་ཆར་དང་། ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་ལྟ་བུ་ལ་དཔེ་བླང་ནས་ཅིག་འདོན་རྩིས་ཡོད་ཟེར་ནས་ཞུ་བ་ཡིན། དེ་ལ་བསམ་ཚུལ་གཉིས་པ་ནི། དུས་དེབ་དེ་འདྲ་ཅིག་བཏོན་ན་དགོན་པ་ཞིག་གི་མཚན་ཐོག་ནས། ཕོ་མོའི་བརྩེ་སེམས་བརྗོད་བྱར་བཟུང་པའི་རྩོམ་ཡིག་བཏོན་ཆོག་མིན་ཐད་ལ་རེད། འདིའི་ཐད་ལ་བསམ་ཚུལ་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ཤུགས་ཆེན་པོ་ཆགས་ནས་ཐག་གཅོད་བྱུང་མ་ཐུབ་པས། མཐར་རྩོམ་སྒྲིག་གང་འདྲ་བྱས་ཆོག་མིན་ཐད་ལ་འབྲས་སྤུངས་ཁྲི་བ་བསྟན་པ་བསྟན་འཛིན་མཆོག་ལ་དགོངས་སྐོར་བྱས་ནས་ཐག་གཅོད་རྒྱུ་བྱས། བསམ་ཚུལ་གཞན་ཚང་མར་ལན་རེ་རེ་བཞིན་ཕུལ་ནས་མཐའ་སྡོམ་དུས་དེབ་འདོན་རྒྱུའི་ཐད་ལ་ཐག་གཅོད་བྱུང་།

དེ་ནས་དུས་དེབ་ཀྱི་མིང་འདོགས་སྟངས་ཐད་ནས། ངེད་ཚོ་རྩོམ་སྒྲིག་པ་གསུམ་ནས་མིང་རེ་བཏགས་ནས་རྒྱན་བླངས་པ་རེད། ངས་སྤྲིན་གྱི་སྒྲ་དབྱངས་ཟེར་ནས་བཏགས་པ་ཡིན། དགེ་འདུན་གྱིས་ཅོང་བརྡ་ཟེར་ནས་བཏགས་སོང་། ཤེས་རབ་དར་རྒྱས་ནས་ལྡུམ་ར་ཟེར་ནས་བཏགས་པ་རེད། རྒྱན་དེ་མོག་རུ་བསྟན་པ་འདི་དེའི་སྐབས་སུ་ངེད་ཚོ་དང་ཐག་ཉེ་བའི་ལོ་ཆུང་ཤོས་ཞིག་ཡིན་པས་ཁོང་ལ་ལེན་བཅུགས་པ་རེད། རྒྱན་དེ་ལྡུམ་ར་བླངས་འདུག
དེ་ནས་དུས་དེབ་ཀྱི་མིང་ལ་ལྡུམ་ར་ཟེར་ནས་འདོགས་རྒྱུར་ཐག་བཅད་པ་རེད། དེ་ནས་རྩོམ་ཡིག་ཞུ་དག་ཐད་ལ་དགེ་འདུན་ཐོད་པས་འགན་ཁུར། རྩོམ་སྐུལ་དང་རྩོམ་བསྡུ་ཐད་ལ་ཤེས་རབ་དར་རྒྱས་ཀྱིས་འགན་བླངས། ང་ནི་འབྲས་སྤུངས་ཁྲི་བ་དང་སྒོ་མང་མཁན་པོ་སོགས་གནད་ཡོད་མི་སྣ་དག་དང་བློ་འདྲི་སར་འགྲོ་རྒྱུ་དང་། གཞན་དག་ལ་འབྲེལ་ལམ་ཞུས་ནས་བཅར་འདྲི་སོགས་བྱེད་རྒྱུ་རེད།
འབྲས་སྤུངས་ཁྲི་བ་བསྟན་པ་བསྟན་འཛིན་མདུན་ལ་ཐོག་མར་བསྟན་འཛིན་ཐོས་བསམ་དང་ངེད་གཉིས་བཅར་ནས་དུས་དེབ་འདོན་ཕྱོགས་ཀྱི་སྐོར་སྙན་ཞུ་ཕུལ་ནས་བརྗོད་བྱའི་སྐོར་ལ་དགོངས་ཚུལ་འདྲི་སྐབས་ཁོང་གིས་བརྗོད་བྱའི་ཐད་ཁྱོད་ཚོའི་བསམ་ཚུལ་་བཞིན་བྱས་ན་འགྲིག

འོན་ཀྱང་ངེས་པར་དུ་རཀ་ར་རིན་པོ་ཆེ་ལ་འབྲེལ་ལམ་ཞུས་ནས། ཁོང་ལ་བཀའ་འདྲི་ཞུ་བ་དང་། ཁོང་གི་རྩོམ་ཡིག་རེ་བཀོད་ཐུབ་ན་ཕུན་སུམ་ཚོགས་པ་ཡོང་གི་རེད་གསུངས་སོང་༏ སྐབས་དེ་དུས་རཀ་ར་རིན་པོ་ཆེ་ལ་འབྲེལ་ལམ་བྱེད་པའི་གོ་སྐབས་གྲྭ་ཚང་གི་ངོས་ནས་གནང་སོང་བསམ་ནས་དགའ་བ་སྐྱེས། དེ་ཡང་ང་ཚོའི་སེམས་ལ་རཀ་ར་རིན་པོ་ཆེ་ནི་ཕྱི་རྒྱལ་ན་བཞུགས་པའི་བླ་མ་མཁས་པ་ཞིག་ཡིན་པས། ང་ཚོ་ལྟ་བུ་གསར་བུ་དག་ལ་ཡ་ལན་གནང་ཨེ་ཡོང་བསམ་སོང་། དེ་བཞིན་འབྲས་སྤུངས་ཁྲི་བར་ཡང་ཞུས་པ་ཡིན། འོན་ཀྱང་འབྲས་སྤུངས་ཁྲི་བས་རིན་པོ་ཆེ་དེ་འདྲ་ཡོད་མ་རེད། ཁོང་ཤིན་ཏུ་ནས་གུ་ཡངས་པོ་ཡོད། མ་གཞི་ནས་ངས་ཟེར་གི་འདུག་ཟེར་ནས་ཞུ་ཡིག་ཕུལ་ན་འགྲིག་གི་རེད་གསུངས་སོང་། རྗེས་ནས་ཤེས་དུས་ཁོང་རྣམ་པ་གཉིས་ནི་ཤིན་ཏུ་འབྲེལ་ཐག་ཉེ་བའི་ནང་ཚགས་རེད་འདུག
དེ་ནས་བཟུང་ང་ཚོ་རྩོམ་སྒྲིག་པའི་ངོས་ནས་ཞུ་ཡིག་རིམ་པར་ཕུལ། རིན་པོ་ཆེ་ནས་ཀྱང་དགོངས་ཚུལ་དང་རྗེ་རིན་པོ་ཆེའི་རྟོགས་བརྗོད་སོགས་རྩོམ་ཡིག་གི་མ་ཕྱི་འགའ་ཤས་བསྐུར་བ་དེ་ཚོ་སྐབས་དེ་དུས་རིམ་བཞིན་ལྡུམ་ར་དུས་དེབ་སྟེང་དུ་བཀོད། མ་ཟད་དུས་དེབ་དེའི་འགྲོ་གྲོན་ཐད་ལ་ཡང་ཞལ་འདེབས་གནང་སོན་བྱུང་། འོན་ཀྱང་རིན་པོ་ཆེའི་ཞལ་དངོས་སུ་མཇལ་བའི་ཐོག་མ་རྡ་སར་༡༩༩༥ ལོར་ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གིས་བསྡུ་སྐོང་བྱས་པའི་ཚོགས་འདུ་སྟེང་ནས་ཐོག་མར་མཇལ་བའི་གོ་སྐབས་བྱུང་༏ དེའི་རྗེས་ནས་གྲྭ་ཚང་ལ་ཐེངས་གཅིག་གཉིས་ཞིག་ཕེབས།

ཁོང་གི་གསུང་གླེང་ཁྲོད་བརྗེད་དུ་མེད་པ་གཅིག་ནི། ཨ་མྱེས་རྨ་ཆེན་གྱིས་བསྐོངས་བའི་ཚོགས་འདུ་སྟེང་དུ། བུད་མེད་ཀྱི་ཐོབ་ཐང་ཅེས་པའི་བརྗོད་གཞི་ཐོག་གསུང་གླེང་གཅིག་སྟེ། དེ་ཡང་ཐོག་མར་གདོང་ཐོག་རིན་པོ་ཆེ་ནས་གསུང་དོན། བོད་ལ་བུད་མེད་ཀྱི་ཐོབ་ཐང་སྐོར་ལ་ང་ཚོ་ཆོས་ཕྱོགས་ནས་ཀྱང་འགྲིག་མེད། དེ་ཡང་སྤྱོད་འཇུག་ལས། འཇིག་རྟེན་བུད་མེད་ཅི་སྙེད་པ།། དེ་དག་སྐྱེས་པ་ཉིད་གྱུར་ཅིག ། གསུངས་འདུག་ཀ་ཟེར་ནས་གཏམ་མཇུག་རྫོགས་པ་དང་། རཀ་ར་རིན་པོ་ཆེ་བཞེངས་ནས། ང་ལ་རིན་པོ་ཆེས་གསུངས་པ་ནང་བཞིན་ཁས་ལེན་པའི་སྤོབས་པ་མེད། དེ་ཡང་སྤྱོད་འཇུག་གི་ཚིག་དེ་ནི་སྤྱོད་འཇུག་རྩོམ་པའི་སྐབས་ཀྱི་རྒྱ་གར་གྱི་ལོ་རྒྱུས་དང་འབྲེལ་བ་དམ་པོ་ཡོད། སྤྱོད་འཇུག་རྩོམ་པའི་སྐབས་སུ་རྒྱ་གར་ན་ཁྱོ་ཀ་ཤི་བའི་རྗེས་སུ། ཆུང་མ་ཡང་ཁོང་གི་ཕུང་པོ་དང་མཉམ་དུ་གསོན་བསྲེགས་བྱེད་པའམ། གསོན་སྦས་གཏོང་བའི་ལུགས་སྲོལ་ཡོད་པ། དེ་འདྲ་ཡིན་སོང་ཙང་། དེ་འདྲའི་འཇིག་རྟེན་བུད་མེད་ཅི་སྙེད་པ་དེ་དག་སྐྱེས་པ་ཉིད་གྱུར་ཅིག་ཅེས་སྨོན་པ་ཡིན་ལ། སྐབས་དེ་དུས་ཀྱི་རྒྱ་གར་གྱི་ལུགས་སྲོལ་ཁྱོ་བོ་ཤི་ཚེ་བུད་མེད་གསོན་སྲོག་བྱེད་པ་སོགས་ལ་ནང་ཆོས་ཀྱི་ལྟ་གྲུབ་ཐོག་ནས་དགག་པ་བྱས་པ་ཞིག་ཡིན་པ་ལས། སྤྱིར་བཏང་འཇིག་རྟེན་བུད་མེད་ཅི་སྙེད་པ།།དེ་དག་སྐྱེས་པ་ཉིད་གྱུར་ཅིག །ཅེས་བུད་མེད་ཀྱི་ལུས་རྟེན་སྤྱིའི་ཆ་ནས་སྨད་པ་ཞིག་ག་ལ་ཡིན་གསུངས།

དེའི་རྗེས་ཀྱི་རིག་གནས་དཔེ་ཁྲིད་ཡང་སྙན་ངག་མེ་ལོང་མ་རྩ་བའི་སྟེང་ནས་ཁྲིད་པའི་སྐབས་སུ། གལ་ཏེ་ཇོ་བོ་གཤེགས་ན་བཞུད།། ཅེས་འགོག་རྒྱན་སྐབས་ཀྱི་ཇོ་བོ་དང་། མེ་ལོང་མའི་སྐབས་གཞན་གྱི་ཇོ་བོ་གཉིས་བོད་ཡིག་ལ་འདྲ་ན་ཡང་དོན་མི་འདྲ་ལ། རྒྱ་གར་གྱི་བསྒྱུར་གཞི་ཚིག་ཀྱང་མི་འདྲ། དང་པོ་ནི་རང་གི་བུད་མེད་ཀྱི་ཁྱོ་བོ་ལ་འབོད་པའི་མིང་ཡིན་ལ། གཞན་པའི་སྐབས་སུ་རང་ལས་རྒན་པ་ལ་འབོད་པའི་མིང་ཡིན་པ། དེ་དག་གི་སྐད་དོད་མི་འདྲ་བ་གསུངས། ད་དུང་དཔེ་རྒྱན་མཚུངས་གསལ་སྐབས་ཀྱི་འདྲ་དང་། རབ་བཏགས་ཀྱི་རབ་རྟོགས་གསལ་བྱེད་སྐབས་ཀྱི་འདྲ་གཉིས་ཀྱང་ཡི་གེ་འདྲ་ན་ཡང་ནང་དོན་མི་འདྲ་བ། མཚུངས་གསལ་སྐབས་ཀྱི་འདྲ་ཡིས་ནི་དཔེ་དཔེ་ཅན་གཉིས་འདྲ་བ་ཙམ་སྟོན་ལ། རབ་རྟོགས་གསལ་བྱེད་ཀྱི་འདྲ་ཡིས་ནི། ཐེ་ཚོམ་འདྲེན་པ་སྟེ། ཡིན་པ་འདྲ་ལྟ་བུ་རེད་གསུངས་པ་སོགས། སྙན་ངག་ཁྲིད་པའི་སྐབས་ཀྱི་མིང་ཚིག་རེ་རེའི་ནང་དོན་གསལ་འགྲེལ་དང་དེའི་སྐད་དོད། དཔེ་བརྗོད། གཏམ་བརྒྱུད་བཅས་སྦྱར་ནས་གསུངས་པ་དེ་ཚོ། ཁ་གསལ་ཞིང་གོ་བདེ་བ་དང་ཡིད་ལ་འཇུས་བདེ་བ་སོགས་ཀྱི་ཁྱད་ཆོས་དང་ལྡན་པ་མང་པོ་ཡོད།

༣༽ ངས་འདི་ནས་རཀ་ར་རིན་པོ་ཆེའ་དགོངས་པ་རྫོགས་ནས་ལོ་གཅིག་འཁོར་བའི་དུས་དྲན་དུ་ས་བཅད་མ་སྟོང་བ་ཙམ་རང་གི་དྲན་ངོ་ན་ཡོད་པ་དག་བྲིས་པ་ཡིན། མ་གཞི་ནས་ཁོང་གིས་གནང་པའི་ཕྱག་བྲིས་དེ་ཚོ་ཡོད་ན་འདིར་རིམ་བཞིན་བཀོད་ན་ཆོག་ཀྱང་། གྲྭ་ཚང་དང་གྱེས་ནས་རྒྱུན་རིང་ཙམ་སོང་བས། ཡི་གེ་དེ་དག་ཡིད་ངོ་ན་མི་འདུག ཆ་ཚང་སྒོ་མང་རིག་གཞུང་ཚོགས་པའི་ཡིག་ཚང་ན་ཉར་ཚགས་བྱས་ཡོད་པ་རེད། སྙན་ངག་མེ་ལོང་དང་དཔག་བསམ་འཁྲི་ཤིང་གི་དཔེ་ཁྲིད་དྲེབ་ཐག་སྐབས་དེ་དུས་ང་རང་འབྲས་སྤུངས་ཀླུ་འབུམ་ཁམས་ཚན་འཕྲོད་བསྟེན་ཚོགས་པའི་དྲུང་ཡིག་ཡིན་དུས་ཉར་ཚགས་བྱས་ནས་དོ་སྣང་ཡོད་མཁན་རྣམས་ལ་གཡོར་རེས་དང་། འདྲ་བཤུས་ཕུལ་གྱི་ཡོད་པ་བཅས་སྒོ་མང་དགེ་བཤེས་བསོད་ནམས་ཡེ་ཤེས་ནས་གུས་པ་ཆེན་པོས་ཕུལ།། །།

རྩོམ་རིག

Post navigation

Previous Post: བཙན་བྱོལ་བོད་མིའི་དམངས་གཙོ།
Next Post: འདུག་ཨ།

Comments (36) on “སྒོ་མང་རཀ་ར་སྤྲུལ་སྐུ་དང་སྒོ་མང་ལྡུམ་ར་དུས་དེབ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-07-13 at 3:05 am

    བཀའ་དྲིན་རྗེས་དྲན་གྱི་ཆེད་རྩོམ་ཕུལ་འབྱུང་ཅིག་རེད་འདུག་སྙམ་ལགས།

  2. སངས་རྒྱས་ཚེ་རིང་། says:
    2013-07-13 at 3:20 am

    གྲོགས་པོ་བསོད་ནམས་ཡེ་ཤེས་ལགས་ནས་ཡག་པོ་ཞིག་བྲིས་གནང་འདུག

    དེ་རིང་གི་རྩོམ་འདི་བཀླགས་ནས། དེའི་ནང་གི་ཚན་པ་གཅིག་དེ་ཁ་སྔོན་ཁྱེད་རང་ནས་ཁ་བརྡའི་མཆན་ལ་སྤེལ་བ་དེ་རེད་འདུག་པས། གཞི་ནས་ཁ་བརྡའི་ནང་གི་མཆན་བུ་འདེབས་མཁན་སྨྱུག་མིང་ལ་༼གཞོན་ནུ་ཟླ་མེད་༽ཟེར་བ་དེ་ཡང་གྲོགས་པོ་ཁྱོད་ཡིན་པ་ཤེས། ཐུགས་རྗེ་ཆེ། ཁོང་ལ་རྗེས་དྲན་ཡག་པོ་ཞིག་གནང་འདུག

  3. ཀརྡོ་གཉེར་ཕྱག་པ་ says:
    2013-07-13 at 4:22 am

    ༼གཞོན་ནུ་ཟླ་མེད་༽ཟེར་བ་དེ་ཡང་གྲོགས་པོ་ཁྱོད་ཡིན་པ་ཤེས། ་་་་་ཟེར།

  4. བསྟན་འཛིན says:
    2013-07-13 at 8:58 am

    ལོ་མང་པོའི་རྗེས་སུ་ཁྱེད་ཀྱི་མཚན་ཐོས་བའི་ཧ་ཅང་དགའ།གཞོན་ནུའི་མིང་ཅན་དེ་ཁྱེད་སྤུན་འདྲ་བ་གསུམ་ལས་གཅིག་ཡིན་ས་རེད་བསམ་པའི་དོག་པ་ང་ལ་སྔོན་མ་ནས་ཡོད།ཕལ་ཆེར་ཁྱེད་ཀྱིས་ང་སུ་ཡིན་མིན་མགྱོགས་པོར་དྲན་འདོག་ཁ་བོ་མ་རེད།༡༩༩༣/༠༦/པའི་ནང་ཁྱེད་ཀྱིས་ང་ལ་བསྐུར་བའི་འཕྲིན་ཡིག་ཞིག་ངའི་ལག་ཏུ་ད་དུང་འདུག་པས།དེ་ལས་དྲན་སོའི་ཆེད་དུ་ཚིག་ཁ་ཤས་འདིར་བཀོད་ན། ཕྱི་ཐག་རིང་བའི་གྲོགས་་་་་ལ་གུས་ཞུ།བདེ་འམ།བདག་ཀྱང་སྐྱིད།ལོ་འཁོར་རྒྱུགས་སྤྲོད་ཀྱི་སྐབས་ཡིན་པས་ཅུང་ཟད་འཚུབ་ཆ་ཆེ།ཁྱེད་ཀྱི་ཕྱག་ཡིག་རྒྱུགས་ཤོག་བཅས་འབྱོར་བས་སྤྲོ་བས་བརྟས།རྗེས་སུ་ཡང་ས་དེའི་གནས་ཚུལ་་་་་་།ཁོའང་སྐྱིད་པོ་རེད།བདེ་བར་སྨོན།འདིའི་རྗེས་སུ་ཚིག་བཅད་ཁ་ཤས་ཞིག་ཡོད་པ་སྙན་པ་ལ་ཚོད་ཅིག་མེད།

  5. གནམ says:
    2013-07-13 at 9:29 am

    གཞོན་ནུ་ཟླ་མེད་འདི་འབྲོག་རྒན་རྟོག་ལྡན་པ་ཞིག་ཡིན་ས་རེད་བསམ་ནས་བསྡད་ཡོད། ད་ཡིན་ན་དགེ་བཤེས་རྟོག་ལྡན་པ་ཞིག་ཡིན་འདུག། གང་ལྟར་ཁོང་གི་མཆན་རྩོམ་གང་ཡོད་ལ་ཐེས་ཀློག་རེ་བྱེད་པར་སྤྲོ་བ་ཡོད།
    མཚམས་རེར་ཁ་ངན་གྱི་ཁ་འགུལ་ནས་མཆན་ངན་འདྲ་བཏབ་ནས་དགེ་བཤེས་ལ་ཐུགས་དཀྲུག་རེ་ཕོག་ཡོད་ན་དགོངས་དག་ཞུ། ཧ་ཧ།

  6. བློ་རྡོ་། says:
    2013-07-13 at 9:53 am

    དཔའ་ཤོད་རཀ་ར་སྤྲུལ་སྐུ་།ཧཧཧ

  7. བསྟན་འཛིན says:
    2013-07-13 at 10:17 am

    མང་པོས་ཁོོང་གི་མཚན་ལ་དོ་སྣང་བྱེད་བཞིན་པ་རེད་འདུག་ག ཁོང་གི་མཚན་འདི་ད་བར་ཁ་བརྡའི་ནང་མཐོང་ཆེ་ཙམ་ཡོད་པས་རེད།

  8. ཐུ་བ་རྒྱ་མཚོ། says:
    2013-07-13 at 10:27 am

    ཨ་ལེ། གཞོན་ནུ་ཟླ་མེད་ཟེར་པ་དེ་གདན་ས་སྒོ་མང་གི་དགེ་བཤེས་ཤིག་རེད་པས། ངའི་སེམས་ལ་ཕོ་གསར་རྐྱ་སྟོང་ཁ་རྒོད་ཅིག་རེད་བསམ་ནས་བསྡད་ཡོད། ཧཧཧ གང་ལྟར་ཧྲ་གི ཧྲ་གི

    ལོ་གཉིས་གསུམ་གྱི་གོང་ལ་མཆན་བུ་མང་ཙམ་སྤེལ་མཁན་ཞིག་ཡིན་ཡང་། བར་སྐབས་ཤིག་ནས་རིག་རྒྱུ་གོ་རྒྱུ་ཇེ་ཉུང་ལ་ཕྱིན་སོང་། ད་རེས་རྩོམ་ཡག་པོ་ཅིག་བྲིས་འདུག དགའ་བསུ་ཞུ།

  9. བན་དེ་བ། says:
    2013-07-13 at 12:52 pm

    ཨ་ལས་གཞོན་ནུ་ཟླ་མེད་ཟེར་བ་སྨྱུག་མིང་ཅན་དེ་དགེ་བཤེས་ཁོང་ཡིན་པ་འདྲ་་་་་དེ་ཡིན་ན་ངན་པ་བྱས་ཏེ་འཇུས་སོང།
    སངས་རྒྱས་ཚེ་རིང་ལགས་ཐུགས་རྗེ་ཆེ། ངས་གཞོན་ནུ་ཟླ་མེད་ཟེར་བ་དྷ་སར་གནས་སྡོད་སྐྲ་རིང་ཅན་ཞིག་མིན་ནམ་བསམ་པ་ཡོད། གང་ལྟར་སྔོན་མ་ཡིན་ན་གཞོན་ནུ་ཟླ་མེད་ཟེར་བ་ཁ་བརྡར་མཆན་བུ་མང་ཙམ་འདེབ་མཁན་ཞིག་དང་ཆོས་ལུགས་ཀྱི་རུ་དྲའང་ཆེ་ཙམ་ཡོད་མཁན་ཞིག་ཡིན་ཅིང། ཁོས་བཏབ་པའི་མཆན་བུའི་ནང་དུ་ལྷག་པར་དུ་མེས་པོའི་ཆོས་རིག་ལ་ཐུགས་སྣང་མི་འགྲོ་མཁན་ཞིག་རེད། སྐབས་དེ་ཤེད་དུ་་་་ལ་སྟོད་བུ་ཟེར་བ་དང་འབྲོང་རྒོད་ཟེར་བ་ཨ་ནུ་ཐང་བསོད་ནམས་ཟེར་བ་དང་གཞོན་ནུ་ཟླ་མེད་ཟེར་བ་ཁ་ཤས་ཞིག་འོན་ཀྱང་རྗེས་སུ་རིམ་གྱིས་ཡལ་སོང། འོན་ཀྱང་ད་ལྟ་གཞོན་ནུ་ཟླ་མེད་དང་ཨ་ནུ་ཐང་བསོད་ནམས་འབུར་ཙམ་བྱས་ཏེ་ཡོང་བ་ལས་གཞན་རྣམས་གོ་ཐོས་མེད་པར་གྱུར་སོང། ད་བྱེད་དུས་ངས་གཞོན་ནུ་ཟླ་མེད་ཀྱིས་སྔར་མཆན་བཏབ་པ་དེ་ཚོར་ཅུང་དྲན་གསོ་ཞིག་བྱེད་དགོས་པར་མཐོང།

  10. བན་དེ་བ། says:
    2013-07-13 at 1:07 pm

    ༼༡༽ ལྡུམ་ར་དུས་དེབ་འགོ་འཛུགས་སྟངས་དང་རིན་པོ་ཆེ་ལ་འབྲེལ་བ་བྱུང་ཚུལ།
    ལྡུམ་ར་དུས་དེབ་ནི་ཕྱི་ལོ་༡༩༩༤ ཙམ་ལ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ངོས་ནས་གསར་དུ་རྩོམ་སྒྲིག་བྱས་པའི་དུས་དེབ་ཅིག་ཡིན།༽

    ༼དྲི་བ་དང་པོ་དུས་དེབ་དེའི་བརྗོད་བྱ་ཅི་འདྲ་ཡིན་མིན་སྐོར་ལ་རེད། སྐབས་དེར་བཙན་བྱོལ་ནང་ན་སྟོན་དུ་རི་བའི་དུས་དེབ་ལྗང་ལྗོན་མ་གཏོགས་མེད་པས་དེ་དང་།༽
    དགེ་བཤེས་བསོད་ནམས་ཡེ་ཤེས་ལགས་ཅུང་གཟིགས་རྒྱ་ཆུང་འདུག
    ༼བོན་སྒོ༽ཞེས་པའི་དུས་དེབ་དེ་་་་1987 ལོར་གསར་དུ་འགྲེམས་སྤེལ་བྱས་འདུག

  11. གང་བ་བཟང་པོ་ says:
    2013-07-13 at 3:03 pm

    དེ་མ་ཡིན་པ་ཁོང་ལ་སྨྱུག་མིང་གཞན་ཡང་ཡོད་པ་ཤེས་པར་གྱིས།

  12. སྲིན་པོ་རྫ་རྒན། says:
    2013-07-13 at 3:31 pm

    ཁ་བརྡའི་མཆན་འདེབས་པ་གཞོན་ནུ་ཟླ་མེད་ཀྱིས་ད་རེས་ཀྱི་རྩོམ་འདི་སྒོ་མང་དགེ་བཤེས་བསོད་ནམས་ཡེ་ཤེས་ཞེས་རང་མིང་དངོས་ཀྱིས་བྲིས་གནང་བ་ཡག་པོ་རེད། དེར་ཁ་ཤས་ནས་ཁོང་ཁ་བརྡའི་ནང་མཆན་འདེབས་མཁན་གཞོན་ནུ་ཟླ་མེད་རེད་ཅེས་ཡ་མཚན་མདོག་བྱེད་ཀྱི་འདུག་ནའང་། དེ་ནི་ཁོང་གི་རང་དབང་ཞིག་ལས་སྐྱོན་ཆ་ཞིག་ཨ་ཡིན་ནམ།

    ཁོང་གིས་ཁ་བརྡའི་ནང་ལ་མཆན་དུ་སྤེལ་བ་དང་ད་རེས་ཀྱི་རྩོམ་གཉིས་གཅིག་མཚུངས་སུ་སྤེལ་སྟབས། ཁོང་ངོ་ཐག་ཆོད་པ་ཙམ་རེད། དེ་སྐྱོན་ཞིག་མ་རེད།

    ཁ་བརྡའི་ནང་སྤེལ་བའི་མཆན་དེ་ནི་སྦྲལ་ཐག་འདི་ན་ཡོད་པ་དེ་ཟེར་གྱི་ཡོད་པ་འདྲ། སྦྲེལ་ཐག་ http://www.khabdha.org/?p=49692 འདི་ན་འདུག

    ༩༽ གཞོན་ནུ་ཟླ་མེད་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༠ གི་ཆུ་ཚོད་ ༠ སྐར་མ་ ༤༡

    ཁོང་གི་གསུངས་གླེང་ཁྲོད་བརྗེད་དུ་མེད་པ་གཅིག་ནི། ཨ་མྱེས་རྨ་ཆེན་གྱིས་སྐོང་བའི་ཚོགས་འདུ་སྟེང་དུ། བུད་མེད་ཀྱི་ཐོབ་ཐང་ཅེས་པའི་བརྗོད་གཞི་ཐོག་གསུང་གླེང་གཅིག་སྟེ། དེ་ཡང་ཐོག་མར་གདོང་ཐོག་རིན་པོ་ཆེ་ནས་གསུང་དོན། བོད་ལ་བུད་མེད་ཀྱི་ཐོབ་ཐང་སྐོར་ལ་ང་ཚོ་ཆོས་ཕྱོགས་ནས་ཀྱང་འགྲིག་མེད། དེ་ཡང་སྤྱོད་འཇུག་ལས། འཇིག་རྟེན་བུད་མེད་ཅི་སྙེད་པ།། དེ་དག་སྐྱེས་པ་ཉིད་གྱུར་ཅིག། གསུངས་འདུག་ཀ་ཟེར་ནས་གཏམ་མཇུག་རྫོགས་པ་དང་། རཀ་ར་རིན་པོ་ཆེ་བཞེངས་ནས། ང་ལ་རིན་པོ་ཆེས་གསུངས་པ་ནང་བཞིན་ཁས་ལེན་པའི་སྤོབས་པ་མེད། དེ་ཡང་སྤྱོད་འཇུག་གི་ཚིག་དེ་ནི་སྤྱོད་འཇུག་རྩོམ་པའི་སྐབས་ཀྱི་རྒྱ་གར་གྱི་ལོ་རྒྱུས་དང་འབྲེལ་བ་དམ་པོ་ཡོད། སྤྱོད་འཇུག་རྩོམ་པའི་སྐབས་སུ་རྒྱ་གར་ན་ཁྱོ་ཀ་ཤི་བའི་རྗེས་སུ། ཆུང་མ་ཡང་ཁོང་གི་ཕུང་པོ་དང་མཉམ་དུ་གསོན་བསྲེགས་བྱེད་པའམ། གསོན་སྦས་གཏོང་བའི་ལུགས་སྲོལ་ཡོད་པ། དེ་འདྲ་ཡིན་སོང་ཙང་། དེ་འདྲའི་འཇིག་རྟེན་བུད་མེད་ཅི་སྙེད་པ་དེ་དག་སྐྱེས་པ་ཉིད་གྱུར་ཅིག་ཅེས་སྨོན་པ་ཡིན་ལ། སྐབས་དེ་དུས་གྱི་ལུགས་སྲོལ་ལ་ནང་ཆོས་ཀྱི་ལྟ་གྲུབ་ཐོག་ནས་དགག་པ་བྱས་པ་ཞིག་ཡིན་པ་ལས། སྤྱི་བཏང་འཇིག་རྟེན་བུད་མེད་ཅི་སྙེད་པ་དེ་དག་སྐྱེས་པ་ཉིད་གྱུར་ཅིག་ཅེས་བུད་མེད་ཀྱི་ལུས་རྟེན་སྤྱིའི་ཆ་ནས་སྨད་པ་ཞིག་ག་ལ་ཡིན་གསུངས།
    ཡང་སྙན་ངག་མེ་ལོང་མ་ཁྲིད་པའི་སྐབས་སུ། གལ་ཏེ་ཇོ་བོ་གཤེགས་ན་བཞུད།། ཅེས་འགོག་རྒྱན་སྐབས་ཀྱི་ཇོ་བོ་དང་། མེ་ལོང་མའི་སྐབས་གཞན་གྱི་ཇོ་བོ་གཉིས་བོད་ཡིག་ལ་འདྲ་ན་ཡང་དོན་མི་འདྲ་ལ། རྒྱ་གར་གྱི་བསྒྱུར་གཞི་ཚིག་ཀྱང་མི་འདྲ། དང་པོ་ནི་རང་གི་བུད་མེད་ཀྱི་ཁྱོ་བོ་ལ་འབོད་པའི་མིང་ཡིན་ལ། གཞན་པའི་སྐབས་སུ་རང་ལ་རྒན་པ་ལ་འབོད་པའི་མིང་ཡིན་པ། དེ་དག་གི་སྐད་དོད་མི་འདྲ་བ་གསུངས། ད་དུང་དཔེ་རྒྱན་མཚུངས་གསལ་སྐབས་ཀྱི་འདྲ་དང་། རབ་བཏགས་ཀྱི་རབ་རྟོགས་གསལ་བྱེད་སྐབས་ཀྱི་འདྲ་གཉིས་ཀྱང་ཡི་གེ་འདྲ་ན་ཡང་ནང་དོན་མི་འདྲ་བ། མཚུངས་གསལ་སྐབས་ཀྱི་འདྲ་ཡིས་ནི་དཔེ་དཔེ་ཅན་གཉིས་འདྲ་བ་ཙམ་སྟོན་ལ། རབ་རྟོགས་གསལ་བྱེད་ཀྱི་འདྲ་ཡིས་ནི། ཐེ་ཚོམ་འདྲེན་པ་སྟེ། ཡིན་པ་འདྲ་ལྟ་བུ་རེད་གསུངས་པ་སོགས། སྙན་ངག་ཁྲིད་པའི་སྐབས་ཀྱི་མིང་ཚིག་རེ་རེའི་ནང་དོན་གསལ་འགྲེལ་དང་དེའི་སྐད་དོད། དཔེ་བརྗོད། གཏམ་བརྒྱུད་བཅས་སྦྱར་ནས་གསུངས་པ་དེ་ཚོ། ཁ་གསལ་ཞིང་གོ་བདེ་པ་དང་ཡིད་ལ་འཇུས་བདེ་བ་སོགས་ཀྱི་ཁྱད་ཆོས་དང་ལྡན་པ་མང་པོ་ཡོད།
    ངས་རེ་བ་ཞུ་རྒྱུ་ཞིག་ལ། ཁོང་གིས་ཁྲིད་པའི་སྙན་ངག་མེ་ལོང་མ་དང་དཔག་བསམ་འཁྲི་ཤིང་སོགས་དཔེ་ཁྲིད་ཀྱི་སྐོར་དེ་དག་འོད་སྡེར་བཟོས་ནས་དཔེ་མཛོད་ཁག་ལ་འཇོག་ཐུབ་ན་ཡག་པོ་རེད་བསམ་གི།

    ༡༠༽ གཞོན་ནུ་ཟླ་མེད་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༠ གི་ཆུ་ཚོད་ ༠ སྐར་མ་ ༥༣

    ད་དུང་ཁོང་གི་གསུངས་རྩོམ་ཁྲོད་ནས་ཀློག་ཟིན་པ་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་འགྲོས་ལྟར་རྗེ་རིན་པོ་ཆེ་བླ་མ་ཙོང་ཁ་བའི་རྟོགས་བརྗོད་ཅིག་ཡོད་པ་སྔ་རྗེས་སུ་ ༼ལྡུམ་ར༽དུས་དེབ་སྟེང་ཆ་ཚང་བཀོད་ཡོད་པ་དེ་དང་། བརྡ་སྤྲོད་བའི་གཞུང་ལ་གནས་བརྒྱད་ཀྱི་སྐོར། སྙན་ངག་གི་སྐོར་ལ་སྤྲིན་གྱི་ཕོ་ཉའི་འགྲེལ་བ་བཅས་ནི་ང་རང་དགའ་ཤོས་དེ་རེད།

    གོང་གི་འདི་གཉིས་ལས་ད་རེས་ཁོང་གཞོན་ནུ་ཟླ་མེད་ཡིན་པ་ངོ་ཤེས་སོང་བ་འདྲ།

  13. གཞོན་ནུ་ཟླ་མེད། says:
    2013-07-13 at 6:34 pm

    ཡ། ད་ཐེངས་དགེ་བཤེས་བསོད་ནམས་ཡེ་ཤེས་ལགས་ཀྱིས་ངའི་མཆན་རྐུ་མ་བརྒྱབ་ནས་ཁོང་གི་རྩོམ་ཡིག་ཁོངས་སུ་བཅུག་པས། མི་ཚང་མ་ཁ་ཕྱོགས་གཅིག་ལ་འཆོར་འདུག དགེ་བཤེས་རྐུ་མ་ཟེར་ནི་ཁྱོད་ཡིན་ས་རེད་ཡ། མི་ཚང་མ་ཡང་འཐོམ་བཅུག་འདུག

  14. BONPO says:
    2013-07-13 at 7:01 pm

    གཞོན་ནུ་ཟླ་མེད་ལགས་ཀྱང་དགེ་བཤེས་ཅིག་ནི་ཡིན་ས་རེད། ཁ་སྔོན་མཆན་ཞིག་ནང་་དོ་བི་དགེ་བཤེས་་་ཡིན་ནམ་གཅིག་གསུངས་སོང་། མཆན་དེ་ད་རྙེད་ཀྱི་མི་འདུག། །

  15. གཞོན་ནུ་ཟླ་མེད། says:
    2013-07-13 at 7:07 pm

    bonbo ལགས་ཀྱང་འཐོམ་འདུག ཁ་སྔོན་གྱི་དེའི་མིང་ལ་དོ་རྒྱ་དགེ་སློང་ཟེར་གི་འདུག ཝ་ཤིང་ཀྲོན་གྱི་དུས་དབང་སྐབས་ཀྱི་ཟིན་ཐོ་ཞིག་བྲིས་འདུག སྐབས་དེའི་མཆན་ལ་ངས་ཁོང་ལ་ཁ་བསབ་ཅུང་ཟད་བྱས་པས་ཡང་ཁྱོད་འགོ་འཐོམ་ནས་ངེད་གཉིས་གཅིག་ཏུ་འཁྲུལ་བ་ཡིན་ས་རེད།

  16. གཞོན་ནུ་ཟླ་མེད། says:
    2013-07-13 at 7:14 pm

    བོན་པོ་ནས་བཤད་པའི་དོ་རྒྱ་དགེ་སློང་གི་ཟིན་བྲིས་དེ་འདི་ན་འདུག http://www.khabdha.org/?p=20780འདི་ལ་རྟེན་ནས་གཅིག་ཏུ་འཁྲུལ་བ་མིན་འགྲོ

  17. BONPO says:
    2013-07-13 at 7:44 pm

    འོ་ད་ཡིན་ན་འཐོམ་སོང་འདུག། གསལ་བར་གསུངས་པར་དཀའ་དྲིན་ཆེ། འཐོམ་ནོར་བྱུང་བར་དགོངས་སེལ་ཞུ། །

  18. ཀརྡོ་གཉེར་ཕྱག་པ་ says:
    2013-07-13 at 11:29 pm

    ༡༣༽ གཞོན་ནུ་ཟླ་མེད་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༣ གི་ཆུ་ཚོད་ ༡༨ སྐར་མ་ ༣༤
    ཡ། ད་ཐེངས་དགེ་བཤེས་བསོད་ནམས་ཡེ་ཤེས་ལགས་ཀྱིས་ངའི་མཆན་རྐུ་མ་བརྒྱབ་ནས་ཁོང་གི་རྩོམ་ཡིག་ཁོངས་སུ་བཅུག་པས། མི་ཚང་མ་ཁ་ཕྱོགས་གཅིག་ལ་འཆོར་འདུག དགེ་བཤེས་རྐུ་མ་ཟེར་ནི་ཁྱོད་ཡིན་ས་རེད་ཡ། མི་ཚང་མ་ཡང་འཐོམ་བཅུག་འདུག ་་་་་ཟེར་བ་འདིས་ང་ཡང་འཐོམ་དུ་བཅུག་སོང་ངོ་།།

  19. སྲིན་པོ་རྫ་རྒན། says:
    2013-07-14 at 2:02 am

    ཁ་བརྡའི་ནང་གི་མི་མང་ཤོས་ང་དང་འདྲ་བའི་སྨྱུག་མིང་བེད་སྤྱོད་བྱེད་མཁན་རེད། ཨ་ག་བསོད་ནམས་ཡེ་ཤེས་ཡང་དེ་བཞིན་རེད། གཞོན་ནུ་ཟླ་མེད་དེ་ཁོང་གིས་རང་ཉིད་ལ་ཡོད་པའི་མི་ནག་སྐྱ་བོའི་སེམས་ཁམས་འབྲི་བྱེད་དུ་བེད་སྤྱོད་གནང་གི་ཡོད་པའི་སྨྱུག་མིང་རེད། ང་ཁོང་གི་འབྲི་སྟངས་ལ་དགའ་བོ་ཡོད།

    ཨ་ག་བསོད་ནམས་ཡེ་ཤེས་ལགས། དངོས་མིང་སྨྱུག་མིང་གང་ཡིན་ན་ཡིན། མུ་མཐུད་ནས་འབྲི་རོགས།

    གཅན་ཚ་བ་སྲིན་པོ་རྫ་རྒན་ནས།

  20. ལྷ་སྒང་ཆོས་གྲགས། says:
    2013-07-14 at 3:24 am

    གཞོན་ནུ་ཟླ་མེད་ཀྱི་མཆན་བལྟས་བལྟས་རིག་རིག་ལ་བརྐུས་འདུག ཁོང་གཞོན་ནུ་ཟླ་མེད་མ་རེད། ང་ལ་དཔང་རྟགས་ཡོད། ཡིན ནའང་། ཤོད་རྒྱ་མིན་ལོ་་་་་་་།

  21. བསྟན་འཛིན says:
    2013-07-14 at 5:05 am

    ་་་་་ལ་དེ་འདྲའི་འཐོམ་སོང་ངེ།

  22. བསྟན་འཛིན says:
    2013-07-14 at 5:15 am

    ཤེས་རབ་དར་རྒྱས་ལ་ཐེངས་ཁ་ཤས་ཁ་པར་བཏང་མྱོང།ཁྱོད་དེ་འདྲའི་འཐོམ་བཅུག་འདོད་ང་ལ་འདུག ཕལ་ཆེར་ཁྱེད་ཀྱིས་ང་ཡི་གེ་བསྐུར་དུས།ང་སྨན་རྩིས་ཁང་ལ་ཡོད་སྐབས་ཞིག་ཡིན་པ་ཡོད།

  23. ཀརྡོ་གཉེར་ཕྱག་པ་ says:
    2013-07-14 at 7:10 am

    ་་་་ ཨ་ག་བསོད་ནམས་ཡེ་ཤེས་ཡང་དེ་བཞིན་རེད། གཞོན་ནུ་ཟླ་མེད་དེ་ཁོང་གིས་རང་ཉིད་ལ་ཡོད་པའི་མི་ནག་སྐྱ་བོའི་སེམས་ཁམས་འབྲི་བྱེད་དུ་བེད་སྤྱོད་གནང་གི་ཡོད་པའི་སྨྱུག་མིང་རེད། ་་་ཟེར།

  24. དཔལ་བཟང་། says:
    2013-07-15 at 1:24 pm

    དེང་སང་མཁས་པ་མང་པོ་ཡོད་པ་རེད། མིང་ཡང་མང་པོ་ཡོད་པ་རེད། སྒོ་མང་དགེ་བཤེས་བསོད་ནམས་ཡེ་ཤེས། གཞོན་ནུ་ཟླ་མེད། དོ་རྒྱ་དགེ་སློང་། འདི་ཚང་མ་དོན་གཅིག་མིང་གི་རྣམ་གྲངས་རེད། དྲ་རྒྱ་འདིའི་ནང་ན། བསོད་ནམས་ཡེ་ཤེས་ཀྱི་རྩོམ་རྩལ་དེ་ཁ་མིག་ཡར་ལྟ་བྱེད་སའི་གྲས་རེད། མི་དགའ་ནི་ཚོ་སྡུག་གྱོང་རེད།

  25. ཀརྡོ་གཉེར་ཕྱག་པ་ says:
    2013-07-15 at 1:41 pm

    སྒོ་མང་དགེ་བཤེས་བསོད་ནམས་ཡེ་ཤེས། གཞོན་ནུ་ཟླ་མེད། དོ་རྒྱ་དགེ་སློང་། འདི་ཚང་མ་དོན་གཅིག་མིང་གི་རྣམ་གྲངས་རེད། ་་་་ཟེར།

  26. འདྲེ་རྐང་ཐོ། says:
    2013-07-15 at 7:33 pm

    འདིའི་ནང་གི་གཞོན་ནུ་ཟླ་མེད་སྟུ་མཇེའི་སྐོར་ལ་མཁས་པ་ཡོད་པ་དེ་ནི་་་་ཨ་རི་ན་ཡོད་ནི་རེད་་་་གོང་གི་བླ་རྒན་དེ་མ་རེད་དོ་་་་

  27. གཞོན་ནུ་ཟླ་མེད། says:
    2013-07-15 at 8:00 pm

    འདྲེ་རྐང་ཏོ་ནས་བཤད་པ་དེ་བཞིན་རེད་ད། སྟུ་མཇེ་སྐོར་གྱི་གཞོན་ནུ་ཟླ་མེད་དེ་འདི་ན་འདུག

    ཁ་སང་དེ་རིང་ཞིག་ལ།།
    རླུག་པར་ཟ་འཕྲུག་ལངས་འགུ།
    རྒྱ་གར་རླུག་ཤིག་ཀོར་མོ།།
    ཨ་རི་ཡུལ་ལ་སླེབས་འདྲ།།
    ཡག་ཐག་ངན་ཐག་མ་ཆོད།།
    གྲོགས་པོ་རྣམས་ལ་དྲིས་ཡིན།།
    གད་མོ་དགོད་རྒྱུ་ཙམ་ལས།།
    གནད་ལ་འཁེལ་བ་མ་བྱུང་།།

    ཁ་སང་དེ་རིང་ཞིག་ལ།།
    མཇེ་ཀོག་ཡང་ཡང་ལངས་འགུ།
    གདོན་འདྲེ་ཞུགས་པ་ཡིན་ནམ།།
    སྨན་པ་ཞིག་ལ་དྲིས་ཡིན།།
    སྨན་པས་རྒྱང་ཤེལ་བཙུགས་ནས།།
    འདོམ་ལ་ཡང་ཡང་བལྟ་གི།
    ནམ་མཁའི་ཉི་ཟླ་གཉིས་ཀ།
    བདག་གི་འདོམ་ལ་སླེབས་འདྲ།།
    ནད་གཡོག་མཛེས་མ་ཞིག་གིས།།
    རྡོ་རྗེ་སྐེ་བཟུང་བྱེད་ཀི།
    སྟག་མོ་ངར་མ་ཞིག་གིས།།
    རི་དྭགས་སྐེ་ནས་འཇུ་འདྲ།།
    ཁྲག་གི་འཁོར་ཕྱོགས་བལྟས་ན།།
    གཟུགས་གཞི་ཐང་ཐང་ཆགས་པས།།
    good news ཟེར་ཀི།

    གསར་འགྱུར་ཡག་པོ་དེ་འདྲ།།
    བུ་མོ་ཞིག་ལ་བཤད་ཡིན།།
    བུ་མོས་འཕྱ་རྒོད་བྱས་ནས།།
    སྐད་ཆ་འདི་འདྲ་གསུངས་སོང་།།
    དགེ་སྦྱོང་མགོ་རེག་ཞིག་ལ།།
    ཅ་ལག་ཡག་པོ་ཡོད་རུང་།།
    གཅིན་པ་གཏོང་བྱེད་ཙམ་ལས།།
    བེད་སྤྱོད་མེད་པ་རེད་ཟེར།།

  28. གཞོན་ནུ་ཟླ་མེད། says:
    2013-07-15 at 8:26 pm

    གོང་གི་དཔྱད་མཆན་པ་ཚང་མས་རྩོམ་ཡིག་སྐོར་ནས་དཔྱད་མཆན་གནང་མི་འདུག ཁ་སང་དེ་རིང་མི་མང་པོ་ཞིག་གིས་རཀ་ར་རིན་པོ་ཆེ་ལ་སྤྲུལ་སྐུ་བྱེད་པའི་འདོད་མོས་མེད་ཀྱང་༸གོང་ནས་བཙན་གྱིས་གནང་བའི་བཀའ་ལྡོག་པ་ཡིན་ལུགས་བྲིས་ཡོང་གི་ཡོད་པ་རེད། གོང་གི་རྩོམ་ཡིག་འདིའི་ནང་དུ་དེ་འདྲ་མི་གསལ་བར། གལ་སྲིད་ཁོང་རང་ལ་འདོད་མོས་མེད་ཚེ་རང་དབང་གིས་དགོངས་པ་ཞུ་ལུགས་ཀྱི་ལོ་རྒྱུས་བྲིས་ཡོང་གི་འདུག དཔེར་ན་གོང་གི་མ་རྩོམ་ལས་༼སྐབས་དེ་ཤེད་ཅིག་ནས་གཞུང་ས་མཆོག་ནས་རཀ་ར་རིན་པོ་ཆེ་ཆབ་མདོར་ལྗགས་ལུང་གནང་བར་ཕེབས་དགོས་ཀྱི་བཀའ་ཡིག་ཕེབས་ཤིང་། བཀའ་དགོངས་མི་ཞུ་ཐབས་མེད་དང་། སྐབས་དེར་རྒྱ་ཕྱོགས་ཀྱི་བྱེད་བབ་ལ་དུས་བདེ་ཡོང་མིན་ཤོད་ཚུལ་མང་རྐྱེན། གནས་སྐབས་འགྱང་ཐབས་ལྟ་བུར་ཆབ་མདོར་གཞུང་ལམ་བརྒྱུད་འགྲོ་ན་རྟ་དྲེལ་དང་། མི་སེར་ལ་བརྡབ་གསིགས་ཧ་ཅང་ཆེ་བར་སོང་། རྒྱ་གར་བརྒྱུད་ཆུ་ཐོག་ནས་ཆབ་མདོར་སྐྱོད་ཆོག་ཡོང་བའི་སྙན་ཞུ་ཕུལ་བར་བཀའ་ཁྲོལ་བྱུང་སྟེ། རྒྱ་གར་དུ་ཕེབས་བཞུགས་ཀྱིས་དུས་བདེ་བྱུང་ན་ཆབ་མདོར་ཕེབས་འཆར་ཐོག་བཞུགས་མུར་དུས་འགྱུར་བྱུང་།༽ འདི་རེད།

  29. གཞོན་ནུ་ཟླ་མེད། says:
    2013-07-15 at 8:29 pm

    བཀའ་མ་ལྡོག་པ་ཟེར་ནས་བཅོས།

  30. གནམ says:
    2013-07-15 at 10:25 pm

    ལངས་འགུ། ཟེར་བ་དེ་འདྲ་གཞོན་ནུ་ཟླ་མེད་ཀྱིས་མི་འབྲི། འདི་ཁོ་མ་རེད། ལངས་ནི་འདུས་དོན་རེད། ལངས་སོང། ལངས་ཐལ། ལངས་ཡོད། ལངས་ཚར། ལངས་བཞག་ཐལ། ད་ལྟའི་ཆ་ལ་ད་ལྟ་དང་དེ་རིང་ཁ་སང་། ལང་གི། ལང་གིན་འདུག། ཟེར་དགོས་བ་ལས། འགུ་ནི་ཨམ་སྐད། ཁམས་སྐད། དབུས་སྐད། ཆོས་སྐད། བོད་ས་ག་གེ་མོ་བ་སུ་ཞིག་གིས་དེ་ལྟར་མི་ཀློག་གོ། Lang ghu ཟེར་ན་སྒྲ་ཡིག་གང་གི་ཆ་ནས་ནོར་བ་རེད་དོ།

  31. གནམ says:
    2013-07-16 at 2:03 am

    ལངས་ནི་འདས་དོན་རེད་ལ་བཅོས།

  32. བསྟན་འཛིན says:
    2013-07-16 at 6:55 am

    ་་་་་ལ་འཐོམ་སངས་ཡོད་མེད་ཀྱི་ལན་ཞིག་པ་མཁྱེན།

  33. བསྟན་འཛིན says:
    2013-07-16 at 6:58 am

    པ་ཡི་སྔོན་ལ་ཡོད་ཆད་འདུག

  34. བསྟན་འཛིན says:
    2013-07-17 at 4:05 am

    ང་ལ་དགེ་བཤེས་བསོད་ནམས་ཡེ་ཤེས་ཀྱིས་ལན་ཞིག་གསུངས་རོགས།ང་ངོ་ཤེས་ཡོད་ད་མེད།

  35. མིག་བརྒྱད་པ། says:
    2013-07-18 at 11:50 am

    ལྡུམ་ར་ནི་རྩྭ་ལྡུམ་གྱིས་ཁེངས་བའི་དུས་དེབ་ཅིག་ལ་ངོས་འཛིན་བྱས་སྟབས་རྒྱུན་འཁྱོངས་མ་ཐུབ་པ་འདྲ། ཡིན་ཡང་དེ་འདྲ་མ་རེད།

  36. མིག་བརྒྱད་པ། says:
    2013-07-18 at 12:06 pm

    དགེ་བཤེས་བསོད་ནམས་ཡེ་ཤེས་སམ་གཞོན་ནུ་ཟླ་མེད་ལགས་ཀྱིས་ལྡུམ་ར་དང་འབྲེལ་བའི་རག་རའི་གནས་ཚུལ་བཀོད་པ་ནི་ཧ་ཅང་དགའ་བོ་བྱུང་ལ་དྲན་ངོགས་ན་དེ་འདྲ་མང་པོ་ཞིག་ཡོད་པ་ཧ་ལས་པ་རེད། ལྡུམ་ར་དང་ཤཱཀྱའི་འོད་སྣང་གཉིས་སྒོ་བརྒྱབ་ཚར་བ་རེད། ད་དུང་རིག་གཞུང་ཚོགས་པ་ནས་སློབ་ཕྲུག་རྣམས་ཀྱི་ཆེད་དུ་སློབ་ཕྲུག་རང་གིས་བྲིས་པའི་སློབ་གྲྭའི་དཔལ་ཡོན་ཞེས་པའི་དུས་དེབ་ཅིག་ལོ་བསྟུད་མར་འདོན་བཞིན་པ་རེད། དབུས་ལམ་ཕྲ་མོ་ཞེས་པའི་དེབ་གཅིག་ཀྱང་བཏོན་འདུག་མོད། འདི་འདྲའི་དུས་དེབ་འདོན་སྤེལ་བྱེད་པ་ལ་རྒྱབ་སྐྱོར་རོགས་རམ་བྱེད་མཁན་དགོས་ངེས་ཆགས་ཡོད་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme